འདིར་བཤད་པར་བྱ་བ་ནི་ཐུགས་དམ་འཕྲེང་བ་དང༌། འཕྲེང་བའི་བྱུང་རབས་སོགས་ཀྱི་སྐོར་ཡིན། འཕྲེང་བ་ཞེས་པ་འདིའང་བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་ཕྱག་གི་མཚན་མ་ཞིག་ཡིན་པར་མ་ཟད། ཤེས་ཡོན་ལོ་ན་ཆེ་ཆུང་དང༌། སེར་སྐྱ་ཕོ་མོ་སོགས་ཀྱི་དབྱེ་འབྱེད་མེད་པར་དགེ་སྦྱོར་བ་ཀུན་གྱིས་ལག་ཏུ་འཆང་བར་འོས་པའི་དངོས་པོ་ཞིག་དང༌། ལྷག་དོན་དུ་ནང་པའི་དགེ་སྤྱོད་པར་མཚོན་བྱེད་ཅིག་ཀྱང་ཡིན། དེས་ན་འཕྲེང་ཐོགས་དགེ་སྤྱོད་པ་རྒན་བྱིས་གཞོན་དར་ཀུན་གྱིས་འཕྲེང་བ་འཆང་བར་བྱེད་པ་ལ་འཕྲེང་བའི་ཡིན་ལུགས་དང༌། ཕན་ཡོན་སོགས་གནད་དོན་རྣལ་མ་ཡང་དག་པ་ཞིག་མཁྱེན་རྟོགས་དགོས་པ་ནི་ཤིན་ཏུ་ནས་གལ་ཆེན་ཡིན་པར་བརྟེན། འདིར་ཁོ་བོས་ཁུངས་ལྡན་གྱི་ལུང་སོགས་ཟུར་དུ་བཀོལ་ཞིང༌། དེར་རང་ནུས་ཀྱིས་འགྲེལ་བཤད་ཅུང་ཟད་བྱས་ནས་འཕྲེང་ཐོགས་དགེ་སྤྱོད་པ་རྣམས་ལ་ཕན་པ་འབྱུང་སྲིད་སྙམ་ནས་འབྲི་བར་འདོད།
སྤྱིར་འཕྲེང་བ་ཞེས་པའི་གོ་དོན་ནི། སྦྲེང་པའམ་གོ་རིམ་སྟེ། བསྟར་དུ་བསྒྲིགས་པའི་དངོས་པོ་སོགས་ལ་གོ་དགོས། དཔེར་ན། ཡི་གེ་ཡི་འཕྲེང་བ་དང༌། མེ་ཏོག་གི་འཕྲེང་བ། རྒྱུ་སྐར་གྱི་འཕྲེང་བ། མུ་ཏིག་གི་འཕྲེང་བ་ཞེས་པ་ལྟ་བུ་ཡིན། སྐབས་འགར་འབྲི་ཚུལ་གཞན་དུ་ཕྲེང་བ་ཞེས་པ་ཡང་འབྲི་སྲོལ་ཡོད། དེས་ན་ཤིང་འབྲས་སམ་དངོས་པོ་རིལ་པོ་བརྒྱ་རྩ་བརྒྱད་འཕྲེང་ཐག་གཅིག་ཏུ་རྒྱུད་པའམ་བརྒྱུས་ཏེ་འཕྲེང་དུ་བསྒྲིགས་པས་ན། འཕྲེང་བ་ཞེས་ཐ་སྙད་བཏགས་ཀྱང་མ་འགྲིག་པ་མེད།
འོན་ཀྱང་འདིར་གཞུང་དོན་དང་བསྟུན་ནས་འཕྲེང་བ་ཞེས་པའི་གོ་དོན་དེ་ཙམ་ལ་འཇོག་རྒྱུ་མིན་པ་ནང་དོན་དང་སྦྱར་ན། གང་ཞིག་ཡུལ་གྱི་རྗེས་སུ་སེམས་སོང་བའམ། ཤོར་བ་དང༌། ཆགས་པ་ལྟ་བུ་ལ་གོ། དཔེར་ན། གྲོགས་པོ་ལ་སེམས་འཕྲེང་བ་དང༌། མ་ཡིས་བུ་ལ་སེམས་འཕྲེང་བ། བྱམས་བརྩེའི་ཕ་མ་དང་བྲལ་ནས་སེམས་འཕྲེང་བའི་སྐྱོ་སྣང་བྱུང་བ་ལྟ་བུའོ། །དེས་ན་རྫས་ཀྱི་འཕྲེང་བ་དག་ལ་བརྟེན་ནས། ད་ལྟ་རང་རེའི་ཐ་མལ་གྱི་སེམས་རིག་འདི་ཉིད་མ་དག་འཁོར་བའི་ཕྱོགས་སུ་མི་འཕྲེང་ཞིང་འཁོར་བར་ལོང་མི་འདོགས་པ་ཡང་དག་ཐར་དང་ཐར་པ་ཆེན་པོ་སྟེ། དེའི་ཐབས་ཀྱི་ལམ་ལ་བློ་སེམས་ཕྱོགས་པའམ་འཕྲེང་བར་བྱ་དགོས་ཏེ། མདོ་ལས། འཁོར་བའི་ཕྱོགས་སུ་མི་འཕྲེང་བར། །དམ་པའི་དོན་ལ་འཕྲེང་བ་ཡི། །ཞེས་གསུངས་པའི་ཕྱིར་རོ། །
འཕྲེང་བ་ཐོག་མར་བྱུང་ཚུལ།
འཕྲེང་བ་ཐོག་མར་ཇི་ལྟར་བྱུང་ཚུལ་གྱི་ལོ་རྒྱུས་ཤིག་གཟི་བརྗིད་དང་གཟེར་མིག་སོགས་ནས་གསལ་བ་ལྟར་ན། བདག་ཅག་གི་སྟོན་པ་གཤེན་རབ་མི་བོ་མཆོག་བྱ་སྤྲེལ་མི་གསུམ་གྱི་དཀའ་སྤྱད་རྣམ་པ་གསུམ་དུ་སྤྱད་ནས་སྐུ་ལུས་ཀྱི་བཀྲག་ཤོར་ཞིང༌། རུས་མགོ་པགས་ཀྱིས་གཡོགས། ལྷུ་ཚིགས་དང་རྩིབ་མ་རྣམས་མི་བླུན་པོས་ཀྱང་བགྲང་དུ་བཏུབ་པ། སྐུ་ལུས་བལ་དཀར་དང༌། ཤིང་བལ་འདབ་མ་ལས་ཀྱང་ཡང་བ། རྩི་མཆོག་ཉག་མའི་ཁ་ལ་བཞེངས་བཞུགས་གནང་ཡང་ཐེག་པ། དེ་ལྟར་ལུས་སེམས་ཕྱི་ནང་ཆ་མཉམ་ནས་མཉམ་ཉིད་ངང་ལ་ལྷམ་མེ་ལྷན་ནེར་བཞུགས་ཏེ། ནུབ་མོ་ཅུང་ཟད་གཟིམས་པ་ན། གུང་ལ་ཟང་ཟིང་འཁོར་དང༌། རྒྱལ་བློན་རྣམས་ལ་ཐུགས་འཕྲེང་ཞིང༌། ཞག་འགར་རྨི་ལམ་རྒྱུ་བ་དང༌། ནང་པར་ཉི་མ་ཤར་དུས་ཐུགས་ཀྱི་དགོངས་པ་ལ། འཇིག་རྟེན་གྱི་འཁོར་དང་ཟང་ཟིང་འདི་དག་རྣམས་རྨི་ལམ་ནང་དུ་རྒྱུ་བ་འདི་ནི་ཀུན་གཞིའི་དཀྱིལ་དུ་རྒྱུ་གནས་པས་རྒྱུ་ལས་འབྲས་བུ་ཕྱིར་སྐྱེ་བར་ངེས་པས། ད་ནི་མ་དག་འཁོར་བའི་ཕྱོགས་སུ་མི་འཕྲེང་བར་ཡང་དག་ངེས་པའི་དོན་ལ་འཕྲེང་བ་སྐྱེད་ཕྱིར། ངེས་པ་དོན་གྱི་འཕྲེང་བ་དེ་རྫས་ཀྱི་འཕྲེང་བ་ལ་བརྟེན་པར་དགོངས་ཏེ། ཧོས་རུ་བསིལ་བ་མེ་ཏོག་གི་གླིང་ལ་བཙུགས་ཏེ། ཕྱག་རྒྱ་ཐལ་མོ་སྦྱར་ནས་སྤྱན་ཟུང་ནམ་མཁའི་དབྱིངས་ལ་གཟིགས་ཤིང༌། ཞལ་ནས་སྙིང་པོ་འདི་ལྟར། འོད་དཔག་མུ་ཟེར་གསལ་འབར་ཡོངས་ཁྱབ་གདལ། ཞེས་ལན་ལྔ་གསུངས་ནས། ཚིག་བཤད་ཚིགས་བཅད་བཞི་གསུངས་པ་འདི་ལྟར། གཟེར་མིག་ལས། འཁོར་བའི་ཕྱོགས་སུ་མི་འཕྲེང་བར། །དམ་པའི་དོན་ལ་འཕྲེང་བ་ཡི། །གྲངས་སུ་བགྲང་བའི་ཡོན་ཏན་རྫས། །ལྗོན་ཤིང་ལོ་འབྲས་སྨིན་པར་ཤོག །ཅེས་ཕྱག་རྒྱ་དང་སྙིང་པོ་སྨོན་ལམ་སོགས་ཀྱི་ནུས་མཐུས་ཞག་གསུམ་ནངས་པར་ཡ་མཚན་ཆེ་བའི་ཤིང་ཞིག་འཁྲུངས་ཏེ། སྡོང་པོ་ནི་རིན་པོ་ཆེའི་གསེར་བཞིན་སེར་པོ་དང༌། སྡོང་པོ་དེ་ཡི་ཡལ་ག་བཞི་པོའི་ཁ་དོག་ཀྱང་ཕྱོགས་བཞིའི་ཁ་དོག་དང་མཚུངས་པར་ཤར་དཀར། བྱང་ལྗང༌། ནུབ་དམར། ལྷོ་སྔོན་པོ། དབུས་ཀྱི་སྡོང་པོ་རིན་ཆེན་གསེར་བཞིན་སེར་ལ་དྭངས་པ་དང༌། གཞན་ལོ་མ་དང་འབྲས་བུ་སོགས་ཀྱི་ཁ་དོག་ཀྱང་གོང་བཞིན་མཚུངས་ཏེ། གཟི་བརྗིད་ལས། སྡོང་པོ་རིན་ཆེན་གསེར་གྱི་སྡོང་པོ་འདྲ། །ཡལ་ག་བཞི་ནི་ཕྱོགས་བཞིའི་ཁ་དོག་ལ། །ཤར་དཀར་བྱང་ལྗང་ནུབ་དམར་ལྷོ་སྔོའོ། །ཞེས་དང༌། དབུས་ནི་རིན་ཆེན་གསེར་བཞིན་སེར་ལ་དྭངས། །ལོ་འབྲས་མེ་ཏོག་ཁ་དོག་སོ་སོར་སྨིན། །ཞེས་སོགས་ཀྱིས་འཕྲེང་བའི་བྱུང་རབས་བསྟན་པའོ། །
འཕྲེང་བའི་དབྱེ་བ།
ང་ཚོ་འཕྲེང་འཛིན་པ་ཕལ་མོ་ཆེས་འཕྲེང་བའི་ཡིན་ལུགས་ཅི་ཡིན་གྱི་རྣམ་པར་འབྱེད་པ་ལྟ་ཞོག ལས་བཞི་དང་བོན་སྒོ་གང་དང་གང་ལ་འཕྲེང་བའི་རིགས་ཅི་དང་ཅི་ཞིག་དགོས་མིན་ཡང་མཁྱེན་ཐུབ་ཀྱི་མེད་པ་དང༌། གཞན་ཡང་ལུང་ལས་མ་གསལ་བའི་འཕྲེང་བ་གཅིག་གིས་བོན་སྒོ་ཡོངས་ལ་ཆོག་པར་བྱེད་བཞིན་ཡོད། དེས་ན་འཕྲེང་བའི་རྣམ་གྲངས་ལ་བཤད་ཚུལ་མི་འདྲ་བ་མང་དག་ཅིག་ཡོད་ཀྱང༌། འདིར་མདོ་རྒྱུད་དང་མཐུན་པ་རྣམས་དམིགས་ཀྱིས་བཀར་ནས་གསལ་སྟོན་བྱས་ཡོད། དེ་ཡང་མདོ་གཟེར་མིག་དང་གཟི་བརྗིད་གཉིས་མཐུན་པར་བོན་སྒོ་བཞི་མཛོད་ལྔ་ལ་འཕྲེང་བ་རིགས་མི་འདྲ་བ་ལྔ་རུ་བཤད་པ་དང༌། གསང་སྔགས་རྫོང་འཕྲེང་སོགས་འགའ་ཞིག་ནས་ཞི་རྒྱས་དབང་དྲག་སྟེ་ལས་བཞིའི་འཕྲེང་བ་བཞི་རུ་གསུངས། དེ་ཡང་ལུང་གོང་མ་གཉིས་ལྟར་བྱས་ན། དཔོན་གསས་མན་ངག་ལུང་གི་བོན་སྒོ་ལ་དུང་གི་འཕྲེང་བ་དང༌། ཆབ་ནག་སྲིད་པ་རྒྱུད་ཀྱི་བོན་སྒོ་ལ་ཤེལ་གྱི་འཕྲེང་བ་དང༌། ཆབ་དཀར་དྲག་པོ་སྔགས་ཀྱི་བོན་སྒོ་ལ་རག་ཤའི་འཕྲེང་བ་དང༌། འཕན་ཡུལ་རྒྱས་པ་འབུམ་གྱི་བོན་སྒོ་ལ་མན་ལུང་གི་འཕྲེང་བ་དང༌། མཐོ་ཐོག་སྤྱི་རྒྱུག་མཛོད་ཀྱི་བོན་སྒོ་ལ་བརྗོད་མེད་བྷོ་ཏི་ཙེའི་འཕྲེང་བ་དགོས་པར་གསུངས། རྗེ་རིན་པོ་ཆེའི་འདུལ་འགྲེལ་ལས་ཀྱང་དེ་དང་མཐུན་པར་གསལ། མན་ངག་རྫོང་འཕྲེང་ལྟར་ན། ཞི་བ་ལ་ཤེལ་དང་ཉ་ཕྱི་མུ་མེན་དུང་རྡོ་ཡི་ཁྱད་པར་དཀར་པོ་རྣམས་དང༌། དེ་བཞིན་རྒྱས་པ་ལ་གསེར་དངུལ་དང༌། བ་སོ་གླང་ཆེན་གྱི་རུས་པ་ལས་བྱུང་བ་རྣམས་དང༌། དབང་ལ་བྱི་རུ་དང༌། ཟངས། ཙན་དན་དམར་པོ་སོགས་དང༌། དྲག་པོ་ལ་རག་ཤའི་ཐོད་པ་ལས་བྱས་པ་རྣམས་དང༌། བྷོ་ཏི་ཙེ་ནི། ཞི་རྒྱས་དབང་དྲག་ལས་བཞིའི་བོན་སྒོ་སྤྱི་ལ་རྒྱུག་པར་གསུངས་སོ། །
འཕྲེང་བར་འཕྲེང་རྡོག་གི་གྲངས་ཇི་ཙམ་དགོས་མིན།
འཕྲེང་རྡོག་གི་གྲངས་བཤད་ཚུལ་ལ་མི་འདྲ་བ་དུ་མ་ཞིག་ཡོད་མོད། འོན་ཀྱང་འདིར་རང་ལུགས་ཀྱི་མདོ་ལུང་ནས་གསལ་བ་ལྟར་བྱས་ན། མདོ་གཟེར་མིག་ནས་སྟོང་དང་རྩ་བརྒྱད་དུ་གསུངས་པ་དང༌། རྣལ་འབྱོར་རོལ་པའི་དགའ་སྟོན་དུ་ལས་བཞིའི་འཕྲེང་བ་ལ་རིགས་མི་འདྲ་བ་ཡོད་པ་བཞིན་འཕྲེང་རྡོག་གི་གྲངས་འདྲེན་ཡང་མི་འདྲ་བར་ཡོད་སྟེ། ཞི་བའི་འཕྲེང་བ་ལ་བརྒྱ་ཕྲག་གཅིག རྒྱས་པ་ལ་བརྒྱ་དང་བརྒྱད། དབང་གི་འཕྲེང་བ་ལ་གྲངས་ལྔ་བཅུ། དྲག་པོའི་འཕྲེང་བ་ལ་གྲངས་བཅུ་རུ་བཤད། འོན་ཀྱང་འདོད་ཚུལ་དེ་དག་ནི་བླ་མ་ཁ་ཅིག་གིས་བཞེད་ཚུལ་བཀོད་པ་ལས། རྣལ་འབྱོར་རོལ་པའི་དགའ་སྟོན་རང་གི་འདོད་པར་སྔགས་ཀྱི་གྲངས་བསྒྲང་པར་ཡིན་གྱིས་བརྒྱ་དང་རྩ་བརྒྱད་དགོས་ཞེས་གསུངས།
གསང་སྔགས་གནད་ཀྱི་རྫོང་འཕྲེང་ལས། འཕྲེང་ཐག་གཞོན་ལམ་ལ་ནི་གཡུང་དྲུང་སེམས་དཔའ་བརྒྱ་རྩ་བརྒྱད། རིགས་རྟགས་རྣམས་ལ་བརྒྱ་དང་རྩ་བརྒྱད་དུ་འཕྲེང་རྡོག་རྣམས་ཀྱང་དེ་བཞིན་སྒོམ། ཞེས་གསུངས་པ་ལ་བརྟགས་ན་འཕྲེང་རྡོག་གི་གྲངས་བརྒྱ་དང་བརྒྱད་དགོས་པར་བསྟན་པར་མ་ཟད། འདུལ་ཆོག་ལས་ཀྱང༌། གཡས་པས་དུང་འཕྲེང་རྩ་བརྒྱད་བསྣམས། །ཞེས་གསུངས་པས། མདོར་ན་འཕྲེང་རྡོག་གི་གྲངས་བརྒྱ་དང་རྩ་བརྒྱད་དམ་བརྒྱ་དང་བརྒྱད་དགོས་པར་སེམས་སོ། །
འཕྲེང་ཐག་གམ་འཕྲེང་རྒྱུད་ཀྱི་སྐོར།
དེ་ཡང་མདོ་གཟེར་མིག་དང་གཟི་བརྗིད་མཐུན་པར། སྟོན་པའི་ཐུགས་རྗེའི་བྱིན་རླབས་ཀྱིས། །ཤིང་གི་འབྲས་བུ་རིགས་ལྔ་བཏུས། །ཤིང་ཤུན་ཐག་པ་རིགས་ལྔ་བཀལ། །པད་ཤུན་འཕྲེང་ཐག་དཀར་པོ་ལ། །ཤར་ཕྱོགས་དཀར་པོ་དུང་གི་འཕྲེང་བ་རྒྱུས། །པད་ཤུན་འཕྲེང་ཐག་ལྗང་ཁུ་ལ། །བྱང་ཕྱོགས་ལྗང་ཁུ་ཤེལ་གྱི་འཕྲེང་བ་རྒྱུས། །པད་ཤུན་འཕྲེང་ཐག་དམར་པོ་ལ། །ནུབ་ཕྱོགས་དམར་པོ་རག་ཤའི་འཕྲེང་བ་རྒྱུས། །པད་ཤུན་འཕྲེང་ཐག་སྔོན་པོ་ལ། །ལྷོ་ཕྱོགས་སྔོན་པོ་མན་ལུང་འཕྲེང་བ་རྒྱུས། །པད་ཤུན་འཕྲེང་ཐག་སེར་པོ་ལ། དབུས་ཕྱོགས་སེར་པོ་བྷོ་ཏི་ཙེ་ཡི་འཕྲེང་བ་རྒྱུས།བྱབྱ །ཞེས་གོང་དུ་བཤད་པའི་འཕྲེང་བར་རིགས་མི་འདྲ་བ་ལྔ་ཡི་ཁ་དོག་དང་མཚུངས་པར་འཕྲེང་ཐག་གི་ཁ་དོག་ཀྱང་མི་འདྲ་བ་རེ་ཡོད་པར་བསྟན། འོན་ཀྱང་གསང་སྔགས་རྫོང་འཕྲེང་དང༌། རིན་ཆེན་འཕྲེང་བ། རིན་ཆེན་གའུ་སོགས་ནས་ཞི་བའི་འཕྲེང་ཐག་ལ་དར་རས་ཀྱི་སྐུད་པ་དཀར་པོ་སུམ་བསྒྲིལ་དང༌། དེ་བཞིན་རྒྱས་པ་ལ་སེར་པོ་བཞི་བསྒྲིལ། དབང་ལ་དམར་པོ་ཉིས་བསྒྲིལ། དྲག་པོ་ལ་སྔོན་པོ་དགུ་བསྒྲིལ་དང༌། དེ་བཞིན་རྒྱུན་བུ་ལ་བྱས་ཚེ། ཞི་བ་ལ་གླང་རྒྱུན། རྒྱས་པ་ལ་ར་ཁམ་པའི་རྒྱུན་དང༌། དབང་ལ་བ་དམར་པོའི་རྒྱུན། དྲག་པོ་ལ་ཞིང་ཆེན་ཅེས་པ་བསྒྲལ་བའི་ཞིང་བཅུར་བསྒྲལ་བའི་མི་ཡི་པགས་པ་དང༌། རས་དམར་བཅས་ལ་བྱ་དགོས་གསུངས། འདུལ་བ་རྒྱུད་དྲུག་ནས། འཕྲེང་ཐག་དར་རམ་བལ་དཀར་གྱི་ཐག་པས་རྒྱུས་པར་གསུངས་པ་དེ་ནི་འདུལ་བ་པའམ་ལས་བཞི་ནས་ཞི་བའི་འཕྲེང་ཐག་ལ་གསུངས་པར་སེམས།
འཕྲེང་བའི་བླང་དོར།
འཕྲེང་བ་ཞེས་པ་འདི་ཡང་སྤྱིར་ཐར་ལམ་བསྒྲུབ་ཐབས་ཀྱི་ཆ་རྐྱེན་ཞིག་ཡིན་པར་མ་ཟད། གསང་སྔགས་ཐེག་པ་ཆེན་པོའི་རྣལ་འབྱོར་པ་རྣམས་ཀྱིས་བསྟེན་པར་བྱ་བའི་རྫས་མཆོག་ཅིག་ཀྱང་ཡིན། དེས་ན་ངེས་པར་འཕྲེང་བའི་སྤང་བླང་ཚུལ་བཞིན་ཤེས་པའི་སྒོ་ནས་འཕྲེང་བ་འཆང་དགོས་པ་ལས། རང་སོར་རྒྱ་ཡན་དུ་བཞག་ན་ག་ལ་འགྲིག དེ་ཡང་རྫོང་འཕྲེང་ནས། སྤང་པ་དྲུག་དང༌། ལེན་པ་དྲུག ཅེས་གསུངས་ཀྱང༌། མདོར་ན་རྭ་ཡི་འཕྲེང་བ་དང༌། བ་སོ་མིན་པའི་རུས་པའི་འཕྲེང་བ་དང༌། ཤེལ་རྡོ་མིན་པའི་རྡོ་ཡི་འཕྲེང་བ་དང༌། འབྲས་བུ་མེད་པའི་ཤིང་གི་འཕྲེང་བ་རྣམས་སྤང་བྱའི་རིགས་དང༌། དེ་དང་མཐུན་པར་ལྷ་གཉེན་ཤེལ་སྒོང་ལས། ཐོད་པ་ལ་སོགས་རྒྱུ་ཆེན་དང༌། བ་སོ་མིན་པའི་གཞན་རྭ་དང༌། རུས་པ། འབྲས་བུ་མེད་པའི་ཤིང་སོགས་སྤང་དགོས་པར་གསུངས་སོ། །
བླང་བར་བྱ་བ་ནི་གོང་གི་ལུང་རྫོང་འཕྲེང་ལས། འབྲས་བུ་དྲུག་དང་ཚེར་ནག་དྲག་པོའི་ཤིང༌། །དབང་དང་འབྲས་བུ་ལྡན་པ་གསུམ། །ཞེས་དང༌། ལྷ་གཉེན་ཤེལ་སྒོང་ལས། བླང་བྱ་ལས་བཞིའི་འཕྲེང་བ་ཤུགས་ལས་གོ་ཞིང༌། བྷོ་ཏི་ཙེ་ནི་ལས་བཞི་གང་ལའང་མཆོག་ཏུ་བསྔགས་པའོ། །ཞེས་གསུངས་སོ། །ཁྱད་པར་དུ་ཕྱྭ་ཀེང་ཙེ་བསྒྲུབ་པར་ངེས་པར་དུ་ཤེལ་གྱི་འཕྲེང་བ་དགོས་ཏེ། ཕྱྭ་སྲས་དཔའ་བོའི་གཟུངས་བསྟོད་ལས། འོད་ཞུ་ཀེང་ཙེ་ཕྱྭ་ཡི་སྐུ། །དཀར་གསལ་ཞལ་གཅིག་ཕྱག་གཉིས་པ། །གཡས་པས་གསེར་གྱི་ཕྱག་ཤིང་ལ། །གཡོན་པས་རིན་ཆེན་ཤེལ་འཕྲེང་བསྣམས། །ཞེས་དང༌། ཐུགས་དམ་ཤེལ་འཕྲེང་ལ་བསྟེན་པའི་ཏིང་ངེ་འཛིན་དངོས་སུ་གྲུབ་སྟེ། ཨ་དཀར་དྲག་པོའི་ཡི་གེ་ཁུམས་པར་གྱུར་ཅིག ཅེས་གསུངས་པའི་ཕྱིར།
འཕྲེང་བའི་མདོ་འཛིན།
འཕྲེང་བའི་སྐབས་མདོ་འཛིན་ནམ་མདུད་འཛིན་ཞེས་པ་དེ་ནི། འཕྲེང་ཐག་གི་སྐུད་སྣེ་གཉིས་ལྷན་ཅིག་ཏུ་འཛོམས་སར་ཡོད་པའི་འཕྲེང་རྡོག་ཆེ་བ་ཞིག་དང༌། དེའི་སྟེང་དུ་བུམ་པའི་དབྱིབས་གཟུགས་འདྲ་བའི་དངོས་པོ་དེ་ལ་ཟེར། སྤྱིར་མདོ་ཞེས་པ་ཆུ་དང་ལམ་སོགས་ཀྱི་འཛོམས་འགག་སོགས་ལ་བརྗོད་དེ། དཔེར་ན་ལམ་སུམ་མདོ། ཆུ་སུམ་མདོ། བྲག་སུམ་མདོ་ལྟ་བུ་སྟེ། འདིར་ཡང་འཕྲེང་ཐག་གི་སྣེ་གཉིས་ལྷན་ཅིག་ཏུ་འཛོམས་སའི་མདོ་ཡིན་པ་དང༌། འཕྲེང་རྡོག་རྣམས་མི་འཐོར་ཞིང་མདུད་པ་དམ་དུ་འཛིན་པའི་རྒྱུ་མཚན་གྱིས་མདོ་འཛིན་ནམ་མདུད་འཛིན་ཞེས་དེ་ལྟར་ཐ་སྙད་བཏགས་སམ་སྙམ།
དེ་ལ་སྤང་བླང་གི་རྣམ་བཞག་ཀྱང་རྫོང་འཕྲེང་ལས། རྡོ་རྗེ་མཆོད་རྟེན་རི་རབ་མདོ་འཛིན་སྤང༌། །ཞེས་རྡོ་རྗེའི་གཟུགས་དང༌། མཆོད་རྟེན་གྱི་གཟུགས། རི་རབ་ཀྱི་གཟུགས་ལ་སོགས་ལུང་དང་མི་མཐུན་པའི་མཛེས་ཕྱིར་གྱི་མདོ་འཛིན་རྣམས་སྤང་དགོས་པར་གསུངས། དེ་ལྟར་ན་བླང་བར་བྱ་བ་ཇི་ལྟར་དགོས་སྙམ་ན། རིན་ཆེན་གའུ་ལས། མདོ་འཛིན་གཉིས་རྩེགས་བོན་སྐུ་དང༌། །ངོ་བོ་ཉིད་ཀྱི་སྐུ་རུ་མཚོན། །ཞེས་པས། མདོ་འཛིན་འོག་མ་ནི་ཟླུམ་པོ་ཡེ་ཤེས་རང་བཞིན་གྱི་དྲི་མས་རྣམ་པར་དག་པའི་བོན་སྐུ་དང༌། དེ་སྟེང་བུམ་པ་ནི་གློ་བུར་བའི་དྲི་མས་དག་པའི་ངོ་བོ་ཉིད་ཀྱི་སྐུ་རུ་མཚོན་པར་བྱེད་པའི་བརྡ་རུ་བསྟན་པའོ། །དེ་ཡང་གཟི་བརྗིད་ལས། མདོ་འཛིན་ཡེ་ཤེས་ལྷ་དང་སྦྱར། །གཤེན་ལྷ་འོད་དཀར་ཡི་དམ་ལྷ། །ཞེས་དང༌། འདུལ་བ་རྒྱུད་དྲུག་ལས། མདོ་སྲུང་གཤེན་ལྷ་ཡབ་དང་སྦྱར། །ཞེས་དང༌། གཞན་ཡང་རྫོང་འཕྲེང་ལས། མདོ་འཛིན་རྩ་བའི་བླ་མར་སྒོམས། །ཞེས་མདོ་འཛིན་གྱི་ངོ་བོའི་རང་བཞིན་ཇི་ལྟ་བུར་དགོས་པ་གསལ་པོར་བསྟན་པ་ལྟར་རོ། །
བཅུ་འཛབ།
བཅུ་འཛབ་ཅེས་པའི་གོ་དོན་ནི། བཅུ་ནི་གྲངས་ཀྱི་བཅུ་དང༌། འཛབ་ནི་སྔགས་ལ་གོ་དགོས། འོན་ཀྱང་ཁ་ཅིག་གིས། འཛབ་ཅེས་པ་ནི་ལེགས་སྦྱར་གྱི་སྐད་ཛཱཔཱ༔ལས་ཟུར་ཆག་པར་བཤད་མོད། ཛཱཔཱ༔ཞེས་པ་ནི་ལེགས་སྦྱར་གྱི་སྐད་དུ་བཟླས་པ་ལ་འཇུག་པས། དེས་ན་བཤད་ཚུལ་དེ་རིགས་ནི་རྟག་ཏུ་བོད་ཀྱི་བརྡ་དག་མཁན་པོ་ཕལ་ཆེར་གྱིས་ལེགས་སྦྱར་གྱི་སྐད་དང་འདྲ་ཆེ་བ་རྣམས་ལེགས་སྦྱར་གྱི་སྐད་ལས་བྱུང་ཚུལ་དང༌། དེ་བཞིན་སཾསྐྲྀཏའི་སྐད་དང་མཐུན་ཆེ་ན། སྐད་དེ་དག་ནི་དེ་ལས་མཆེད་ཚུལ་གྱི་བཤད་ཡམས་ངན་པའི་རྒྱུན་སྲོལ་ཞིག་ལས། དེ་མིན་རྒྱུ་མཚན་གང་ཡང་མེད་པར་སེམས།
འདིར་འཛབ་ཅེས་པ་བཟླ་རྒྱུའི་སྔགས་ལ་གོ་དགོས་པ་ནི། རྒྱུད་སྡེ་མང་པོར་བྱབྱའཛབ་བཟླས་བྱབྱཞེས་པ་དང༌། སྔགས་བགྲངས་བཟླས་ཟིན་རྗེས་ཐུན་གྱི་མཇུག་ཏུ་སྔགས་སམ་འཛབ་ཀྱི་བསྟོད་པ་ལ་དཔྱད་པས་ཀྱང་ཤེས་ཐུབ། བཅུ་འཛབ་ཀྱི་དགོས་པ་ནི་སྔགས་བརྒྱ་སྟོང་མང་པོའི་གྲངས་བསོག་སྐབས། སྔགས་ཀྱི་གྲངས་འདྲེན་མི་ནོར་བའི་ཆེད་དུ་དང༌། དེ་ཡང་གསེར་དངུལ་སོགས་ལས་བྱས་པའི་ཨ་ལོང་བཅུ་ཚོ་དེ་འདྲ་ལ་བཅུ་འཛབ་ཅེས་བརྗོད་ན་འབྲེལ་ཆགས་པར་མཐོང༌། བཅུ་འཛབ་ཀྱི་ངོ་བོ་ཇི་ལྟར་བསམ་དགོས་ན། དེ་ཡང་རིན་ཆེན་གའུ་ལས། བཅུ་འཛབ་ལས་བྱེད་ཕོ་ཉ་ལ། །ཞེས་གསུངས་པ་ལྟར་རོ། །
འཕྲེང་བའི་རང་བཞིན་གང་ཞིག་བསམ་དགོས་པ།
འཕྲེང་བའི་རང་བཞིན་ཅི་ཡིན་མི་ཤེས་བཞིན་དུ་འཕྲེང་བ་འཆང་བ་ནི་འཇིག་རྟེན་པའི་ལུས་ཀྱི་རྒྱན་ཆ་དང་ཁྱད་པར་ཅི་ལ་ཡོད། དེ་ཡང་འདུལ་བ་རྒྱུད་དྲུག་ལས། རྒྱུད་ཐག་དབྱིངས་ཀྱི་ཡུམ་དང་སྦྱར། །མདོ་སྲུང་གཤེན་ལྷ་ཡབ་དང་སྦྱར། །འཕྲེང་བ་སངས་པོ་ཐབས་དང་སྦྱར། །ཞེས་དང༌། རིན་ཆེན་གའུ་ལས། འཕྲེང་ཐག་ཐུགས་རྗེའི་ཉག་ཐག་ལ། །འཕྲེང་བ་རང་གཞུང་ལྷ་ཡི་ཚོགས། །བཅུ་འཛབ་ལས་བྱེད་ཕོ་ཉ་ལ། །མདོ་འཛིན་གཉིས་རྩེགས་བོན་སྐུ་དང༌། །ངོ་བོ་ཉིད་ཀྱི་སྐུ་རུ་མཚོན། །ཞེས་གསུངས་པར་མ་ཟད། མདོ་ལས། འཕྲེང་ཐག་དབྱིངས་ཀྱི་ཡུམ་དང་སྦྱར། །ས་ཏྲིག་ཨེར་སངས་ཡི་དམ་ལྷ། །མདོ་འཛིན་ཡེ་ཤེས་ལྷ་དང་སྦྱར། །སངས་པོ་འབུམ་ཁྲི་ཡི་དམ་ལྷ། །འཛུབ་མོ་ཤེས་རབ་ཕུལ་དང་སྦྱར། །སྟོན་པ་གཤེན་རབ་འདྲེན་པའི་དཔོན། །ཞེས་གསུངས། མདོར་ན། འཕྲེང་བ་ནི་མདོ་ནས་འཕྲེང་བ་སྟོང་དང་རྩ་བརྒྱད་ལ། བདེར་གཤེགས་སྟོང་དང་རྩ་བརྒྱད་དང༌། རྫོང་འཕྲེང་སོགས་ནས་ཞི་ལྷ་སོ་སོའི་ལྷ་ཚོགས་སུ་སྒོམ་ཚུལ་སོགས་ཡོད་པས། དེས་ན་འཕྲེང་བ་ཚུལ་འཆོས་དང་ལུས་ཀྱི་རྒྱན་ཆ་སྟེ། མཛེས་ཕྱིར་སོགས་ཀྱི་ཆེད་དུ་མིན་པ་ལུང་ལས་གསལ་བ་བཞིན། བདེར་གཤེགས་ཞི་ཁྲོའི་ལྷ་ཚོགས་བཅས་ཚང་བའི་དོན་གྱིས་འཕྲེང་བའི་རང་བཞིན་དེ་ལྟར་དུ་མོས་ཤིང་ཕྱག་དང་མཆོད་པའི་ཡུལ་དུ་རིག་པར་བྱ་དགོས་སོ།།
འཕྲེང་བར་རབ་ཏུ་གནས་ཚུལ།
འཕྲེང་བ་ལ་རབ་གནས་སམ་བྱིན་རླབས་འཇུག་ཚུལ་མདོ་ལུང་ནས་གསལ་བ་ལྟར། འདུལ་བ་རྒྱུད་དྲུག་ལས། རབ་ཏུ་གནས་པ་ལན་གསུམ་བྱ། །ཞེས་དང༌། གསང་སྔགས་རྫོང་འཕྲེང་ལས། ཐབས་ལམ་སོ་མའི་འཕྲེང་བ་དེ། །ཁྲུས་ནས་ཕྱུང་ཞིང་བརྒྱ་རྩ་ཚང༌། །དྲི་བཟང་ཆུས་བྱུག་གཙང་དག་ལྡན་པར་བྱ། །ཞེས་པས་འཕྲོད་སྦྱོར་ལ་སོགས་དུས་ཚེས་བཟང་པོའི་ཉིན། རས་སམ་ཕྱིང་པ་སོགས་གདན་དཀར་པོའི་སྟེང་དུ་འབྲུ་རིགས་སྣ་ཚོགས་སྤུངས་ཤིང༌། དེའི་སྟེང་ལུང་དང་མཐུན་པའི་འཕྲེང་བ་དེ་ཉིད་དྲི་ཞིམ་གྱི་སྤོས་བསང་དང་གུར་གུམ་ལ་སོགས་དྲི་བཟང་པོ་ལས་སྦྱར་བའི་ཁྲུས་ཀྱིས་བཀྲུས་ཏེ་བཞག དེ་ནས་རྫོང་འཕྲེང་ལས་གསུངས་པ་བཞིན་རྣམ་ལྔ་ལ་སོགས་དཀར་མངར་གྱི་མཆོད་སྤྲིན་འབྱོར་ཚོགས་མང་དུ་བཤམས་ལ། རང་ཉིད་ཡི་དམ་དུ་སྒོམ་སྟེ། མཚམས་བཅད་ཅིང༌། བགེགས་སྤྲད་བྱ། གོང་དུ་བཤད་པ་བཞིན་འཕྲེང་རྡོག་རྣམས་གཡུང་དྲུང་སེམས་དཔའ་བརྒྱ་རྩ་བརྒྱད་དུ་སྒོམ་ལ། དེ་ལས་འོད་ཟེར་འབུམ་ཕྲག་འཕྲོས་ཤིང་གཡུང་དྲུང་སེམས་དཔའི་ཐུགས་རྗེ་དང་བྱིན་རླབས་ནུས་པ་རྣམས་བསྡུས་ནས་འཕྲེང་བ་དག་ལ་ཐིམ་པར་བསམ་པའི་ངང་ནས། འཕྲེང་བར་རབ་གནས་ཀྱི་སྙིང་པོ། ཨོའྃ་ཙང་རི་ཐོ་ཡེ་པུ་ཙམ་ཧ་ར་ཁི་ཁར་ཞི་བྲུྃ་འདུ། གང་མང་དང༌། དེ་ནས་ཞི་ཁྲོའི་ལྷ་ཚོགས་ཀྱི་སྙིང་པོ་བརྒྱ་རྩ་བརྒྱད་རེ་དང༌། ཨ་ལི་ཀ་ལི་རང་རང་གི་ཡི་དམ་གྱི་སྙིང་པོ་དང་དེ་རྗེས་རྟེན་འབྲེལ་གྱི་སྙིང་པོ་ལ་སོགས་མཐར་ཤིས་བརྗོད་ཀྱིས་རབ་ཏུ་གནས་པར་བྱས་ན་ཕན་ཡོན་བསམ་གྱིས་མི་ཁྱབ་པ་ཡོད་དེ། རྫོང་འཕྲེང་ལས། དེ་ལྟར་འཕྲེང་བ་རབ་ཏུ་གནས། །བསྙེན་པ་དྲང་ཞིང་ལག་ཏུ་ཐོགས། །བྱས་ན་བསྙེན་པ་བརྒྱ་འབུམ་འགྱུར། །བཟླས་པ་གང་བཟླས་ཆུད་མི་བཟའ། །ངག་ལ་ནུས་པ་མེ་བཞིན་འབར། །སྒྲིབ་དང་ཉམས་པ་འབྱུང་མི་སྲིད། །ཅེས་གསུངས་པ་ལྟར་རོ། །
འཕྲེང་བ་འདྲེན་ཚུལ་གྱི་སྐོར།
དེ་ཡང་གོང་དུ་ལུང་ནས་གསལ་བ་བཞིན་འཕྲེང་བའི་རང་བཞིན་ཚུལ་བཞིན་བསམ་ནས་སྨྲ་བ་བཅད་ཅིང་འདྲེན་དགོས། དེ་མིན་ཆགས་སྡང་རྨོངས་གསུམ་གྱིས་ཀུན་ནས་བསླང༌། ངག་ནས་མ་དག་འཁོར་བའི་གཏམ་བཤད་དེ། འཕྲེང་བ་ཟད་ཟད་བགྲངས་ཀྱང་ཕན་ཡོན་ཅི་ཡང་འཐོབ་པར་མི་འགྱུར་བ་གོང་དུ་བཤད་པའི་ཤུགས་ལས་ཤེས་པར་སླ། འཕྲེང་བ་བགྲང་ཚུལ་ལའང་མི་འདྲ་བ་འགའ་ཞིག་མཆིས་ཏེ། མཁའ་འགྲོའི་རྒྱུད་ལྟར་ན། ཞི་བའི་ལས་ནི་མཛུབ་མོར་བཞག རྒྱས་པ་ལ་གུང་མོ་དང༌། དབང་ལ་སྲིན་ལག དྲག་པོ་ལ་མཐེའུ་ཆུང་གིས་འདྲེན་དགོས་པར་གསུངས། རྣལ་འབྱོར་རོལ་པའི་དགའ་སྟོན་ལས། སྟོང་པ་ཉིད་དང་དབྱེར་མེད་པའི་ལྷ་ཕོ་རྒྱུད་རྣམས་ལ་ལག་པ་གཡས་པས་དང༌། མོ་རྒྱུད་རྣམས་ལ་ལག་གཡོན་གྱིས་བགྲངས། ཞེས་དང༌། བཟློག་སྔགས་བསད་སྔགས་བགྲང་བའི་དུས་སུ་འཕྲེང་བ་ལག་གཡོན་གྱིས་བཟུང་ནས། གཡས་ཀྱི་མཐེ་བོང་དང༌། མཐེའུ་ཆུང་གཉིས་ཀྱིས་ཕར་ལ་བཅད་ནས་བགྲང་བ་ཡིན་ནོ། །ཞེས་གསུངས། ལྷ་གཉེན་ཤེལ་སྒོང་ནས་ཀྱང༌། ལས་བཞི་རང་རང་མཛུབ་མོ་གུང་སྲིན་མཐེའུ་ཆུང་གང་བབས་ཀྱི་སྟེང་དུ་བཞག་ལ་མཐེ་བོང་གིས་ཚུར་ལ་བགྲང་བ་སྟེ། མཐེ་བོང་ལྕགས་ཀྱུས་ལྷ་རྣམས་འགུག་ཅེས་བཤད་དོ། །བཟློག་བསད་ལ་ལག་པ་གཡོན་པས་བཟུང༌། གཡས་ཀྱིས་མཐེ་བོང་མཐེའུ་ཆུང་གཉིས་ཀྱིས་ཕར་ལ་བགྲང་བར་བཤད་དོ། །ཞེས་གསུངས། འོན་ཀྱང་འདུལ་བ་རྒྱུད་དྲུག་དང༌། མདོ་གཟེར་མིག གཟི་བརྗིད་སོགས་སུ་ལག་གཡོན་གྱིས་བགྲང་བར་བཤད་པ་ཙམ་ལས་གཞན་གསལ་ཁ་མ་ཐོན། དེ་ཡང་འདུལ་བ་རྒྱུད་དྲུག་ལས། སྙིང་པོ་བགྲང་འདྲེན་གཡོན་པས་བགྲང༌། །ཞེས་དང༌། གཟེར་མིག་ལས། གཡོན་པའི་ཕྱག་སོར་ལྔ་ལ་བཀལ། །མཐེ་བོང་ཐབས་ཀྱི་མཆོག་དང་སྦྱར། །མཛུབ་མོ་ཤེས་རབ་ཕུལ་དང་སྦྱར། །གུང་མོ་གང་བགྲང་རིག་པ་ཉིད། །ཐབས་དང་ཤེས་རབ་འབྲེལ་བའི་བར། །རིག་པའི་ཡེ་ཤེས་བརྟེན་པ་ཡིས། །གསུམ་གྱི་སྦུབས་སུ་དྲང་ཞིང་བགྲང༌། །ཞེས་གསུངས་པ་ལྟར་ལག་གཡོན་གྱི་མཐེ་བོང་གིས་ཚུར་ནང་ལ་བགྲང་ཚེ་འཕྲེང་བ་ཉིད་སྐོར་བ་བོན་སྐོར་གྱི་ཚུལ་དུ་འཁོར་བར་བརྟེན། གཡོན་པས་འདྲེན་དགོས་པ་ནི་ལུང་དང་མཐུན་ཞིང་དོན་དང་ལྡན་པར་སེམས། འོན་ཀྱང༌། དཔྱོད་ལྡན་རྣམས་ཀྱིས་བརྟག་པར་བྱའོ། །
འཕྲེང་བའི་དམ་ཚིག
འཕྲེང་བའི་རང་བཞིན་ཚུལ་བཞིན་ཤེས་པའི་སྒོ་ནས་དམ་ཚིག་ལ་གནས་དགོས་པ་ནི། ཤིན་ཏུ་ནས་གལ་ཆེན་པོར་ཤེས་དགོས་ཏེ། བསྙེན་ཡིག་ལས། འཕྲེང་བ་དེ་ཉིད་མ་ཤེས་ན། །བུད་མེད་རྒན་མོའི་དོ་ཤལ་འདྲ། །ཞེས་པས་བསྟན་པ་ལྟར། སྤྱིར་གོང་དུ་བཤད་པའི་འཕྲེང་བའི་རང་བཞིན་དང་འཕྲེང་བར་རབ་ཏུ་གནས་ཚུལ་སོགས་ཀྱིས་ཤུགས་ལས་འཕྲེང་བའི་དམ་ཚིག་ཇི་ལྟར་བསྲུང་དགོས་མིན་རྟོགས་ནུས་ཀྱང༌། ལུང་ནས་བྱུང་བ་ལྟར་འདིར་འཕྲེང་བའི་དམ་ཚིག་སྐོར་ཅུང་ཟད་བརྗོད་ན། རྫོང་འཕྲེང་ལས། དམ་ཚིག་འགོམ་ཡུག་སྨེ་བ་དང༌། །བསྙེན་པའི་དུས་སུ་མི་ལག་མི་འགྲིམས་པ། །ཞེས་གསུངས་པ་བཞིན། སྙིང་པོ་བཟླ་དུས་འཕྲེང་བ་གཞན་ལ་མི་སྟོན་པ་དང༌། གཞན་གྱི་ལག་ཏུ་མི་འགྲིམས་པ། ལག་དལ་བས་མི་འདྲེན་པར་ལུས་ལ་བཅང་བ་དང༌། ས་རྗེན་ལ་མི་འཇོག་པ། འཕྲེང་རྡོག་རིགས་མི་གཅིག་པར་མི་བསྲེ་བ། མཛེས་ཕྱིར་གྱི་རྒྱན་དང་མི་སྤྲས། མི་སྡིག་ཅན་གྱི་ལག་ནས་བྱུང་བའི་འཕྲེང་བ་དང་རབ་གནས་མེད་པའི་འཕྲེང་བ་མི་འཆང༌། གཞན་གྱི་བགྲང་བརྩི་སྐབས། དཔུང་བཤར་བ་ལྟར་མི་བྱ། ཚུལ་འཆོས་ཀྱི་ལག་ཏུ་མི་འདྲེན། གཞན་ཡང་སྐེ་རགས་སོགས་ལ་གཟེར་བའམ་མི་འཆང༌། ཟས་གོས་སོགས་ཀྱི་འོག་ཏུ་མི་འཇོག ཕར་ཚུར་འཕེན་པ་སོགས་རྩེད་ཆས་སུ་བྱ་རུ་མི་རུང་བའོ། །དེ་ཡང་འདུལ་བ་རྒྱུད་དྲུག་ལས། སྤྱོད་ལམ་དུས་སུ་གཡས་ལ་བཞག །ཉལ་དུས་ཕུད་ལ་བཞག་ཀྱང་རུང༌། །ཞེས་གསང་སྤྱོད་སོགས་ལ་བསྐྱོད་སྐབས་མཉམ་ཁྱེར་མི་རུང་བ་དང༌། དེ་མིན་སྤྱོད་ལམ་གཞན་གྱི་སྐབས་སུའང༌། རང་ལས་མཐོ་བའམ་གཡས་ཕྱོགས་ལ་འཇོག་དགོས་པ་དང༌། ཉལ་དུས་ཕུད་ཅིང་དབེན་པའི་གནས་སམ་གཙང་སར་འཇོག་དགོས་པར་གསུངས་སོ།། །།
མཛད་པ་པོ་སྨན་རིའི་དཔོན་སློབ་འཕྲིན་ལས་ཉི་མ་རིན་པོ་ཆེ།