༄།།རི་བོ་དགེ་ལྡན་པས་མདོ་སྔགས་ཀྱི་འོད་གསལ་དོན་དམ་བདེན་པ་
བཞེད་མི་བཞེད་ཀྱི་བཟུང་མཚམས་བཞུགས་སོ། །
རྩོམ་པ་པོ། ལྷ་རམས་པ་ངག་གི་དབང་ཕྱུག །
དེ་ཡང་མདོ་སྔགས་གཉིས་ཀའི་གཞུང་མང་པོར་འོད་གསལ་ལ་སྟོང་ཉིད་དམ་དོན་དམ་པའི་བདེན་པ་ཞེས་ཚིག་ཟུར་ལ་ཡོད་ཀྱང་། སྔ་རབས་པ་རྣམས་ནི་ཡེ་ཤེས་ལ་དོན་དམ་སྤྲོས་བྲལ་དངོས་བཞེད་ཅིང་། རི་བོ་དགེ་ལྡན་པས་ནི་ཡུལ་གྱི་མིང་ཡུལ་ཅན་ལ་བཏགས་པར་བཞེད་དོ། །
དེ་ཡང་ཤེར་མདོ་ལས་སྟོང་གཞི་ཤེས་པ་ཕྲ་རགས་གཅིག་པོ་ལ་མི་འཇོག་པར། གཟུགས་ནས་རྣམ་མཁྱེན་བར་གྱི་ཆོས་ཐམས་ཅད་བདེན་པས་སྟོང་པས་ན་འོད་གསལ་བར་གསུངས། དཔེར་ན། ཡུམ་གྱི་མདོ་ལས། གཟུགས་ལ་གཟུགས་མ་མཆིས་ཏེ། གཟུགས་ཀྱི་རང་བཞིན་འོད་གསལ་བའི་ཕྱིར། ཅེས་པ་ནས་རྣམ་མཁྱེན་གྱི་བར་དུ་དེ་ལྟར་གསུངས་སོ། །
དེས་ན་བདེན་གྲུབ་ཀྱིས་སྟོང་བས་ན་འོད་གསལ་བ་ཡིན་གསུངས་པས་གསལ་རིག་ལ་ནོར་བར་མི་བྱའོ། ། དམ་ཆོས་པདྨ་དཀར་པོ་དང་རྒྱུད་བླ་མ་སོགས་མདོ་དང་བསྟན་བཅོས་འགའ་ཞིག་ལས། སེམས་ཅན་གྱི་སེམས་ཉིད་སྟོང་གཞིར་བཟུང་ནས་སེམས་ཅན་གྱི་དྲི་ཅན་སེམས་ཀྱི་ཆོས་ཉིད་རང་བཞིན་གྱིས་གྲུབ་པ་བཀག་ཙམ་མམ་རྣམ་པར་བཅད་ཙམ་གྱི་མེད་དགག་དེ་རང་བཞིན་གནས་རིགས་གསུངས་པ་ཡིན་གྱི། འདུས་བྱས་སུ་གྱུར་པའི་སེམས་ཕྲ་མོ་ཙམ་ལ་རང་བཞིན་གནས་རིགས་མཚན་ཉིད་པ་བཞག་ན་མུ་སྟེགས་དང་མཚུངས་པ་དགེ་ལྡན་པས་རྒྱུད་བླ་མ་འགྲེལ་ལུགས་སོ། ། དེ་ལྟར་ཡང་། ཉེས་པ་གློ་བུར་དང་ལྡན་དང༌། །ཡོན་ཏན་རང་བཞིན་ཉིད་ལྡན་ཕྱིར། །ཇི་ལྟར་སྔར་བཞིན་ཕྱིས་དེ་བཞིན། །འགྱུར་བ་མེད་པའི་ཆོས་ཉིད་དོ། ། ཞེས་པའི་ཐད་ཀྱི་རྒྱུད་བླ་དར་ཊཱིཀ་ལས།
ཇི་ལྟར་སྔར་སོ་སོ་སྐྱེ་བོའི་སེམས་རང་བཞིན་གྱིས་སྟོང་པ་བཞིན་དུ་ཕྱིས་ཉན་རང་འཕགས་པ་དང་བྱང་ཆུབ་སེམས་དཔའ་འཕགས་པའི་གནས་སྐབས་དང༌། ཤིན་ཏུ་རྣམ་དག་གི་གནས་སྐབས་ན་ཡང་དེ་བཞིན་ཉིད་རང་བཞིན་གྱིས་གྲུབ་པ་རྣམ་པར་བཅད་ཙམ་དེ་བཞིན་དུ་གནས་པ་དང༌། ཐ་མའི་གནས་སྐབས་བཞིན་དུ་དང་པོ་གཉིས་ཀྱི་གནས་སྐབས་ན་ཡང་གནས་པས་འགྱུར་བ་མེད་པའི་ཆོས་ཉིད་དོ། །
གནས་སྐབས་སྔ་མ་གཉིས་ན་ཉེས་པ་དང་བཅས་པ་དང༌། གནས་སྐབས་ཐ་མ་ན་ཉེས་པ་མེད་ཅིང་ཡོན་ཏན་དང་ལྡན་པས་སྔར་ཇི་ལྟ་བ་བཞིན་དུ་ཕྱིས་ཀྱང་གནས་པ་མ་གྲུབ་བོ་ཞེ་ན། སྐྱོན་མེད་དེ། ཉེས་པ་སེམས་ལ་འབྲལ་རུང་གི་གློ་བུར་བ་དང་ལྡན་པ་དང༌། སངས་རྒྱས་ཀྱི་ཡོན་ཏན་མཐའ་དག་སྐྱེ་རུང་དང༌། ཡོན་ཏན་སྐྱེ་བའི་དམིགས་པ་རང་བཞིན་ཉིད་དུ་ལྡན་པའི་ཕྱིར་རང་བཞིན་གྱིས་གྲུབ་པ་རྣམ་པར་བཅད་ཙམ་དེ་ཉིད་ཉེས་པས་རྣམ་པ་གཞན་དུ་བྱ་བར་མི་ནུས་ཤིང༌། ཡོན་ཏན་གྱིས་ཀྱང་རྣམ་པ་གཞན་དུ་བྱ་བར་མི་ནུས་ཏེ། ཆུ་ཐམས་ཅད་རྒྱ་མཚོར་རོ་གཅིག་པ་ལྟར། ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པའི་ངང་དུ་རོ་གཅིག་པའི་དོན་ནོ། །
དེས་ན་དོན་དམ་པའི་བདེན་པ་དེ་རང་བཞིན་གྱིས་གྲུབ་པ་རྣམ་པར་བཅད་ཙམ་ལས་རྣམ་པ་གཞན་དུ་བྱ་བར་མི་ནུས་ཤིང༌། འཕགས་པ་སུའི་མཉམ་གཞག་གིས་གཟིགས་པའི་ཚེ་ན་ཡང་རྣམ་པ་མི་འདྲ་བར་འཆར་རྒྱུ་ཅུང་ཟད་ཀྱང་མེད་པར་གནས་པ་དེ་ཉིད་ལ་འགྱུར་བ་མེད་པ་ཞེས་བྱའི། བསྒྲུབ་པར་རང་དབང་པའི་རྟག་དངོས་ལ་འདོད་པ་ནི་ཆོས་འདི་པ་རྣམས་ཀྱི་ལུགས་མ་ཡིན་པར་ཤེས་པར་བྱའོ། །
ཞེས་རང་བཞིན་གནས་རིགས་ནི་སེམས་ཅན་གྱི་སེམས་རང་བཞིན་གྱིས་གྲུབ་པ་རྣམ་པ་བཅད་ཙམ་གྱི་སྟོང་ཉིད་ལ་བཞག་དགོས་ཀྱི། རང་བཞིན་གྱིས་སྟོང་པའི་མ་ཡིན་དགག་གམ་སྒྲུབ་པ་རང་དབང་བ་སྟེ། འདུས་བྱས་ཡིན་པ་ཞིག་ལ་འཇོག་ན་མུ་སྟེགས་ལྟར་འགྱུར་བ་གསུངས་སོ། ། ཡང་འདི་སྐད་དུ།
རྫོགས་སངས་སྐུ་ནི་འཕྲོ་ཕྱིར་དང༌། །དེ་གཞིན་ཉིད་དབྱེར་མེད་ཕྱིར་དང༌། །རིགས་ཡོད་ཕྱིར་ན་ལུས་ཅན་ཀུན། །རྟག་ཏུ་སངས་རྒྱས་སྙིང་པོ་ཅན། །སངས་རྒྱས་ཡེ་ཤེས་སེམས་ཅན་ཚོགས་ཞུགས་ཕྱིར། །རང་བཞིན་དྲི་མེད་དེ་ནི་གཉིས་མེད་དེ། །སངས་རྒྱས་རིགས་ལ་དེ་འབྲས་ཉེར་བརྟགས་ཕྱིར། །འགྲོ་ཀུན་སངས་རྒྱས་སྙིང་པོ་ཅན་དུ་གསུངས། །
ཞེས་པའི་ཐད་ཀྱི་རྒྱུད་བླ་མའི་དར་ཊཱིཀ་ལས། ལུས་ཅན་ཏེ་སེམས་ཅན་ཀུན་དེ་བཞིན་གཤེགས་པའི་སྙིང་པོའི་མདོ་ལས། རྟག་ཏུ་སངས་རྒྱས་ཀྱི་སྙིང་པོ་ཅན་ནོ།། ཞེས་གསུངས་པའི་དོན་ནི། རྫོགས་པའི་སངས་རྒྱས་ཀྱི་ཆོས་ཀྱི་སྐུའི་འཕྲིན་ལས་ནི་སེམས་ཅན་ཐམས་ཅད་ལ་འཕྲོ་བའི་ཕྱིར་སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་འཕྲིན་ལས་འཇུག་རུང་དུ་གནས་པ་དང༌། དེ་བཞིན་ཉིད་དེ་བཞིན་གཤེགས་པ་དང་སེམས་ཅན་གཉིས་གའི་རང་བཞིན་དུ་དབྱེར་མེད་པའི་ཕྱིར་དྲི་མ་དང་བཅས་པའི་དེ་བཞིན་ཉིད་སེམས་ཅན་ཐམས་ཅད་ལ་ཡོད་པ་ལ་དགོངས་ནས་སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་སྙིང་པོ་ཅན་དང༌། སེམས་ཅན་ཐམས་ཅད་ལ་ཆོས་སྐུར་གནས་འགྱུར་རུང་གི་རང་བཞིན་དུ་གནས་པའི་རིགས་དང་། གཟུགས་སྐུར་གནས་འགྱུར་རུང་གཟུགས་སྐུར་གནས་འགྱུར་རུང་གི་ཡང་དག་པར་བླངས་པ་ལས་བྱུང་བའི་རིགས་སྙིང་པོར་ཡོད་པའི་ཕྱིར་ན། དེ་ལ་དགོངས་ནས་ཀྱང་སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་སྙིང་པོ་ཅན་དུ་གསུངས་སོ། །
རང་བཞིན་དུ་གནས་པའི་རིགས་དང་སེམས་ཅན་གྱི་རྒྱུད་ལ་ཡོད་པའི་དྲི་མ་དང་བཅས་པའི་དེ་བཞིན་ཉིད་ལ་ཁྱད་པར་ཅི་ཡོད་ཅེ་ན། དོན་ཁྱད་པར་ཅུང་ཟད་མེད་ཀྱང་རྣམ་གཞག་ཐ་དད་པ་ཙམ་དུ་ཟད་དེ། ཆོས་སྐུར་གནས་འགྱུར་རུང་རྒྱུའི་སྐབས་དང༌། དེ་བཞིན་གཤེགས་པའི་རང་བཞིན་དང་རང་བཞིན་ཁྱད་པར་མེད་པར་སྟོན་པའི་ཆ་ནས་སོ་སོར་བཤད་དོ། ། ཞེས་རང་བཞིན་གནས་རིགས་དང་རྒྱས་འགྱུར་གྱི་རིགས་ཁྱད་པར་ཕྱེ་ནས། སྔ་མ་རང་བཞིན་གྱིས་སྟོང་ཙམ་གྱི་སྟོང་ཉིད་དང་དེ་བཞིན་གཤེགས་པའི་སྙིང་པོ་དང་ཁྱད་མེད་དུ་བསྟན་ནས། ཕྱི་མ་ནི་གཟུགས་སྐུའི་རྒྱུ་ཙམ་བསྟན་པའོ། །
དེ་བཞིན་དུ་སྟོང་པ་ཉིད་ཅེས་པའི་ཉིད་ཚིག་ནི་དགག་བྱས་སྟོང་པ་དེ་ཙམ་གྱི་ཆ་ནས་བཞག་དགོས་པར་གོ་དགོས་ཞེས་རྗེ་ཉིད་གསུངས་ལ། དཔལ་ལྡན་ཟླ་བས་ཀྱང་དམ་ཆོས་པད་དཀར་དང་རྒྱུད་བླ་མ་ལས་གསུངས་པ་ལྟར། སེམས་ཅན་གྱི་སེམས་སྟེང་གི་སྟོང་ཉིད་ལ་དགོངས་ནས་བདེ་གཤེགས་སྙིང་པོ་དང་ཀུན་གཞིའི་སྒྲ་འདོགས་ཞེས་སེམས་ཙམ་པས་མདོ་འགྲེལ་དང་མི་མཐུན་པ་མཛད་དོ། །
དེས་ན་ལོ་ཆེན་བློ་ལྡན་ཤེས་རབ་ལྟར་རྗེ་ཡབ་སྲས་ཀྱིས་ཀྱང་གཤེགས་སྙིང་ལ་རང་བཞིན་དང་རྒྱུ་དང་འབྲས་བུའི་སྐབས་གསུམ་དུ་ཕྱེ་སྟེ་བཟུང་མཚམས་བདེ་ཞིང་གོ་བ་ཟབ་པ་གནང་ངོ་། ། འདིར་འདའ་ཀ་ཡེ་ཤེས་ཀྱི་མདོ་ཡི་རྒྱ་འགྲེལ་གཉིས་དང་བོད་འགྲེལ་གྱི་དོན་ཡང་དངོས་བཏགས་ཀྱི་མིང་བཀོལ་བ་དེ་ཁོ་ན་ལྟར་རོ། །
ཡང་མྱང་འདས་ཀྱི་ཆ་ནས་བཤད་ན། དེ་ཡང་རི་བོ་དགེ་ལྡན་པས་མྱང་འདས་ལ་སྒྲས་བརྗོད་རིགས་ཀྱི་སྒོ་ནས་རང་བཞིན་མྱང་འདས་དང་གློ་བུར་དྲི་བྲལ་གཉིས་འཇོག་ཀྱང་སྔ་མ་དེ་མྱང་འདས་མཚན་ཉིད་པར་མི་བཞེད། དེའི་རྒྱུ་མཚན་ནི་སེམས་ཅན་གྱི་སེམས་སྟེང་གི་གནས་ལུགས་སྟོང་སང་ངམ་དབྱིངས་དེའི་རང་བཞིན་ལ་དྲི་མ་དེ་མ་ཞུགས་ཀྱང་། གློ་བུར་བའི་དྲི་མས་དེ་ཉིད་སྒྲིབ་ནས་ཡོད་པས་མྱང་འདས་བཏགས་པ་བར་བཞེད། དེས་ན་སེམས་ཅན་གྱིས་དྲི་མ་གློ་བུར་བ་ཡོངས་སུ་སྦྱངས་ཟིན་པ་དང་སེམས་ཀྱི་རང་བཞིན་སྐྱེ་མེད་གནས་ལུགས་དེ་ཉིད་འགོག་བདེན་ནམ་མི་གནས་པའི་མྱང་འདས་མཚན་ཉིད་པ་གྱུར་སོང་བར་བཞེད། དེས་ན་གསར་དུ་རྙེད་པ་ཡིན་གྱི་རྒྱུ་རྐྱེན་གྱིས་གསར་དུ་བསྐྱེད་པ་མིན་པར་ཤེས་དགོས།
གཞན་ཡང་རྒྱུད་བླ་མའི་སྐབས་སུའང་སེམས་ཅན་གྱི་རྒྱུད་ཀྱི་བདེ་གཤེགས་སྙིང་པོ་ཟེར་བ་ནི་འབྲས་མིང་རྒྱུ་ལ་བཏགས་པའི་བཏགས་མིང་ཙམ་ལས་ཇོ་ནང་ལྟར་སངས་རྒྱས་མཚན་ཉིད་པ་མི་བཞེད། དེས་ན་རྒྱུད་བླ་མ་ལས། སངས་རྒྱས་རིགས་ལ་དེ་འབྲས་ཉེར་བཏགས་ཕྱིར། ། ཞེས་གསུངས་པ་ཡིན་ལ། གལ་ཏེ་སངས་རྒྱས་མཚན་ཉིད་པ་ཡིན་ན་གློ་བུར་གྱི་དྲི་མས་སྒྲིབ་བཞིན་པའི་སངས་རྒྱས་ཤིག་ཁས་མི་ལེན་ཀ་མེད་རིགས་པས་གྲུབ། དེ་ལྟར་འདོད་ན་ནི་སྒྲིབ་གཉིས་སངས་པ་དང་ཤེས་བྱ་ཀུན་ལ་བློ་གྲོས་མ་རྒྱས་པའི་སངས་རྒྱས་ཤིག་འཇོག་ན་ཆེས་མི་མཛེས་པས་རྣམ་གཞག་བྱས་པ་ཡིན་གྱི་སྔ་རབས་པ་ལ་མ་གུས་པ་མིན། དཔེར་ན། རྒྱལ་པོའི་བུ་ཟེར་བའང་དཔེར་བྱ་ལུགས་ལ་རག་ལས།
སྐབས་འདིར་རང་ཅག་རྣམས་སེམས་ཅན་གྱི་རྒྱུད་ལ་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་ལྷུན་གྲུབ་ཏུ་ཡོད་མེད་ལ་ཐུག་ཡོད། དེས་ན་རྒྱལ་བུ་གཞོན་ནུ་དེ་ལ་ཡོན་ཏན་བློན་པོ་རྩལ་དྲུག་འཛོམས་པ་ལྟར་མེད་ཀྱང་རྒྱལ་པོའི་རིགས་ཅན་ཡིན་པས། རིགས་ཀྱིས་བློན་པོ་ཐམས་ཅད་ཟིལ་གྱིས་གནོན་ཡང་ཡོན་ཏན་ནམ་བློ་སྟོབས་ཀྱིས་གནོན་མི་ནུས། ནམ་ནར་སོན་པ་ན་ཡོན་ཏན་མངོན་དུ་གྱུར་ཏེ་རྒྱལ་པོར་དབང་བསྐུར་བ་ན། སྐབས་དེར་གཞི་ནས་རྒྱལ་རིགས་ཙམ་མིན་པར་རྒྱལ་པོར་མཚན་ཉིད་པར་ཆགས་པ་ཡིན། གཞན་རྒྱལ་པོ་མཚན་ཉིད་པ་ཡིན་མིན་ལ་རྩོད་ཚེ་རྒྱལ་རིགས་ཙམ་གྱི་ལུང་རིགས་གང་གིས་ཀྱང་ས་མི་ཆོད་པ་དེ་ལྟར་ལགས།
གཞན་ཡང་རིགས་པ་དེས་སྙིང་པོའི་མདོ་དང་རྒྱུད་བླ་རྩ་འགྲེལ་གྱི་དཔེ་དགུ་ཡང་དོན་ལ་སྦྱར་ཚེ་སེམས་ཅན་ཀུན་ལ་སྙིང་པོ་ཡོད་པའི་དཔེར་བཀོད་པ་ཙམ་ལས། སེམས་ཅན་གྱི་རྒྱུད་ལ་སངས་རྒྱས་མཚན་ཉིད་པ་ཡོད་སྙམ་ན་གོང་ཞུས་ཀྱི་རིགས་ལམ་ཟབ་མོས་གནོད་པར་མཐོང་ནས་སྔ་རབས་པ་དང་བཟུང་མཚམས་མི་འདྲ་བ་འདི་གནང་བ་ཡིན་གྱི་མ་གུས་པ་ག་ལ་ཡིན།
གནད་འདི་དག་བཟུང་མཚམས་རིགས་ལམ་དང་ལྡན་པ་གཟིགས་ནས་ཀརྨ་པ་མི་བསྐྱོད་རྡོ་རྗེས་རང་བྱུང་རྡོ་རྗེ་དང་ཆོས་གྲགས་རྒྱ་མཚོའི་དགོངས་པ་སྔ་རབས་ལྟར་མི་བཞེད། དེ་ཡང་ཁོང་གི་རྗེ་བཙུན་ངལ་བསོ་ན་སངས་རྒྱས་ལ་དག་པ་གཉིས་ལྡན་དགོས་པ་གསུངས་ཡོད་ཅིང་། དྭགས་པོའི་ཐར་རྒྱས་ནའང་རྒྱུ་བདེ་གཤེགས་སྙིང་པོ། རྐྱེན་དགེ་བའི་བཤེས་གཉེན། ཞེས་སོགས་ས་བཅད་བཞག་པ་ནའང་རྒྱུ་བདེ་གཤེགས་སྙིང་པོ་ཞེས་ལོ་ཆེན་བློ་ལྡན་ཤེས་རབ་ལྟར། རྒྱུ་འབྲས་ཀྱི་བདེ་གཤེགས་སྙིང་པོ་ཕྱེ་ན་སྔ་མ་དེ་འབྲས་བུའི་མིང་གིས་རྒྱུ་ལ་བཏགས་པ་རིགས་པས་གྲུབ་པ་ཡིན་ནོ། །
རིགས་པའི་བཟུང་མཚམས་ཀྱི་གནད་འདི་ཀུན་མཁྱེན་ཆེན་པོ་ཀློང་ཆེན་རབ་འབྱམས་པའི་ཆོས་དབྱིངས་མཛོད་རང་འགྲེལ་ནའང་། སངས་རྒྱས་སམ་བྱང་ཆུབ་མཚན་ཉིད་པ་ལ་ཡེ་སངས་རྒྱས་པས་མི་འགྲིགས་པར་ཡང་སངས་རྒྱས་པ་ཞིག་དགོས་པར་གསུངས་སོ། །དེ་ཡང་ཆོས་དབྱིངས་མཛོད་ཀྱི་འགྲེལ་པ་ལས།
བྱང་ཆུབ་མཆོག་གི་ངོ་བོ་ནི་དག་པ་གཉིས་ལྡན་གྱི་ཆོས་སྐུ་མཐར་ཐུག་པ་མངོན་དུ་གྱུར་པ་སྟེ། ཆོས་རྣམས་ལྷུན་གྲུབ་བྱང་ཆུབ་སྙིང་པོ་ལ། འབད་རྩོལ་མེད་པའི་གནད་ཀྱིས་གོམས་བྱས་ན། །ཡེ་སངས་རྒྱས་ལ་ཡངས་སངས་རྒྱས་འབྱུང་སྟེ། འདི་ནི་བླ་མེད་རྡོ་རྗེ་སྙིང་པོའི་རྩེ། །རིམ་དགུའི་སྙིང་པོ་བྱང་ཆུབ་ཀློང་ཆེན་ཡིན། ། རིག་པའི་ངོ་བོ་ལ་སྐུ་དང་ཡེ་ཤེས་ཀྱི་ཡོན་ཏན་ལྷུན་གྲུབ་ཏུ་ཡེ་ནས་ཡོད་པ་ཉིད། གློ་བུར་གྱི་སྒྲིབ་པས་མ་མངོན་པ་གང་ཡིན་པ་དེ་ནི། །རང་གཞག་འབད་རྩོལ་མེད་པའི་གནད་ལ་གོམས་པ་མཐར་ཕྱིན་པས་བསལ་བ་ན། ཡེ་སངས་རྒྱས་པ་ནི་རང་བཞིན་རྣམ་དག་གི་ཆོས་སྐུར་གནས་པ་ལ། ཡང་སངས་རྒྱས་པ་གློ་བུར་རྣམ་དག་གིས་མངོན་དུ་བྱས་པ་སྟེ། ཐེག་པ་ཀུན་གྱི་མཐར་ཐུག་གི་དོན་དུ་གཉེར་བྱ་ཡོངས་སུ་རྫོགས་པ་སྟེ། ཆོས་སྐུ་རོ་གཅིག་ཏུ་གྱུར་པ་དེ་འཁྲུལ་སྣང་དུ་འཁྲུལ་རྟོག་དང་བཅས་པ་དབྱིངས་སུ་ཞི་ནས། ཆོས་ཉིད་བསམ་གྱིས་མི་ཁྱབ་པའི་དབྱིངས་དང་དབྱེར་མེད་པས་གཉིས་མེད་མཉམ་པར་ཆེན་པོར་གྱུར་ཏེ། ཞེས་སོགས་གསུངས་སོ། །
མདོར་ན་ཐོག་མ་མེད་པ་ནས་བདེན་འཛིན་ནམ་བདེན་སྣང་དབང་གིས་གཉུག་མའི་ཤེས་པ་ལས་རྣམ་རྟོག་རགས་པ་ཐམས་ཅད་འཐོར་སོང་བ་ཡིན་པས། རྣམ་རྟོག་རགས་པ་རྣམས་རུ་འཛིང་བའི་སྐབས་གང་དུའང་གཉུག་མའི་ཤེས་པ་སངས་རྒྱས་ཡིན་པར་ལྟར་ཞོག་མངོན་དུའང་གྱུར་བའི་ནུས་པ་ཤོར་པ་རེད།
འོན་ཀྱང་རྩ་རྒྱུད་དང་སངས་རྒྱས་རང་གི་རང་འགྲེལ་བཤད་རྒྱུད་གནང་བ་དེ་ལ་ཀླུ་སྒྲུབ་སོགས་གྲུབ་ཐོབ་ཚད་ལྡན་རྣམས་ཀྱི་མན་ངག་ལ་བརྟེན་ནས། ནང་གི་རྐྱེན་རླུང་སྔགས་རྡོ་རྗེ་བཟླས་པ་དང་། ཕྱི་ཡི་རྐྱེན་ལས་དང་ཡེ་ཤེས་ཀྱི་ཕྱག་རྒྱ་གང་རུང་འདུས་པའི་སྟོབས་ཀྱིས་རླུང་སེམས་རགས་པ་ཐམས་ཅད་སྙིང་གའི་མི་ཤིགས་པའི་ཐིག་ལེའི་རླུང་སེམས་ཕྲ་མོ་ལ་བསྡུས་པ་ན། སྐབས་དེར་སྔར་བདེན་འཛིན་གྱིས་གཉུག་མའི་དབྱིངས་ནས་རླུང་སེམས་རགས་པ་གཏོར་པའི་ནུས་པ་རྣམས་སླར་རང་གནས་གཉུག་མའི་དབྱིངས་སུ་ཐིམ་པ་ཡིན་པས། སྐབས་དེར་གཉུག་མའི་ཡེ་ཤེས་སམ་རླུང་སེམས་དབྱེར་མེད་ཀྱི་ཤེས་པ་དེས་ཟབ་མོ་སྟོང་པ་ཉིད་སྒོམ་ན་ནི། ཕར་ཕྱིན་ཐེག་པས་ཤེས་པ་རགས་པ་དེས་བསྐལ་ཆེན་གྲངས་མེད་གཉིས་ལྷག་བསྒོམས་པའི་ནུས་པ་ལས་ལྷག་པའི་ནུས་པ་དེ་ལ་རང་བབ་ཀྱི་ཚུལ་དུ་ཡོད།
དེས་ན་ལྷུན་གྲུབ་ཟེར་བའི་མིང་སྦྱར་ན་འདི་ལ་སྦྱར་ཀྱང་རྣ་བ་ལ་འགྲོ་ཙམ་ཡོད། རྒྱུ་མཚན་དེ་ལ་བརྟེན་ནས་སྔགས་བླ་མེད་ལུགས་ལ་ཚེ་གཅིག་ལ་སངས་རྒྱས་ཀྱི་གོ་འཕངས་བགྲོད་ནུས་གསུངས་པ་དོན་ལྡན་དུ་འཁུམས།
གཞན་རྣམ་རྟོག་རང་ག་བ་ཞིག་ལ་གཉུག་མའི་ཡེ་ཤེས་རློམ་ནས་རྩེ་གཅིག་ཏུ་གོམས་ཀྱང་། མཐར་ཡིད་བྱེད་བཀག་སྟོབས་ཀྱིས་འདུ་ཤེས་མེད་པའི་གནས་ལ་སྐྱེ་ཉེན་ཡོད་གསུངས། ལུས་འོད་ཀྱི་རང་བཞིན་གྱུར་ནས་མི་སྣང་བ་གྱུར་ཙམ་ནི་འཇིག་རྟེན་པའི་ལྷ་དང་ཉན་རང་ལའང་ཡོད་པ་མདོ་ན་ཡོད། དེ་དག་ནི་རི་བོ་དགེ་ལྡན་པའི་གཞུང་ཆེན་གྱི་དགོངས་གནད་རེད།
དེ་ལྟར་མདོ་ལ་དེ་ཙམ་དོགས་པ་མེད་ཀྱང་། གསང་སྔགས་ཀྱི་སྐབས་སུ་གཉུག་མའི་ཤེས་པ་དང་། ཁྱད་པར་དུ་སྟོང་ཉིད་རྟོགས་པའི་བདེ་ཆེན་ཡེ་ཤེས་ཕྲ་མོ་ལ་དོན་དམ་བདེན་པའི་མིང་གིས་བཀོལ་བ་དང་། དབང་བཞི་པའི་ཡེ་ཤེས་ལའང་དོན་དམ་པའི་བདེན་པའི་མིང་བཀོལ་བ་འདི་དངོས་བཏགས་གང་ཡིན་མ་ཤེས་ན་དབུ་འཁོར་བ་ངེས་པས་འདི་བཤད་པར་བྱའོ། །
༡༽ དེ་ཡང་རྗེ་ན་རོ་པའི་ལྟ་བ་མདོར་བསྡུས་པ་ལས། སྟོང་པ་དེ་ཉིད་རིག་པ་ཤེས། །བྱང་ཆུབ་སེམས་ཀྱང་དེ་ཉིད་དོ། །སངས་རྒྱས་རིགས་ཀྱང་དེ་ཉིད་ཡིན། །བདེ་གཤེགས་སྙིང་པོ་དེ་ཉིད་དེ། །དེ་བཞིན་པ་ཡི་རོ་མྱོང་བས། །བདེ་བ་ཆེན་པོའང་དེ་ཉིད་ཡིན། ། ཞེས་དང་། དྲི་མ་དང་བཅས་རང་རིག་དེ། །དེ་ཡང་གཞན་ལ་མི་ལྟོས་ཕྱིར། །རང་བྱུང་ཡེ་ཤེས་དེ་ཉིད་དོ། །འཁོར་བའི་དངོས་གཞི་དེ་ཉིད་དེ། །མྱ་ངན་འདས་པའང་དེ་ཉིད་ཡིན། །དབུ་མ་ཆེན་མོའང་དེ་ཉིད་དོ། ། ཅེས་དང་། རྒྱུ་དང་ཐབས་དང་འབྲས་བུ་ཡི། །རྒྱུད་ནི་རྣམ་གསུམ་གྲགས་པ་དང་། །གཞི་ལམ་འབྲས་བུར་གྲགས་པ་དང་། །དེ་ཉིད་ཀྱི་ནི་གནས་སྐབས་སོ། ། ཞེས་གསུངས་ལ། ཇོ་ནང་པས་ནི་འདི་དག་ཚིག་ཟུར་ཇི་ལྟར་བར་བཞེད་དོ། །
འོན་ཀྱང་འདི་དག་གི་དོན་ནི་ཚིག་ཟུར་ཙམ་ལ་མི་འགྲོ་བ་རྗེའི་ལུགས་སྟེ། ཡུལ་སྟོང་པ་ཉིད་འདུས་མ་བྱས་དེའི་མིང་ཡུལ་ཅན་ལྷན་སྐྱེས་ཀྱི་ཡེ་ཤེས་འདུས་བྱས་ལ་བཏགས་པའོ། །
༢༽ རྗེའི་རིམ་ལྔ་གསལ་སྒྲོན་ལས། དེ་ལ་དོན་དམ་བདེན་པ་དངོས་ནི་ཆོས་རྣམས་ཀྱི་ཆོས་ཉིད་འདུས་མ་བྱས་ཡིན་མོད་ཀྱང་། འདིར་དེ་དང་བདེ་བ་ཆེན་པོ་གཉིས་རོ་གཅིག་ཏུ་ཞུགས་པའི་འོད་གསལ་གྱི་ཡེ་ཤེས་ལ་ཡང་དོན་དམ་བདེན་པ་ཞེས་ཡུལ་དང་ཡུལ་ཅན་སོ་སོར་མ་ཕྱེ་བར་མང་དུ་གསུངས་སོ། །
ཞེས་དོན་དམ་བདེན་པ་དངོས་ལ་འདུས་མ་བྱས་ཡིན་དགོས་པ་གསུངས་ཤིང་། ཡུལ་གྱི་མིང་ཡུལ་ཅན་ལ་བཏགས་པ་ཡིན་ཟེར་དགོས་པ་རི་བོ་དགེ་ལྡན་པའི་ཞིབ་ཆ་ཡིན། ཚུལ་འདི་ནི་རྗེའི་དགོངས་པ་ལྟར་བླ་མ་རྗེ་བཙུན་པས་ཀྱང་གསུང་ལན་ཀླུ་སྒྲུབ་དགོངས་རྒྱན་ན་ཞིབ་ཆ་ཕྱེ་ཡོད། དེ་དག་ལ་ཁུངས་མེད་པ་ཡང་མ་ཡིན་ཏེ།
༣༽ གྲུབ་ཆེན་བྷ་བ་བྷ་དྲའི་རྡོ་རྗེ་མཁའ་འགྲོའི་འགྲེལ་པ་ལེའུ་བཅུ་གསུམ་པ་ལས། དོན་དམ་པར་དབྱེ་བ་མེད་པས་ཉེ་བར་བཏགས་ནས་ཞེས་བྱ་བ་ལ། དོན་དམ་པར་དབྱེ་བ་མེད་པ་ཞེས་བྱ་བ་ལ། ཡུལ་དང་ཡུལ་ཅན་ཙམ་གྱི་འབྲེལ་བ་སྟེ། དབང་པོ་རྣམས་ཀྱི་དོན་རྣམས་ཉེ་བར་ལོངས་སྤྱོད་པས་ཡུལ་གྱི་མིང་ཡུལ་ཅན་ལ་བཏགས་པའོ།། ཞེས་སོགས་དང་།
༤༽ ལས་ཀྱི་རྡོ་རྗེས་མཛད་པ་སྟེ་གྲུབ་ཆེན་ནག་པོ་བའི་སྒྲོན་མ་བཞིའི་ཊཱིཀ་ལས་ཀྱང་། དེ་ལ་དམིགས་པར་བྱེད་པའི་ཡེ་ཤེས་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཏེ། ཡུལ་གྱི་མིང་ཡུལ་ཅན་ལ་བཏགས་ཞེས་བྱ་བ་དགོངས་པའོ། ། ཞེས་འཇམ་མགོན་ཙོང་ཁ་པ་ཆེན་པོའི་གསུང་ཟུར་ལྟར་རོ། །
༥༽ རྗེའི་རྣམ་གཞག་རིམ་པའི་རྣམ་བཤད་ལས་ཀྱང་། སྔགས་ནི་ཨོཾ་ནས་ཨ་ཧཾ་ཞེས་བྱ་བའི་བར་རོ། ། འོད་གསལ་མངོན་དུ་བྱས་ཚུལ་ནི་འཛིན་པ་སྟེ་རྣམ་ཤེས་ཉེ་བར་བསྡུས་ནས་བྱེད་དེ་ཡུལ་དོན་དམ་དང་ཡུལ་ཅན་རིག་པ་གཉིས་ཀྱི་གཉིས་སྣང་ཕྲ་མོ་ཡང་དག་ནས་ཆུ་ལ་ཆུ་བཞག་པ་ལྟར་དབྱེར་མི་ཕྱེད་པར་ཞུགས་པའོ། །
ཞེས་ཡུལ་ལ་དོན་དམ་དང་ཡུལ་ཅན་ལ་རིག་པ་ཞེས་ལོགས་སུ་བཀོལ་ནས་གསུངས་སོ། ། དེས་ན་རིགས་པ་དེས་བླ་མེད་ལུགས་ཀྱི་ངོ་བོ་ཉིད་སྐུ་ལ་འདུས་བྱས་ཀྱི་མིང་གིས་བཀོལ་བ་ཡང་ཤེས་པར་བྱའོ། །
༦༽ སློབ་དཔོན་སྤྱན་རས་གཟིགས་བརྟུལ་ཞུགས་ཀྱིས་མཛད་པའི་ཤེས་རབ་སྒྲོན་མེའི་རྒྱ་ཆེར་འགྲེལ་ལས་ཀྱང་ཡུལ་གྱི་མིང་ཡུལ་ཅན་ལ་བཏགས་པ་གསུངས་ཏེ། དེ་ཉིད་ལས། རྣམ་པར་མི་རྟོག་པའི་ཡེ་ཤེས་གང་ལ་ཡུལ་དོན་དམ་པར་ཡོད་པ་དེ་དེའི་ཡུལ་ཅན་ཡིན་པས་དེ་ཡང་དོན་དམ་པའོ་ཞེས་འབྲུ་མང་པོར་བསྡུ་བ་བསྟན་ཏོ། ། ཞེས་དང་། ཤེས་རབ་འདི་ཡང་དོན་དམ་པ་ཞེས་བྱ་བ་ཉེ་བར་གདགས་པར་བསྟན་ཏེ། དེ་དག་གིས་ནི་བརྡར་བཏགས་པའི་དོན་དམ་པའི་བདེན་པའི་མཚན་ཉིད་བསྟན་ཏོ། ། ཞེས་ཡུལ་དོན་དམ་གྱི་མིང་ཡུལ་ཅན་ཡེ་ཤེས་ལ་བཏགས་པས་ན་བརྡར་བཏགས་པའི་དོན་དམ་ཞེས་ཡུལ་ཅན་དེ་ནི་དོན་དམ་བཏགས་པ་བ་ཡིན་ཞེས་གསལ་བར་བསྟན་ཏོ། །
༧ ༽ སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་བློ་གྲོས་མི་ཟད་པས་བསྟན་པ་རྒྱ་ཆེར་འགྲེལ་ལས་ཀྱང་། ཡུལ་དོན་དམ་པ་ཡིན་པས་དེ་ལ་དམིགས་པའི་ཤེས་རབ་ཀྱང་དོན་དམ་པ་ཞེས་བྱའོ། ། ཞེས་དང་།
༨ ༽ གྲུབ་ཆེན་ས་ར་ཧས་མཛད་པར་གྲགས་པའི་དོ་ཧ་མཛོད་ལས་ཀྱང་། ཁ་སྦྱོར་བདེ་ལ་ཡོངས་སུ་ཆགས་ནས་སུ། །འདི་ཉིད་དོན་དམ་ཡིན་ཞེས་རྨོངས་པ་སྨྲ། ། ཞེས་དང་། དེའི་ཐད་ཀྱི་འགྲེལ་པ་རྣལ་འབྱོར་དབང་ཕྱུག་བལ་བོ་སྐྱེ་མེད་བདེ་ཆེན་གྱིས་མཛད་པའི་དོན་གྱི་སྒྲོན་མ་ལས། དོན་དམ་པ་ནི་དུས་གསུམ་འདུ་བྲལ་དུ་མེད་པའི་ཡིད་ལ་མི་བྱེད་པའི་དབྱིངས་ཏེ། ཞེས་གནས་ལུགས་ཁོ་ན་ལ་དོན་དམ་གསུངས་ནས། བདེ་ཆེན་སྦྱོར་པའི་ཡེ་ཤེས་ནི་ཐོག་མཐའ་བར་གསུམ་དུ་མི་འགྱུར་བ་མ་ཡིན་པས་འདུ་བྲལ་ཡོད་ལ། དེས་ན་ཆོས་ཅན་གློ་བུར་བ་ཡིན་པས་དེ་ལ་དོན་དམ་ཞེན་པ་ནི་རྨོངས་པ་རུ་བསྟན་ཏོ། །
༩༽ ལེགས་ལྡན་ཕྱི་མའི་དབུ་མ་རིན་ཆེན་སྒྲོན་མེ་དང་ཇོ་བོ་རྗེའི་བདེན་གཉིས་ལ་འཇུག་པ་ལས་ཀྱང་། ཀུན་རྫོབ་ཇི་ལྟར་སྣང་བ་འདི། །རིགས་པས་བརྟགས་ན་འགར་མི་རྙེད། །མ་རྙེད་པ་ཉིད་དོན་དམ་ཡིན། །ཡེ་ནས་གནས་པའི་ཆོས་ཉིད་དོ། །རྒྱུ་རྐྱེན་དག་གིས་བསྐྱེད་པས་ན། །ཀུན་རྫོབ་ཇི་ལྟར་སྣང་བ་གྲུབ། །གལ་ཏེ་གྲུབ་པར་མི་རུང་ན། །ཆུ་ཟླ་ལ་སོགས་སུ་ཡིས་བསྐྱེད། ། ཅེས་ཡུལ་ཆོས་ཉིད་ནི་དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་མ་བྱུང་རུང་གཞི་ལམ་འབྲས་གསུམ་གར་ཁྱད་པར་མེད་ལ། འོན་ཀྱང་རྟེན་གྱི་ཁྱད་པར་ནི་ཆོས་ཉིད་མིན་པས་མི་འདྲའོ། །
དེས་ན་གཉུག་མའི་ཤེས་པ་ཡིན་ན་བདེ་ཆེན་གྱི་ཡེ་ཤེས་ཡིན་པས་མ་ཁྱབ་པས་མདོ་སྔགས་གང་ལའང་མིང་གི་བཀོལ་སྤྱོད་ལ་འཁྲུལ་བར་མི་བྱའོ། །
༡༠༽ ཡུལ་གྱི་མིང་ཡུལ་ཅན་ལ་བཏགས་པ་འདི་སྔགས་གསར་རྙིང་ཐུན་མོང་བ་ཡིན་ཏེ། རྙིང་རྒྱུད་རྫོགས་པ་ཆེན་པོ་ཀུན་བྱེད་ཀྱི་རྒྱལ་པོ་རང་བྱུང་ཡེ་ཤེས་བསྟན་པའི་ལེའུ་སྟེ་ལྔ་བཅུ་པ་ལས་ཀྱང་། ཡུལ་ལ་བརྟེན་ནས་ཡེ་ཤེས་མིང་བཏགས་པ། །རྣམ་པ་གྲངས་ཀྱི་ཡེ་ཤེས་བྱུང་བ་ནི། །རྣམ་བརྟགས་པ་ཡི་ཡེ་ཤེས་གཅིག་གིས་ནི། །ཡུལ་གཅིག་རང་བཞིན་སོ་སོར་སྣང་བ་ན། །ཡུལ་ཅན་ལ་ནི་ཡུལ་གྱི་མིང་བཏགས་པ། །དེ་ནི་ངེས་པ་མ་ཡིན་འཁྲུལ་བས་བཏགས། ། ཞེས་པ་ནས། རང་བྱུང་ཡེ་ཤེས་གཅིག་ལ་མིང་བཅུ་བཞི་ཙམ་བཏགས་པ་གསུངས་སོ། །
༡༡༽ པཎྜིཏ་སྨྲི་ཏི་ཛྙཱ་ན་ཀཱིརྟི་ཡིས་མཛད་པའི་མཚན་བརྗོད་བཤད་འབུམ་ལས་ཀྱང་། ཡུལ་གྱི་མིང་ཡུལ་ཅན་ལ་བཏགས་པས། ཞེས་པ་ནས། མཚན་ཉིད་གསུམ་ལ་གྲུབ་པ་གསུམ་གྱི་མིང་གིས་བཏགས་པའོ། ། ཞེས་གསུངས་ལ། ཡུལ་འགྱུར་མེད་ཡོངས་གྲུབ་དང་། ཡུལ་ཅན་ཕྱིན་ཅི་མ་ལོག་པའི་ཡོངས་གྲུབ་ཅེས་སོ་སོར་ཕྱེ་སྟེ་གསལ་བར་གསུངས་སོ། །
༡༢༽ སློབ་དཔོན་ཉི་མ་གྲུབ་ཀྱིས་མཛད་པའི་ས་བཅུ་པའི་རྣམ་བཤད་ལས་ཀྱང་། ཆོས་ཀྱི་དབྱིངས་བདག་མེད་པ་གཉིས་ཏེ། དེའི་ཡུལ་ཅན་ལ་ཡང་དེ་སྐད་ཅེས་བྱའོ། ། ཞེས་དང་།
༡༣༽ སློབ་དཔོན་ཞི་བ་ལྷའི་འདའ་ཀ་ཡེ་ཤེས་ཀྱི་མདོ་འགྲེལ་ལས། དེས་ན་མདོ་སྡེ་ལས་ཀྱང་། སེམས་ཉིད་ཡེ་ནས་མེད་པ་ལ། །དེ་ལ་རྟོགས་པའི་བློ་མི་འཇུག །མ་ཞུགས་པ་དེ་དེ་ཤེས་ཡིན། །དེ་ཤེས་ཡེ་ཤེས་བླ་ན་མེད། ། ཅེས་གསུངས་པ་ཡང་སྔ་མའི་ཁོངས་སུ་འགྲོའོ། ། དཀོན་བརྩེགས་ལས་ཀྱང་། འོད་སྲུང་སེམས་ནི་ཡོངས་སུ་བཙལ་ན་མི་རྙེད་དོ། ། གང་མི་རྙེད་པ་དེ་ནི་མི་དམིགས་པའོ། ། ཞེས་སོགས་དྲངས་ལ། འདི་དག་ནི་སངས་རྒྱས་ཏེ་རང་བཞིན་མྱང་འདས་གསུངས་པ་ནི། རང་གི་སེམས་རང་བཞིན་གྱིས་མ་གྲུབ་པ་སྟེ་སེམས་དེ་བཙལ་ན་མི་རྙེད་པ་དེ་ག་སྒོམ་ན་སངས་རྒྱས་གཞན་ནས་བཙལ་མི་དགོས་ཞེས་པའི་དོན་གསལ་བར་བསྟན་ཏོ། །
དེས་ན་དབུ་སེམས་མདོ་སྔགས་གང་གི་ལུགས་ལའང་དངོས་བཏགས་ཕྱེ་དགོས་པ་ནི་གཞུང་ལུགས་ཟབ་མོའི་དགོངས་དོན་འཁྲུལ་མེ་དོ། །
གནད་འདི་དག་ལ་དགོངས་ནས་་མཐའ་ཐུན་མོང་མིན་པ་བཞི་ཙམ་བྲི་བ་ལ།
༡༽ འོད་གསལ་གྱིས་ཆོས་ཀུན་ལ་ཁྱབ་ལུགས་ཀྱི་གནད།
༢༽ མདོ་སྔགས་ཀྱི་ལྟ་བ་གཉིས་ཡུལ་ལ་མཆོག་དམན་མི་འཇོག་པའི་གནད།
༣༽ ཡུལ་དོན་དམ་བདེན་པའི་མིང་ཡུལ་ཅན་འོད་གསལ་ལ་བཏགས་པའི་གནད།
༤༽ མཐའ་ཐམས་ཅད་རང་བཞིན་གྱིས་གྲུབ་པ་ལ་གནས་ཚུལ་གྱི་གནད་དོ། །
དང་པོ་འོད་གསལ་གྱིས་ཀུན་ལ་ཁྱབ་ལུགས་ཀྱི་གནད་ནི།
རྗེའི་རྫོགས་རིམ་དངོས་གྲུབ་སྙེ་མ་༡༤༤/༡༤༥/ ལས། )
༼གཞན་ཡང་དོན་གྱི་ལྷན་སྐྱེས་ཀྱི་ཡེ་ཤེས་དང་ཡུལ་གྱི་དེ་ཁོ་ན་ཉིད་གཉིས་ཕན་ཚུན་འདྲ་བར་མཉམ་དུ་ཞུགས་ཤིང་། ཡུལ་དེ་ཡང་བརྟན་གཡོ་ཀུན་ལ་ཁྱབ་པ་ལ་དགོངས་ནས་ཀྱང་དེ་ལྟར་གསུངས་ཏེ། ཧེ་རུ་ཀ་མངོན་འབྱུང་ལས། གང་དེ་ཐམས་ཅད་བདག་ཉིད་གནས། །དཔའ་བོ་འདི་རྣམས་གསང་ཆེན་པོ། །ཕྱི་དང་ནང་དུ་ཡང་དག་གནས། །ཀུན་ལ་ཁྱབ་ཅིང་རྟག་ཏུ་སྟོང་། ། ཞེས་པ་དང་། གཉིས་མེད་ཡེ་ཤེས་ཉིད་དང་ཡང་། །དེ་དང་འདྲ་བར་སྟོང་པར་འགྱུར། ། ཞེས་གསུངས་ཤིང་། དེ་དག་གི་དོན་གསལ་བར་མན་སྙེ་ལས་ཀྱང་། སྟོང་པ་ཉིད་དང་རོ་གཅིག་པ་ཉིད་ཀྱི་ཕྱིར། སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱང་སྟོང་པ་ཉིད་བཞིན་དུ་དེ་ཁོ་ན་ཉིད་དུ་བརྗོད་ཅིང་། དེ་ཁོ་ན་ཡང་བྱང་ཆུབ་ཀྱི་སེམས་ཏེ། དེའི་ཕྱིར་དེ་ཡང་ཁྱབ་པར་བྱེད་པ་ཁོ་ནའོ།། ཞེས་པའོ། ། ཞེས་གསུངས་སོ། ། དེ་ལྟར་ལྷན་སྐྱེས་ཀྱི་བདེ་བའི་སྟེང་ནས་ཆ་སོ་སོར་ཕྱེ་ནས་སྐབས་སུ་གང་བབ་པའི་ཁྱབ་པའི་ཚུལ་རྣམས་ཤེས་པར་བྱའི། ཆོས་འདི་ལས་ཕྱི་རོལ་ཏུ་གྱུར་པ་རྣམས་ཀྱིས་རྟག་པ་དང་ཁྱབ་པ་ཁས་བླངས་པ་ལྟ་བུ་དོན་འདྲ་བ་ལ་མིང་བཟང་པོར་བསྒྱུར་བའི་ཚུལ་ཁས་བླང་བར་མི་བྱའོ། ། ༽
( ཞེས་དེང་སང་གི་བཀའ་རྙིང་ས་ཇོ་བོན་དང་བཅས་པ་ལས་བླ་མེད་ཟབ་ཁྱད་འགྲེལ་ལུགས་ཐུན་མོང་མ་ཡིན་པའོ། ། )
གཉིས་པ་མདོ་སྔགས་ཀྱི་ལྟ་བ་ལ་ཡུལ་ལ་མཆོག་དམན་མི་འཇོག་པའི་གནད་ནི།
བདེ་སྟོང་དབྱེར་མེད་ཀྱི་གོ་དོན་ནི་རྗེའི་གསུང་རྫོགས་རིམ་དངོས་གྲུབ་སྙེ་མ་ལས་༡༦༦/ལས། )
༼བདེ་སྟོང་སྦྱོར་མ་ཤེས་ན་ཐིག་ལེའི་དོན་མི་ཚང་བས་ཨ་ཝཾ་གྱི་དོན་ཐབས་ཤེས་གཉིས་སྦྱོར་བ་དགོས་ཤིང་། དེ་ཉིད་ཆོས་ཀྱི་ཕུང་བརྒྱད་ཁྲི་བཞི་སྟོང་ལ་ཁྱབ་པའི་དོན་གྱི་གཙོ་བོ་མདོར་བསྡུས་པའི་ཆོས་ཀྱི་རྒྱལ་པོ་ཆེན་པོའི་རྒྱས་འདེབས་ཀྱི་ཕྱག་རྒྱར་གསུངས་ཏེ། རྡོ་རྗེ་ཕྲེང་བ་ལས། ཨེ་ནི་སྟོང་པ་ཉིད་དུ་གསུངས། །དེ་བཞིན་ཝ་ནི་ཐུགས་རྗེ་དང་། །ཐིག་ལེ་དེ་གཉིས་སྦྱོར་ལས་བྱུང་། །དེ་སྦྱོར་བ་ཡི་རྨད་མཆོག་གོ །ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་ཁྱབ། །མདོར་བསྡུས་ཆོས་ཀྱི་ཕྱག་རྒྱ་འོ། །རྒྱལ་པོ་ཆེན་པོའི་ཕྱག་རྒྱ་ཉིད། །རྒྱུད་རྣམས་སུ་ནི་ཐོག་མར་གསུངས། ། ཞེས་སོ། །
( ཞེས་པ་ནས་བདེ་མཆོག་འབྱུང་བ་ཡང་དྲང་སྟེ་དེའི་འོག་ཏུ་ཡང་། ) སམྦུ་ཊ་ལས། ཆུ་དང་འོ་མ་འདྲེས་པ་བཞིན། །གཉིས་མེད་རྣམ་པའི་སྦྱོར་བ་ཡིས། །གཉིས་པོ་འདུས་པ་གང་ཡིན་པ། །ཤེས་རབ་ཐབས་ཞེས་བྱ་བར་གྲགས། ། ཞེས་ཆུ་དང་འོ་མ་འདྲེས་པ་བཞིན་དུ་སྦྱོར་བར་གསུངས་པ་ལྟར་བྱེད་པའོ། ། དེ་ཡང་བདེ་བ་དང་དེའི་ཆོས་ཉིད་ངོ་བོ་དབྱེར་མེད་ནི། ཆོས་ཅན་གྲུབ་ཙམ་ནས་རང་གི་སྟོང་ཉིད་དང་ངོ་བོ་དབྱེར་མེད་དུ་གྲུབ་ཟིན་པས་དེ་རྣལ་འབྱོར་པས་དབྱེར་མེད་དུ་བྱ་མི་དགོས་ལ། དེ་བཞིན་དུ་སྟོང་ཉིད་རྟོགས་པའི་བློ་གཞན་ཞིག་ལ་བདེ་བས་རྒྱས་འདེབས་པ་དང་། བདེ་བ་བསྐྱེད་པའི་འོག་ཏུ་སྟོང་ཉིད་ཀྱི་ལྟ་བ་གཞན་ཞིག་གིས་རྒྱས་འདེབས་པ་མིན་ཏེ། ( ཞེས་པ་ནས། ) འོ་ན་ཇི་ལྟར་བྱེད་སྙམ་ན། ཡུལ་ཅན་ཤེས་པ་ལྷན་སྐྱེས་ཀྱི་བདེ་བའི་ངོ་བོར་སྐྱེས་པ་དེས་ཡུལ་རྟོགས་ཉིད་ཀྱི་དོན་ཕྱི་ཅི་མ་ལོག་པར་རྟོགས་པའི་ཡུལ་ཡུལ་ཅན་དུ་སྦྱོར་བ་ཉིད་བདེ་སྟོང་དབྱེར་མེད་དུ་སྦྱོར་བའོ། ། ༽
( ཞེས་དང་། ཡང་། )
༼ སྟོང་ཉིད་ཀྱི་གོ་བའི་ཕུ་ཐག་གཅོད་ལུགས་དབུ་མ་ལས་འབྱུང་བ་ལས་ལྷག་པོར་མེད་པས། ཐེག་པ་འདི་དང་ཕར་ཕྱིན་ཐེག་པ་གཉིས་སྟོང་ཉིད་ཀྱི་ལྟ་བ་ལ་མཆོག་དམན་མེད་དོ། །ངེས་རྒྱུའི་དོན་གཅིག་ཡིན་ཀྱང་ངེས་བྱེད་ཀྱི་བློ་ལ་ལྷན་སྐྱེས་ཀྱི་བདེ་བས་སྟོང་ཉིད་ངེས་པའི་སྟོབས་འདྲ་བ་ཡུལ་ཅན་གཞན་གང་གིས་ངེས་པ་ལ་མེད་པས། སྟོང་པ་ལ་ཁྱད་མེད་ཀྱང་ཐབས་བདེ་བས་ཁྱད་པར་དུ་འཕགས་པ་གསུངས་སོ།། བདག་མེད་པའི་སྟོང་ཉིད་ཕུ་ཐག་ཆོད་པ་མ་ངེས་ན་འཁོར་བ་ལས་མི་གྲོལ་ལ། ངེས་བྱེད་ལྷན་སྐྱེས་ཀྱི་བདེ་བ་མ་སྐྱེས་ན་སྔགས་ཀྱི་ལམ་མཆོག་གི་གནད་མེད་པས་རེ་རེས་མི་ཆོག་གི་གཉིས་ཀ་དགོས་པ་གསུངས་ཏེ། ས་ར་ཧས། སྙིང་རྗེ་དང་བྲལ་སྟོང་པ་ཉིད་ཞུགས་པས།།དེས་ནི་ལམ་མཆོག་རྙེད་པ་མ་ཡིན་ནོ།།འོན་ཏེ་སྙིང་རྗེ་འབའ་ཞིག་བསྒོམས་ན་ཡང་། །འཁོར་བ་འདིར་གནས་ཐར་པ་ཐོབ་མི་འགྱུར། །གང་ཡང་གཉིས་པོ་སྦྱོར་བ་ནུས་པ་དེ། །འཁོར་བར་མི་གནས་མྱ་ངན་འདས་མི་གནས། ། ཞེས་གསུངས་ཏེ། ( ཞེས་པ་ནས། ) སྔར་བཤད་པ་ལྟར་གྱི་ལྷན་སྐྱེས་ཀྱི་བདེ་བ་སྐྱེས་པ་ན། རྣམ་རྟོག་རགས་པ་རྣམས་ལོག་ནས་སེམས་གཡོ་མེད་དུ་གནས་པ་ངང་གིས་འབྱུང་བས་བདེ་བ་ཉིད་ཡུལ་གང་ལའང་མི་འཕྲོ་བར་མི་རྟོག་པ་སྒོམ་པ་ཙམ་སྟོང་པ་བསྒོམ་པའི་དོན་ཡིན་ན། བདེ་བ་འབའ་ཞིག་བསྒོམ་ན་འཁོར་བ་ལས་མི་གྲོལ་བར་འཆད་མི་རིགས་པས་བདག་མེད་པའི་དོན་ལེགས་པར་གཏན་ལ་དབབ་པའི་ངེས་ཤེས་སྐྱོང་དགོས་སོ། ། ༽ ( ཞེས་ཤིན་ཏུ་གསལ་བ་གསུངས་སོ། ། )
གསུམ་པ་ཡུལ་དོན་དམ་བདེན་པའི་མིང་ཡུལ་ཅན་འོད་གསལ་ལ་བཏཊ་པའི་གནད་ནི།
དེ་ཡང་རྫོགས་རིམ་དངོས་གྲུབ་སྙེ་མ་༡༦༧/ ལས། )
༼དེ་ལ་དོན་དམ་པའི་བདེན་པ་དངོས་ནི་ཆོས་རྣམས་ཀྱི་ཆོས་ཉིད་འདུས་མ་བྱས་ཡིན་མོད་ཀྱང་། འདིར་དེ་དང་བདེ་བ་ཆེན་པོ་གཉིས་རོ་གཅིག་ཏུ་ཞུགས་པའི་འོད་གསལ་གྱི་ཡེ་ཤེས་ལ་ཡང་དོན་དམ་པའི་བདེན་པ་ཞེས་ཡུལ་ཡུལ་ཅན་སོ་སོར་མ་ཕྱེ་བ་མང་དུ་གསུངས་སོ། ། ༽
(འདིས་ནི་རྗེའི་ལུགས་ལ་དོན་དམ་པའི་བདེན་པ་མདོ་ལུགས་ལ་འདུས་མ་བྱས་ཡིན་དགོས་ཀྱང་། སྔགས་ལུགས་ལ་གཉུག་མའི་ཡེ་ཤེས་ཀྱང་དོན་དམ་བདེན་པ་ཡིན་ཟེར་བ་རྣམས་ཁེགས་སོ། ། གཞན་ཡང་རྗེའི་གསུང་འབུམ་ཅ་༨༥༧/༨༥༨/ ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་ཀྱི་ཊཱིཀ་ལས། )
༼དེ་ལ་ཚེ་འདིའི་འཆི་སྲིད་ཀྱི་འོད་གསལ་དང་། བར་དོའི་འཆི་སྲིད་ཀྱི་འོད་གསལ་རྣམས་དོན་དམ་བདེན་པར་བཤད་པ་ནི། དེའི་ཚེ་སྤྲོས་པ་ཐམས་ཅད་ཞི་ནས་སྤྲིན་མེད་པའི་ནམ་མཁའ་བཞིན་དུ་ཉམས་སུ་མྱོང་བ་དང་། དོན་དམ་བདེན་པ་མངོན་སུམ་དུ་རྟོགས་པ་གཉིས་རྣམ་པ་འདྲ་བས་ཉེ་བར་བཏགས་པ་ཡིན་གྱི། དོན་དམ་བདེན་པ་མངོན་སུམ་དུ་བྱས་པ་ནི་མིན་ཏེ། ལུས་ཅན་ཐམས་ཅད་འབད་པ་མེད་པར་གྲོལ་བའི་སྐྱོན་དུ་འགྱུར་བའི་ཕྱིར་དང་། དེ་ཁོ་ན་ཉིད་ཀྱི་དོན་ཐོས་བསམ་གྱིས་ལེགས་པར་གཏན་ལ་མ་ཕེབས་པ་ལ་ཡང་འོད་གསལ་དེ་ཉམས་སུ་མྱོང་བ་འབྱུང་བའི་ཕྱིར་རོ། ། བཏགས་པའི་འོད་གསལ་ཉམས་སུ་མྱོང་ཡང་མི་ངེས་པ་སྲིད་ལ། མཚན་ཉིད་པ་དོན་གྱི་འོད་གསལ་མངོན་སུམ་དུ་བྱས་ཀྱང་མ་ངེས་སོ་ཞེས་སྨྲ་བར་མི་ནུས་ཏེ། འཕགས་པ་མ་ཡིན་པ་ཐམས་ཅད་ལ་དེ་ལྐོག་ཏུ་གྱུར་པའི་ཕྱིར་རོ། ། ༽
( ཞེས་མདོ་སྔགས་གང་གི་ལུགས་ལའང་དོན་དམ་བདེན་པ་ལ་ཡུལ་ཅན་ནམ་ཡེ་ཤེས་མེད་པ་གསུངས་སོ། ། འདིར་མཚོན་ཙམ་ལས། རྒྱས་པ་གོང་དུ་བཀོད་ཟིན་ཏོ། །)
བཞི་པ་མཐའ་ཐམས་ཅད་རང་བཞིན་གྱིས་གྲུབ་པ་ལ་གནས་ཚུལ་གྱི་གནད་ནི།
སློབ་དཔོན་འཕགས་པ་ལྷ་ཡི་ཡེ་ཤེས་སྙིང་པོ་ཀུན་ལས་བཏུས་པ་ལས། ཡོད་མིན་མེད་མིན་ཡོད་མེད་མིན། །གཉིས་ཀའི་བདག་ཉིད་ཀྱང་མིན་པས། །མཐའ་བཞི་ལས་གྲོལ་དབུ་མ་པ། །མཁས་པ་རྣམས་ཀྱི་དེ་ཁོ་ན། ། ཞེས་གསུངས་པས་ན། དབུ་མ་པས་ཅི་ཡང་ཁས་མི་ལེན་པས། རི་བོ་དགེ་ལྡན་པ་ནི་ཆད་སྟོང་མེད་དགག་ཙམ་གྱི་རྟག་མཐའ་ལ་གནས་པ་མ་ཡིན་ནམ། ཞེ་ན།
འདིའི་སྐབས་སུ་ཅི་ཡང་ཁས་ལེན་མེད་ཅེས་པའི་ཚིག་སྨྲ་ཡུལ་ནི་གྲུབ་མཐའ་འོག་མ་རྣམས་ལྟར་གྱི་ཁས་ལེན་མེད་པ་ཡིན་ལ། དེ་ཡང་རྣལ་འབྱོར་སྤྱོད་པ་བ་ལྟ་བུའི་རྣམ་ཤེས་དམ་པའི་དོན་དུ་ཡོད་པ་མིན་ལ། འཇིག་རྟེན་རྒྱང་ཕན་པ་ལ་སོགས་པ་ལྟར་འཇིག་རྟེན་ཕྱི་མའི་ཡང་སྲིད་ཀྱི་རྣམ་ཤེས་མེད་པ་མིན་ཞིང་། གོང་དུ་བཤད་པའི་གྲུབ་མཐའ་སྐྱོན་ཅན་གཉིས་ཀས་འདོད་པ་ལྟར། ཡོད་མེད་དེ་གཉིས་ཀ་མིན་པའི་བདག་ཉིད་ལེགས་ལྡན་ལྟར་ཡང་སྲིད་ཕྱི་མའི་རྣམ་ཤེས་ཡོད་ཀྱང་བདེན་པས་སྟོང་བཞིན་པའི་རྣམ་ཤེས་རང་གི་མཚན་ཉིད་ཀྱིས་གྲུབ་པ་ཡང་ཡོད་པ་མིན་ནོ། །
འོ་ན་ཕྱོགས་དང་པོ་གཉིས་ལྟར་མིན་པ་ཡང་མིན་ན། དེས་སྟོང་དགོས་པས་དེ་གཉིས་ཀ་ལྡན་པ་མ་ཡིན་པ་ཡིན་དགོས་ཏེ། དགག་པ་གཉིས་ཀྱི་རྣལ་མ་གོ་བའི་ཕྱིར་རོ། ། འདོད་ན་གཉིས་ཀའི་བདག་ཉིད་མིན་པ་མིན་གསུངས་པ་མི་རིགས་སོ། ། ཞེ་ན། འདི་ནི་མཐའ་དེ་བཞི་ཀ་ལས་གྲོལ་བའི་མཁས་པ་དབུ་མ་ཐལ་འགྱུར་བའི་གྲུབ་མཐའ་དེ་ཁོ་ན་ཉིད་འཇོག་མ་ཤེས་ནས། གྲུབ་མཐའ་སྐྱོན་ཅན་དེ་རྣམས་ལྟར་ཁས་ལེན་མེད་གསུངས་པ་དེ་སྤྱིར་ཁས་ལེན་མེད་ཟེར་སྙམ་ནས་འཁྲུལ་བ་ཡིན་ཏེ། གོང་དུ་བཤད་པའི་མཐའ་བཞི་པོ་ལས་གྲོལ་བའམ་འདས་པའི་ཕུང་གསུམ་མམ་ལྔ་བའི་གྲུབ་མཐའ་མཁས་པ་དབུ་མ་ཐལ་འགྱུར་བའི་འཇོག་ཤེས་པའི་གནད་ཡོད་པའི་ཕྱིར་ཏེ། ཡང་སྲིད་ཕྱི་མའི་རྣམ་ཤེས་ཡོད་ཀྱང་། སེམས་ཙམ་པ་དང་རང་རྒྱུད་པ་སོགས་ཕྱོགས་བཞི་པོའི་མཐའ་གང་ལའང་མི་གནས་ཀྱང་། ཡང་སྲིད་ཕྱི་མའི་རྣམ་ཤེས་དེ་ནི་ཡོད་ཀྱང་ཐ་སྙད་དུ་ཡང་རང་གི་མཚན་ཉིད་ཀྱིས་སྟོང་པའི་རྟེན་འབྲེལ་སྒྱུ་མ་ལྟ་བུ་ཡིན་པས་སོ། །
དེས་ན་རང་རྒྱུད་པའི་འདོད་པ་ལྟར་མིན་ན་སེམས་ཙམ་དང་རྒྱང་ཕན་ལྟར་ཡོད་དགོས་པ་མིན་ལ། རྣལ་འབྱོར་སྤྱོད་པ་བ་དང་རྒྱང་ཕན་གྱི་འདོད་པ་ལྟར་མིན་ནའང་རང་རྒྱུད་པའི་འདོད་པ་ལྟར་གྱི་བདེན་གྲུབ་ཀྱིས་སྟོང་པའི་རྣམ་ཤེས་རང་གི་མཚན་ཉིད་ཀྱིས་གྲུབ་པ་ཡིན་མི་དགོས་པས། ཁྱོད་ནི་དགག་པ་གཉིས་ཀྱི་རྣལ་མ་གོ་བའི་གནད་མི་ཤེས་པ་ཡིན་ཏེ། དགག་པ་གཉིས་ཀྱི་རྣལ་མ་གོ་བ་ནི་དངོས་འགལ་གོ་དགོས་ལ། དེ་ལ་ཕུང་གསུམ་མི་སྲིད་པ་ཞིག་དགོས་པས་སོ། །
གནད་དེ་ལ་དགོངས་ནས་མགོན་པོ་ཀླུ་སྒྲུབ་ཀྱི་རྩོད་ཟློག་ལས། རང་བཞིན་མེད་པ་ཉིད་ལོག་ན། །རང་བཞིན་ཉིད་དུ་རབ་གྲུབ་འགྱུར། ། ཞེས་གསུངས་པ་ལྟར། གོང་དུ་བཤད་པ་ལྟར་གྱི་ཡོད་མིན་མེད་མིན་སོགས་ནི་ཉེ་ཚེ་བའི་འགལ་བ་ཙམ་ལས་རང་བཞིན་གྱིས་གྲུབ་པ་ཤ་སྟག་གཞིར་བཞག་པས་ཕུང་གསུམ་སེལ་བའི་དངོས་འགལ་མིན་ཏེ། དེ་དག་གི་དངོས་ཀྱི་ལོག་ཕྱོགས་གང་ཡང་མིན་ཀྱང་ཕུང་གསུམ་ཡོད་པའི་ཕྱིར་ཏེ། དབུ་མ་ཐལ་འགྱུར་བའི་ལུགས་ལྟར་ཡང་སྲིད་ཕྱི་མའི་རྣམ་ཤེས་ནི་དེ་བཞི་ཀ་གང་ཡང་མིན་ཀྱང་། མཐའ་དེ་བཞི་ཀ་མིན་པའི་རང་བཞིན་ནམ་རང་གི་མཚན་ཉིད་ཀྱིས་སྟོང་བའི་རྟེན་འབྲེལ་དུ་ཆེས་འཐད་པས་སོ། །
དེས་ན་དངོས་འགལ་དང་མཐའ་བཞི་སོ་སོར་གནས་པའི་གྲུབ་མཐའ་སྐྱོན་ཅན་སོ་སོར་དང་སྦྱར་དགོས་པ་ནི་སྐབས་ཀྱི་དན་པོ་ཡིན་ནོ། །
འདིར་གཉིས་ཀ་མིན་པའང་མིན་གསུངས་པའི་གནད་འདི་ལྟར་མི་ཤེས་བཞིན་དུ་ཐལ་བ་བཏང་བ་ནི་དགག་པ་གཉིས་ཀྱི་རྣལ་མ་དངོས་འགལ་ལ་མ་སླེབས་པས་མི་འཐད་ལ། གལ་ཏེ་དེ་ལྟར་འཐད་ན་རྣམ་ཤེས་ལྟ་བུ་ལ་ཡང་སྲིད་དོན་དམ་པར་ཡོད་མེད་གཉིས་ཀའི་བཞི་མཐུན་དུ་འགྱུར་བ་གདོན་མི་ཟ་བར་སྨྲ་དགོས་པས་གང་དྲན་དྲན་དུ་འགྱུར་རོ། །
གནད་འདི་ཤེས་ན་མགོན་པོ་ཀླུ་སྒྲུབ་ཡབ་སྲས་རྗེས་འབྲངས་དང་བཅས་པའི་ལུགས་གཙང་མར་བཟུང་ནུས་པར་མ་ཟད། མཐའ་བཞི་པོ་གྲུབ་མཐའ་འོག་མའི་འདོད་པ་ཡིན་པར་ཤེས་ནས། དེ་ལས་འདས་ཏེ་མཐར་ཐུག་གི་མཐའ་བྲལ་རང་བཞིན་གྱིས་སྟོང་པའི་དེ་ཁོ་ན་མཁས་པ་དབུ་མ་ཐལ་འགྱུར་བའི་ལུགས་ལ་ཁས་ལེན་ཐུན་མོང་མིན་པ་ཞིག་ཡོད་པར་འཇོག་ནུས་པས།མགོན་པོ་ཀླུ་སྒྲུབ་ཡབ་སྲས་ཀྱིས། ། ཐ་སྙད་ཁས་ནི་མ་བླངས་པར། །ངེད་ཅག་འཆད་པ་མི་བྱེད་དོ། །
ཞེས་སོགས་ལྟར་རྩ་འཇུག་བཞི་གསུམ་གྱི་ཟླ་འགྲེལ་ན་ཤིན་ཏུ་མང་བའང་ལེགས་པར་དྲངས་ཤིང་། འོད་སྲུང་གིས་ཞུས་པ་སོགས་མཐའ་ལ་མི་གནས་པ་གསུངས་ཚད་ཐལ་འགྱུར་བས་འགྲེལ་ལུགས་བྱ་བརྒྱ་འུར་རྡོས་གཅིག་འདེད་ལྟར་ནུས་པ་ཡིན་ནོ། །
སྐབས་གཞན་འོད་སྲུང་གིས་ཞུས་པ་ལས་ནི་མཐའ་ཐམས་ཅད་མཐའ་གཉིས་ལ་བསྡུས་ཏེ་དབུ་མ་གཏན་ལ་འབེབས་ཤིང་། དེ་ལྟར་ནའང་དབུས་དེ་ལ་རྒྱན་ལས། རྣམ་པར་རྟོག་པས་རྣམ་མི་རྟོག ། ཅེས་པ་ལྟར། བྱང་སེམས་སྦྱོར་ལམ་པས་བདེན་འཛིན་རྟོག་པས་ཞེན་ཡུལ་མེད་པ་ལ་གནས་པས་ཤེར་ཕྱིན་ལ་སྤྱོད་པ་ཡིན་གསུངས་པ་ལྟར། རང་བཞིན་གྱིས་སྟོང་བཞིན་སྒྱུ་མ་ལྟ་བུར་ལྟ་བ་ལ་གནས་དགོས་སོ། ། དེ་ལྟར་མིན་པར་དེ་ཉིད་ལ་བདེན་པར་ཞེན་ན་སྤྲོས་བྲལ་ལ་བདེན་པར་ཞེན་པ་ཡིན་པས་མཐའ་ཕུང་གསུམ་པ་ལ་ཟག་པ་བསྟན་ནོ། ། གནད་འདི་ཤེས་ན་མཐའ་ཇི་ཙམ་མང་ཡང་རང་བཞིན་གྱིས་གྲུབ་པའི་སྦྲུལ་གྱི་ཚང་ལ་གནས་འཆའ་བ་ཤ་སྟག་ཡིན་པས་ན། ཟླ་བ་གྲགས་པས་མཐའ་ཐམས་ཅད་མཐའ་འདི་ལས་ལྷག་པ་མེད་གསུངས་པ་དང་། རང་བཞིན་མེད་པ་རྟོགས་ན་སེམས་སྦྱོང་བྱེད་མཆོག་འདི་ལས་མེད་ཅེས་ཀླུ་སྒྲུབ་ཀྱི་གཞུང་ཡང་ལེགས་པར་དྲངས་པར་འགྱུར་ཏེ། ཟླ་གྲགས་ཀྱི་རིགས་པ་དྲུག་ཅུ་པའི་འགྲེལ་པ་ལས། ཐར་པ་མཆོག་དེ་སྨྲ་བའི་ཁྱུ་མཆོག་དེ་ཡིས་རང་གིས་མཁྱེན་དེ་གསུངས། །
ཚིགས་སུ་བཅད་པ་དེ་འཕགས་པ་ཤཱ་རིའི་བུས་ཐོས་པ་ཙམ་གྱིས་དེ་ཁོ་ན་རྟོགས་ཤིང་འབྱུང་སྟེ། དེ་བས་ན་དེ་ལྟར་སྔོན་གོམས་པའི་མཐུ་ཉིད་ཀྱིས་དེ་དག་གི་བློ་ཡོད་པ་དང་མེད་པར་མཐོང་བ་ལས་འདས་སོ། །
མཐའ་གཉིས་པོ་དེ་ལས་ལྷག་པའི་དབུས་མེད་པའི་ཕྱིར་དེ་ལ་ཡང་གནས་པ་མེད་པས་མི་གནས་སོ། ། སྐྱེ་བོ་བྱིས་པ་རྣམས་ལ་འཇིགས་པར་བྱེད་པ་དང་། དེ་དག་འཇུག་མི་ནུས་པའི་ཕྱིར་ཟབ་པའོ། ། རང་བཞིན་གྱིས་མི་སྐྱེ་བས་ཡོད་པ་དང་མེད་པའི་མཐའ་དང་དབུས་ཡོངས་སུ་བརྟག་པའི་ཡུལ་དུ་དམིགས་པར་མི་ནུས་པའི་ཕྱིར་དམིགས་སུ་མེད་དོ། །
ཞེས་དབུས་ལའང་བརྟགས་ན་མི་གནས་གསུངས་པར་མི་ཤེས་ནས། དབུས་ལ་མི་གནས་གསུངས་སྙམ་པའི་ཚིག་གི་ངོ་གདོང་ཙམ་ལ་འཁྲུལ་བ་བྱུང་བ་སྤོང་ནུས་པར་མ་ཟད། སྐབས་འདིར་རང་བཞིན་མེད་པ་ཙམ་གྱི་རྒྱུ་མཚན་བཀོད་ནས་མཐའ་ཐམས་ཅད་དང་བྲལ་བ་གསུངས་པ་སྒྲ་ཇི་བཞིན་པར་འགྲེལ་ནུས་པས་ན། གངས་ཅན་གྱི་ཞིང་ན་འདི་ལྟ་བུའི་གཏམ་ཡོངས་སུ་མ་གྲགས་པས་རྗེ་ཙོང་ཁ་པ་ལ་གངས་ཅན་ཤིང་རྟའི་སྲོལ་འབྱེད་ཅེས་པ་ནི་དོན་དང་མཐུན་པ་ཡིན་ནོ། །
གནད་འདི་ལ་དགོངས་ནས་མགོན་པོ་ཀླུ་སྒྲུབ་ཀྱིས། མཆོག་ཏུ་སེམས་ནི་སྦྱོང་བྱེད་པའི། །ཆོས་ནི་རང་བཞིན་མེད་པ་ཡིན། ། ཞེས་སོགས་དང་། གཞན་ཡང་དུས་འཁོར་འགྲེལ་ཆེན་དྲི་མེད་འོད་ལས་མཐའ་ཇི་ཙམ་མང་ཡང་རང་བཞིན་གྱིས་གྲུབ་པའི་མཐའ་གཅིག་པོ་ལ་འདུས་པ་གསུངས་ཏེ། རང་བཞིན་མེད་པ་ནི་ཕྱོགས་སམ་མཐའ་མ་ཡིན་པ་གསུངས་པའི་ཕྱིར་རོ། ། དེ་སྐད་དུ་ཡང་འགྲེལ་ཆེན་ལས།
རང་བཞིན་མེད་པའི་ཕྱོགས་ནི་བཅོམ་ལྡན་འདས་ཀྱིས་ཕྱོགས་མེད་པར་གསུངས་སོ། ། ཕྱོགས་ཞེས་བྱ་བ་ནི་དངོས་པོ་དང་། དངོས་པོ་མེད་པ་དང་། ཡོད་པ་དང་མེད་པ་དང་། ཡིན་པ་དང་མ་ཡིན་པ་དང་། གཅིག་དང་གཅིག་མ་ཡིན་པ་དང་། རྟག་པ་དང་ཆད་པ་དང་། སྲིད་པ་དང་མྱ་ངན་ལས་འདས་པ་དང་། གཟུགས་དང་གཟུགས་མ་ཡིན་པ་དང་། སྒྲ་དང་སྒྲ་མ་ཡིན་པ་དང་། སྐད་ཅིག་དང་སྐད་ཅིག་མ་ཡིན་པ་དང་། ཆགས་པ་དང་ཆགས་པ་མ་ཡིན་པ་དང་། ཞེ་སྡང་དང་ཞེ་སྡང་མ་ཡིན་པ་དང་། གཏི་མུག་དང་གཏི་མུག་མ་ཡིན་པ། ཞེས་པ་ལྟ་བུ་ལ་སོགས་པ་རྣམས་ནི་རྣམས་ནི་ཕྱོགས་ཏེ། ཕན་ཚུན་ལྟོས་པ་དང་བཅས་པ་ཉིད་ཀྱི་ཕྱིར་རོ། ། ཕྱོགས་འདི་དང་བྲལ་བ་ནི་སངས་རྒྱས་རྣམས་མི་གནས་པའི་མྱ་ངན་ལས་འདས་པ་རང་བཞིན་མེད་པ་སྟེ། སྐད་ཅིག་གཅིག་དང་དུ་མ་དང་བྲལ་བའི་ཡེ་ཤེས་ནི་རྒྱལ་བ་རྣམས་ཀྱིས་དེ་ཁོ་ན་ཉིད་ཅེས་གསུངས་སོ། །
ཞེས་མཐའ་ཉེར་བཞི་ཙམ་དངོས་སུ་གསུངས་ནས། དེ་ལྟ་བུ་ཞེས་ད་དུང་མཐའ་ཇི་ཙམ་བགྲང་ཡང་རང་བཞིན་གྱིས་ཡོད་པ་ལ་གཞིར་བཅས་པ་ཤ་སྟག་ཡིན་ནོ། ། རྒྱུ་མཚན་དེ་བས་ན་རང་བཞིན་མེད་པའི་ལྟ་བ་འདི་ནི་མཐའ་བྲལ་གྱི་ལྟ་བ་ཡིན་པར་རིགས་ལྡན་པདྨ་དཀར་པོས་ནན་ཏན་མཛད་པ་ཡིན་ནོ། །
ད་དུང་རི་བོ་དགེ་ལྡན་པའི་མདོ་སྔགས་ཀྱི་གཞུང་ཆེན་འགྲེལ་ལུགས་ཐུན་མོང་མིན་པའི་ལུང་རིགས་ཕྱོགས་གཅིག་ཏུ་བཀོད་པ་ནི། ཁོ་བོས་བྱས་པའི་སྐུ་བཞིའི་བརྡ་ཆད་གཏམ་གྱི་རོལ་མོ་དང་། ཡེ་ཤེས་མི་རྟག་པ་དང། རྒྱུན་གྱི་རྟག་པ་དང་། སྟོང་ཉིད་མེད་དགག་གི་ཁུངས་དང་། གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་སྐོར་ཞེས་པའི་དེབ་རྣམས་སུ་གསལ་བར་བྱས་ཡོད་པས་དེ་དག་ལ་གཟིགས་པར་ཞུ། །
ཞེས་པ་འདི་ནི་2018/4/24/ རིས་མེད་མདོ་སྔགས་ཟུང་གི་ལྟ་གྲུབ་བགྲོ་གླེང་ཆེན་མོ་ཐེངས་དང་པོའི་གཏམ་བཤད་དགོས་པར་གསུངས་པས་དེའི་ཆེད་དུ་ངག་གི་དབང་ཕྱུག་པས་དོན་གནད་མདོར་བསྡུས་བཀོད་པའོ།
གསལ་བཤད། རྩོམ་ཤོག་བཟོ་བཅོས་འཕྲི་སྣོན་གང་གིས་ཀྱང་མ་ལྷད་ནས་མ་ཕྱི་རང་སོར་བཞག་ཡོད།