༧སྐྱབས་རྗེ་མཁན་སློབ་རྣམ་གཉིས་ནས་བོན་བརྒྱ་དགོན་པའི་འདུས་སྤྱི་དང་རེབ་གོང་བོན་མང་སོགས་མི་སྡེ་ལྷ་སྡེ་དག་ལ་གནངས་པའི་ཐུགས་གསོའི་འཚམས་འཕྲིན།
ཚེས་༢༢ཉིན་མདོ་སྨད་བྱང་རྒྱུད་བོན་གྱི་བསྟན་བདག་ཆེན་མོ་༧བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་རིན་པོ་ཆེ་མཆོག་བོན་བརྒྱ་བླ་བྲང་དུ་སྐུ་ཆ་ལུགས་ལྔ་ལྡན་བཅས་ཐུགས་དམ་གཡོ་བ་མེད་པའི་ངང་ནས་སྐུ་མྱ་ངན་ལས་འདས་པའི་ཡིད་སྐྱོ་བའི་གནས་ཚུལ་དེ་ཐོས་མ་ཐག་འདི་གར་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་༧དཔལ་གཤེན་བསྟན་སྨན་རིའི་གླིང་དུ་༧སྐྱབས་རྗེ་མཁན་སློབ་རྣམ་གཉིས་ཀྱི་བཀའ་དགོངས་བཞིན།
དམ་པ་གང་ཉིད་ཀྱི་གཟུགས་སྐུའི་བཀོད་པ་བོན་དབྱིངས་སུ་བསྡུས་པ་ལ་༧དཔལ་ལྡན་སྨན་རིའི་བླ་བྲང་དང་༧དཔལ་གཤེན་བསྟན་སྨན་རིའི་གྲྭ་ཚང་འདུས་སྤྱི་ནས་གདུང་སེམས་མཉམ་བསྐྱེད་དང་། ཁོང་གི་སྐུ་ཚེ་གང་བོར་བོན་གྱི་བསྟན་པ་སྨན་པའི་ལེགས་བྱས་དག་རྗེས་དྲན་གྱི་ཆེད་སྨན་རིའི་ཚོགས་ཁང་ཆེན་མོའི་སྟོན་པའི་སྐུ་བརྙན་དྲུང་དུ་མཆོད་པ་རྣམ་ལྔ་སོགས་བླ་མ་མཆོད་པའི་མཆོད་རྫས་ཇི་སྙེད་བཤམས་ནས་སེམས་དཔའ་འདུས་སྡེ་རྒྱ་མཚོས་སྒྲ་དག་ཚིག་གསལ་སྙན་པའི་དབྱངས་དང་བཅས་ཨ་རྫོགས་སྙན་གསུམ་སོགས་སེམས་བསྐྱེད་དང་ཐུགས་སྨོན་ཡང་དག་གི་སྒོ་ནས་མཆོད་འབུལ་སྨོན་ལམ་ཟབ་རྒྱས་གནང་ཡོད་པ་དང་། གྲྭ་མང་ཡོངས་ལ་སྐུ་འགྱེད་སྒོར་༡༠༠བཅས་མཆོད་འབུལ་བྱས་ཡོད་པ་རེད།
འགྲོ་བ་ལྷ་དང་བཅས་པ་ཡོངས་ཀྱི་སྐྱབས་མཆོག་དམ་པ་༧བོན་བརྒྱ་ཐམས་ཅད་མཁྱེན་པ་མཆོག་ཉིད། ཧོར་ཟླ་༧པའི་ཚེས་༦ཉིན་གྱི་དགོང་མོའི་ཆུ་ཚོད་༡༡་སྟེང་དགོངས་པ་བོན་དབྱིངས་སུ་གཟིམས་པའི་ཚུལ་བསྟན་ཉིན་དེ་ནས་བཟུང་བླ་མ་ཁོང་གི་སྲས་ཀྱི་ཐུ་བོར་གྱུར་བ་༧ཤར་རྫའི་རྒྱལ་ཚབ་འཇིགས་མེད་དབང་ཕྱུག་དང་། སྐྱང་སྤྲུལ་ནམ་མཁའ་བསྟན་འཛིན། བྱང་སྟོན་དྲི་མེད་ཉི་མ་དང་། སྐྱབས་རྗེ་ཁོང་གི་ཐུགས་སྲས་གང་མང་ཞིག་གིས་གསལ་འདེབས་ཀྱི་ཚུལ་དུ་བླ་མའི་རྣལ་འབྱོར་དང་ཚེ་དབང་བོད་ཡུལ་མ་སོགས་བརྩོན་ལེན་གནད་སྨིན་གྱིས་བསྒྲུབས་ནས་བླ་མ་རིན་པོ་ཆེ་ཚང་གི་དགོངས་བཞེད་ཇི་བཞིན་དུ་གསང་རྒྱ་དམ་པོར་བསྲུང་བ་ཡིན། ཚེས་༡༢ཉིན་གྱི་ཞོགས་པ་ནས་གསང་རྒྱའི་རིམ་པ་གྲོལ་ཏེ་ཀུན་ལ་ཁྱབ་བསྒྲགས་བྱས་པ་ཡིན་པསསྡིག་སྤོང་དགེ་སྒྲུབ་དང་ཚོགས་བསགས་ཉམས་ལེན་གྱི་རིམ་པ་ལ་ཅི་ནུས་ཀྱིས་འབད་པར་འཚལ་ཅེས་བོན་བརྒྱ་དགོན་དང་བོན་མང་འདུས་སྤྱི་ནས་ཟླ་༧པའི་ཚེས་༡༢ལ།
མཁས་པའི་དབང་བོ་བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོའི་མཛད་རྣམ་མདོར་བསྡུས།
མཁས་གྲུབ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་མཆོག་ནི། ཡུལ་མདོ་སྨད་རོང་ཆེན་བཞིའི་ཡ་གྱལ། བྱང་ཨཀྟ་རོང་ཆེན་ཞེས་བྱ་བ་རེབ་གོང་གསེར་ལྗོངས་སྟོད་ཀྱི་ཆར། ཡར་ནང་བོན་སྡེ་ཁ་གསུམ་གྱི་ནང་ཚན་མག་སར་གཡུང་དྲུང་བདུད་འདུལ་གླིང་གི་སྒྲུབ་སྡེ་དང་ཉེ་བར། ཁྱུང་དཀར་བསྟན་པ་དར་རྒྱས་ཀྱི་རུས་རྒྱུད་དུ། ཡབ་དགེ་སེམས་དང་བརྩོན་འགྲུས་ཆེ་བ་རྡོ་རྗེ་ཐར་དང༌། ཡུམ་བྱམས་སེམས་དང་དད་གུས་འཛོམས་པ་ཚེ་རིང་སྐྱིད་གཉིས་ཀྱི་སྲས་སུ་འབྲས་སྐྱིད་ཅེས་པ་རབ་བྱུང་བཅུ་དྲུག་པའི་ཤིང་ཕག་སྟེ(སྤྱི་ལོ༡༩༣༥)ལོའི་ཆོ་འཕྲུལ་ཟླ་བའི་ཡར་ཚེས་དགེ་བར། བསྐྱེད་བྱེད་ཡུམ་ལ་གནོད་པ་མེད་པར་ཡ་མཚན་རྨི་ལམ་གྱི་རྟགས་དང་ལྡན་པ་ལ། རིག་འཛིན་འཇའ་ཚོན་སྙིང་པོའི་ཞལ་ནས། སྟོང་གསུམ་འདུལ་བའི་སྟོན་པ་རིན་པོ་ཆེ། །གདུལ་བྱར་དུས་བབ་རྒྱལ་གྱི་ཟླ་བའི་ཉར། །བལྟམས་ཚེ་ཨུ་དུམ་ཝ་རའི་མེ་ཏོག་གིས། །ཤམ་པོ་ལྷ་རྩེ་བཀོད་པ་གསར་དུ་མཛེས། །ཞེས་གསུངས་པ་ལྟར་ངོ་མཚར་གྱི་ལྟས་དུ་མ་དང་བཅས་ཏེ་མཛེས་སྐུའི་ཉི་གཞོན་གསར་བ་མཁའ་རུ་འཛུམ།
སྐུ་ན་ཕྲ་བའི་དུས་ནས་དམ་པའི་དགོངས་སྤྱོད་ལྷན་སྐྱེས་སུ་མངའ་ཞིང༌། རྣམ་དཀར་དགེ་ལ་སྤྲོ་བའི་བག་ཆགས་སྟོབས་སུ་གྱུར་བས། འཆད་ཉན་འབྲི་ཀློག་གི་ཚུལ་དང་སྒོམ་སྒྲུབ་བཞུགས་སྟངས་ཀྱི་ཉམས་སོགས་མ་བཅོས་རང་ཆས་སུ་མངོན་ཞེས་ཀུན་གྱིས་ཐུན་མོང་དུ་གླེངས། དགུང་ལོ་ལྔ་བ་ལྕགས་འབྲུག(སྤྱི་ལོ༡༩༤༠)ལོར་བྱང་སྟོན་གྲུབ་པའི་དབང་ཕྱུག་བོན་བརྒྱ་ནམ་མཁའ་རྒྱལ་མཚན་རིན་པོ་ཆེ་དང༌། རྟོགས་ལྡན་དམ་པ་ཏྲེ་ཚང་སྤྲུལ་སྐུ། སྔགས་རྙིང་མའི་མདོ་མཁྱེན་བརྩེ་གྲུབ་པའི་དབང་པོ། སྟོན་ཁྱུང་ཞབས་དྲུང་བསོད་ནམས་གཡུང་དྲུང་དབང་གི་རྒྱལ་པོ་སོགས་རིས་མེད་ཀྱི་སྐྱེས་ཆེན་དུ་མས་ཐུགས་བཞེད་གཅིག་ཏུ་བབས་ཏེ། ངེས་དོན་གྱི་སེམས་དཔའ་ཆེན་པོ་གཡུང་དྲུང་ཕུན་ཚོགས་མཁས་གྲུབ་འཇིགས་མེད་དཔལ་བཟང་པོའི་ཐུགས་ཀྱི་ཡང་སྤྲུལ་འཁྲུལ་མེད་དུ་ངོས་འཛིན་གནང༌།
དགུང་ལོ་དྲུག་གི་སྟེང་སངས་རྒྱས་བསྟན་པའི་གཞི་མ་ཡི་གེ་འབྲི་ཀློག་གི་ཚུལ་བཟུང་སྟེ། འདུལ་བ་མདོ་ཡི་བོན་དང་ཟབ་མོ་སྔགས་ཀྱི་བོན་སྤྱོད་ཅི་རིགས་དང༌། རྒྱལ་བ་སྨན་རི་བའི་རིང་ལུགས་ལྟར་གྱི་ཆོ་གའི་ཕྱག་ལེན་ཚང་ལ་མ་ནོར་བ་ལོ་ཕྱེད་གསུམ་གྱི་རིང་ལ་དཀའ་ཚེགས་དང་ཐུགས་ངལ་ལ་མ་འཛེམ་པར་ལན་རེར་གཟིགས་པ་ཙམ་གྱིས་མཁྱེན་རྟོགས་བྱུང༌། དགུང་ལོ་བརྒྱད་བཞེས་པའི་ཚེ་རིགས་ཀྱི་ཅོད་པན་གྲུབ་དབང་ནམ་མཁའ་རྒྱལ་མཚན་གྱི་དྲུང་ནས་སངས་རྒྱས་བསྟན་པའི་འཇུག་སྒོ་སྐྱབས་འགྲོའི་སྡོམ་པ་ཚུལ་བཞིན་དུ་བླངས་ཏེ། རིམ་གྱིས་སྔོན་འགྲོ་བསགས་སྦྱང་གིས་ཐུགས་རྒྱུད་ལེགས་པར་སྦྱངས། དགུང་ལོ་དགུའི་སྟེང་དམ་པ་དེའི་དྲུང་ནས་ཤེས་བྱ་ཀུན་གྱི་རྨང་གཞི་བརྡ་སྤྲོད་སུམ་རྟགས་ལ་ཐོས་བརྩོན་མཛད་ཅིང་མཁྱེན་རབ་ཡེ་ཤེས་ཀྱི་སྣང་བ་རབ་ཏུ་རྒྱས་པ་སྟེ། མདོ་ལས། ཡེ་ནི་མཚོན་པའི་ཡུལ་ལས་འདས། །ཤེས་ནི་རིག་པའི་རྩལ་རྣམས་རྫོགས། །ཞེས་དང༌། ལུང་རྒྱུན་གྱི་སྐོར་ལས། ཕྱི་ནང་གསང་བ་ཡང་གསང་གི་རྒྱུད་སྡེ་དང་སྒྲུབ་སྐོར་ཆ་ལག་དང་བཅས་པའི་ལུང་གསན།
དགུང་ལོ་བཅུ་བ་ཤིང་བྱ་སྟེ(སྤྱི་ལོ༡༩༤༥)ལོར་མཁས་བཙུན་བཟང་པོའི་ཡོན་ཏན་གྱི་བདག་ཉིད་དཔལ་དམ་པ་སྐྱང་སྤྲུལ་རྒྱལ་བའི་དབང་པོ་ལུང་རྟོགས་སྐལ་བཟང་རྒྱ་མཚོའི་གསེར་ཞལ་ཐོག་མར་མཇལ་ཏེ། སྔོན་འགྲོའི་ཁྲིད་ཡིག་བཀའ་ལུང་རྒྱ་མཚོའི་ཁྲིད་ལུང་ཞིབ་རྒྱས་སུ་གསན། སྔོན་འགྲོ་འབུམ་དགུའི་རིམ་པ་ལེགས་པར་གྲུབ་སྟེ་ཟབ་མོ་འཕོ་སྦྱང་གི་འབྲས་བུ་མངོན་དུ་བརྙེས་པས་བླ་མའི་ཐུགས་ཟིན་ཏེ་སྲས་ཀྱི་ཐུ་བོར་གྱུར། ཁྱད་པར་དུ་སྐུ་གོང་མའི་དངོས་སློབ་བོན་བརྒྱ་དབྱིངས་རིག་རྣམ་གྲོལ་གྱི་ཞབས་ལ་གཏུགས་ཏེ་ཕྱག་དཔེ་གླེགས་བམ་བརྒྱ་ཕྲག་དུ་མའི་ལུང་ཐོབ། དགུང་ལོ་བཅུ་གཉིས་ནས་བོན་བརྒྱ་གྲུབ་དབང་ནམ་མཁའ་རྒྱལ་མཚན་རིན་པོ་ཆེ་དང་མ་འབྲལ་བར་ཞབས་ཀྱི་པདྨོ་མཉེས་པ་གསུམ་གྱིས་བསྟེན་ཏེ། སུམ་རྟགས་སྙན་ངག་སོགས་ཐུན་མོང་རིག་གནས་སྤྱི་དང༌། ཁྱད་པར་དུ་མདོ་སྔགས་གཉིས་ལས་སྨིན་བྱེད་ཀྱི་དབང་དང་རྗེས་གནང༌། གྲོལ་བྱེད་ཀྱི་ཁྲིད་དང་གཤར་སྒོམ། རྒྱབ་བརྟེན་གྱི་ལུང་དང་ཞལ་ཤེས། སྙན་བརྒྱུད་མན་ངག་གི་རིམ་པ་སོགས་བུམ་པ་གང་བྱོས་ཚུལ་དུ་ཐུགས་གསང་ཡེ་ཤེས་འཁོར་ལོའི་མཛེས་རྒྱན་དུ་གསན་བསམ་མཛད།
དགུང་ལོ་བཅོ་ལྔ་བཞེས་པ་ཆུ་འབྲུག(སྤྱི་ལོ༡༩༥༢)ལོར་འོག་མིན་མཁའ་སྤྱོད་གཉིས་པར་གྲགས་པ། དཔལ་སྐྱང་སྤྲུལ་རྒྱལ་བའི་དབང་པོ་ཀུན་མཁྱེན་མུ་ལ་ཝེར་ཞིའི་གདན་ས་ཁྱད་པར་ཅན། མདའ་ཆེན་དཀར་མོ་རི་ཁྲོད་དུ་ཕེབས་པ་ལ། སུམ་བརྒྱ་བ་ལས། རང་གི་སྐྱེས་པའི་ཕ་ཡུལ་གང་ཡིན་ཏེ། །ཆགས་སྡང་ཉོན་མོངས་ཀུན་གྱི་ལྡུམ་ར་ཡིན། །གང་ན་དགེ་བ་མི་འཕེལ་ས་ཕྱོགས་སྤང༌། །འཕེལ་བའི་ཕྱོགས་སུ་འགྲོ་ཞིང་གནས་པར་བྱ། །ཞེས་པར་དགོན་དེའི་ལོ་གསུམ་སྒྲུབ་གྲྭར་ཞུགས། སྐྱང་སྤྲུལ་བསྟན་འཛིན་དབང་རྒྱལ་རིན་པོ་ཆེ་དང་མཚུངས་མེད་ལུང་རྟོགས་སྐལ་བཟང་རྒྱ་མཚོ་རིན་པོ་ཆེ་གཉིས་ཀྱི་ཞབས་པད་ཚུལ་བཞིན་བསྙེན་ཏེ། ཨ་ཁྲིད་ཐུན་མཚམས་བཅོ་ལྔ་བའི་ཁྲིད་དང་མདོ་ཆོག་ཆོ་ག་བཅུ་གཉིས། ཡི་དམ་དཀྱིལ་འཁོར་རྒྱ་མཚོའི་རྡུལ་ཚོན་གར་དབྱངས་དང་བཅས་ཁྲིད་ལུང་དབང་བཞིའི་ཆུ་བོ་མ་ལུས་ཐུགས་ཀྱི་རྒྱ་མཚོ་ཆེན་པོར་བསྐྱིལ། བྱང་སེམས་མཆོད་པ་རྒྱ་ཆེར་སྤེལ་བ་དང་འབྲེལ་སོ་བྱང་སྔགས་ཀྱི་སྡོམ་པ་ངོ་བོ་གནས་འགྱུར་དུ་བླངས་པས་གཞ༷ན་ཕ༷ན་བློ༷་གྲོ༷ས་རྒྱ༷་མཚོ༷ར་གསོལཞིང་ཐེག་ཆེན་རིགས་ཀྱི་ལྟ་སྤྱོད་གོང་དུ་འཕེལ།
དེ་ཡང་གཞི་ཡེ་སངས་རྒྱས་པའི་རྒྱུད་ལས། ཐབས་ལམ་གནད་དྲུག་ཉམས་སུ་མྱོང་བ་གཅེས། །ཐབས་ལམ་དོན་གཉེར་སྒོམ་བསྲན་ཆེ་བ་གཅེས། །ཞེས་གསུངས་པ་ལྟར། འཕོ་སྦྱང་དང་དངོས་གཞིའི་ལྟ་ཁྲིད། རྩ་རླུང་དང་འཁོར་འདས་རུ་ཤན། བཅུད་ལེན་དང་ཁྲེགས་ཆོད་ཐོད་བརྒལ། མུན་ཁྲིད་དང་སྣང་བཞིའི་ཉམས་ལེན། ཨར་གཏད་དང་ཉིན་སྣང་མཚན་སྣང་སོགས་ལོ་གསུམ་སྒྲུབ་གྲྭའི་སྦྱངས་པ་མཐར་ཕྱིན་མཛད་པས། རྗེ་དགོངས་མཛོད་ཆེན་པོས། རྟོགས་པ་རི་བོ་བཞིན་དུ་འཕོ་འགྱུར་མེད། །ཅེས་པའི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཉམས་རྟོགས་ཀློང་དུ་བརྡོལ་ཞིང་གྲུབ་པའི་གོ་འཕང་མཐོན་པོར་ངང་གིས་གཤེགས། ཞོར་དུ་སྒྲ་དང་སྡེབ་སྦྱོར། རྩིས་དང་སྙན་ངག བཟོ་དང་མངོན་བརྗོད། སྨན་དང་ཟློས་གར་སོགས་བཅུ་ཕྲག་རིག་པའི་གནས་ལ་སྦྱངས་པ་དཔྱིས་ཕྱིན་པར་མཛད་པས། ཀུན་མཁྱེན་བླ་མའི་ཐུགས་མཉེས་ཏེ་སྙན་ཚིག་ཕྲེང་བའི་ལམ་ནས་བསྔགས་བརྗོད་དང་བཅས་བརྡ་སྤྲོད་ཀུན་བཤད་ཀྱི་མཚན་ལ་ང༷ག་དབ༷ང་དབྱ༷ངས་ལྡ༷ན་དགྱེ༷ས་པ༷འི་བློ༷་གྲོ༷ས་ཞེས་ལྔ་རིག་མཁས་པའི་ཁྲི་འཕང་ལ་མངའ་གསོལ་མཛད་ཅིང་མཚན་སྙན་གྲགས་པའི་འབྲུག་སྒྲ་ཕྱོགས་སུ་ལྡིར།
དགུང་ལོ་ཉི་ཤུའི་སྟེང་སླར་ཡང་གསེར་ལྗོངས་ཡུལ་ཏུ་བྱོན་ཏེ་བོན་བརྒྱ་བླ་རབས་རིམ་བྱོན་གྱི་གདན་ས་བསྐྱར་བཞེངས་དང་བསྙེན་སྒྲུབ་སྒོམ་པའི་ཉམས་ལེན་རྒྱུན་སྐྱོང༌། ཕྱོགས་འདུས་ཀྱི་སློབ་བུའི་ཚོགས་ལ་འཆད་ཁྲིད་བསྐྱངས་པ་སོགས་དམ་པའི་མཛད་སྤྱོད་འཁོར་ལོ་གསུམ་དང་མ་འབྲལ་བར་བསྟན་འགྲོའི་ལས་དོན་རླབས་ཆེན་ཕྲག་ཏུ་བཞེས། བཅོས་བསྒྱུར་སྐབས་སུ་ཉེས་མེད་ཉེས་འདོགས་ཀྱིས་ཁྲིམས་རྭར་བཅུག་ནས་ལོ་ངོ་དུ་མའི་རིང་ལ་བོན་སྔགས་བན་གསུམ་གྱི་སྐྱེས་བུ་རྣམས་དང་ལྷན་བཞུགས་བྱས། དེ་ཡང་མདོ་ལས། ལུས་དང་སྲོག་གི་དོན་ཕྱིར་ཡང༌། །འགྲོ་བ་སེམས་ཅན་དོན་མི་བོར། །ཞེས་སྲོག་ཉེན་ལ་མ་འཛེམ་པར་རྒྱལ་ཁབ་ལས་བྱེད་མི་སྣའི་ཚེ་སྲོག་བསྐྱབས་པར་སྐྱོན་མེད་ལྷོད་ཡང་གི་རང་དབང་ཐོབ། རིག་གསར་སྐབས་ཀྱི་རླུང་འཚུབ་དྲག་པོའི་ཁྲོད། ངེས་མེད་ཀྱི་ཡུལ་ཁམས་འགྲིམས་ཏེ་འཁྱགས་ལྟོགས་བཀྲེས་སྐོམ་གྱི་སྡུག་བསྔལ་སྣ་ཚོགས་མྱོང་ན་ཡང༌། དམ་པའི་ཐུགས་ལ་སྐྱོ་སུན་དང་ཡོན་ཏན་ལ་ངོམས་པ་མེད་པར་ངེས་དོན་གྱི་བཤེས་གཉེན་དུ་མར་བསྟེན་ནས་བཀའ་པོད་རྣམ་ལྔར་སྦྱངས་པ་མཐར་ཕྱིན་ཏུ་མཛད་པ་སྟེ། བླ་ཆེན་དྲན་པའི་ཞལ་ནས། རྐྱེན་ངན་ཐམས་ཅད་ཐབས་མཁས་དགེ་བཤེས་ཡིན། །བར་ཆོད་ཐམས་ཅད་དགེ་སྦྱོར་བསྐུལ་མ་ཡིན། །རྣམ་རྟོག་ཐམས་ཅད་རང་གདངས་ཆེན་པོ་ཡིན། །ཞེས་པ་ཐུགས་ལ་བཀྲམས་ནས། སྐབས་སུ་གཞན་གྱིས་མི་མངོན་པར་བཞུགས་ཏེ་ལས་ལྡན་གྱི་སློབ་མའི་ཚོགས་ལ་ཆོ་གའི་ཕྱག་ལེན་དང་ལམ་ཁྲིད་རྒྱས་སྤྲོས། བོན་སྤྱོད་ཆོ་གའི་གླེགས་བམ་ཉི་ཤུ་ལྷག་ཙམ་ཕྱག་བྲིས་མཛད་དེ་སློབ་བུ་རྣམས་ལ་གནང་བ་མ་ཟད། བསྟན་འགྲོའི་དོན་ཆེན་དུ་དམིགས་ནས་ཤིང་པར་སྟོང་ཕྲག་གཉིས་ཙམ་བརྐོས་ཏེ་བསྟན་པ་རྗེས་བཞག་མཛད།
དགུང་ལོ་ཞེ་ལྔ་བ་ལྕགས་སྤྲེལ(སྤྱི་ལོ༡༩༨༠)ལོ་ཏང་གི་ཆོས་ལུགས་དད་མོས་སྲིད་ཇུས་རང་དབང་གིས་མངོན་འགྱུར་བྱས་ཐོག བསྟན་པ་ཐམས་ཅད་ཀྱི་བདག་པོ་༧ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་བར་ཐུགས་བརྩེ་བས་མཇལ་འཕྲད་གནང༌། དམ་པ་ཁོང་ཉིད་ལུགས་གཉིས་ལ་མཁྱེན་དཔྱོད་ཡངས་ཤིང་སྡེ་སྣོད་ཀུན་ལ་སྤྱན་དཀྱུས་བཀྲ་བ། གཞན་དྲིང་མི་འཇོག་པའི་སྤོབས་པ་ལྡན་པ་སོགས་བསྟན་འཛིན་སྐྱེས་བུའི་རང་གཤིས་འདོར་མེད་དུ་གཟིགས་ནས། ཨ་ལགས་བོན་བརྒྱ་ཁྱོད་ཀྱིས་མཚོ་སྔོན་ཕྱོགས་ཀྱི་བོན་སྡེ་ཁག་གི་བདག་པོར་མཛོད་ལ། ཐུགས་མཐུན་ཁྲིམས་གཙང་གི་དགོན་སྡེ་ལེགས་པོ་ཞིག་གི་གཞི་ཟུངས་ཞེས་ཞལ་དབྱུང་བསྩལ་ཏེ་དམངས་སྒོར་སྟོང་ཕྲག་ལྷག་དང་རྟེན་སྐལ་བཀའ་མཆིད་བཅས་གནང་བས། འབྱུང་འགྱུར་དོན་ལ་ཡིད་ཆེས་དང་རྟེན་འབྲེལ་གྱི་སྒོ་འཕར་ཡངས་པོར་ཕྱེས་པ་ནི། རྗེ་གསང་དོན་རྣམ་འབྱེད་ལས། སེམས་ཅན་དོན་བྱ་མ་གཏོགས་པ། །རྒྱལ་བ་མཉེས་པའི་ཐབས་གཞན་མེད། །ཅེས་གསུངས་པ་ནང་བཞིན། ལོ་དེར་བསྟན་འགྲོ་སྐྱོབ་པ་རླབས་ཆེན་དུ་དམིགས་བཙལ་ཏེ། ཕན་བདེ་རྩ་ལག་ཀུན་གྱི་འབྱུང་གནས་རང་དགོན་དཔལ་གཤེན་བསྟན་སྨན་རི་བཤད་སྒྲུབ་སྨིན་གློལ་གླིང་གི་དགོན་སྡེ་སླར་གསོ་མཛད། དེ་ལ་བྱམས་འབུམ་ལས། རང་དོན་སྤངས་པས་གཞན་དོན་འགྲུབ། །གཞན་དོན་བྱས་པས་སངས་རྒྱས་མཉེས། །ཐུགས་རྗེ་ཆེ་བས་ཀུན་འདྲེན་འགྱུར། །ཞེས་པ་ལྟར། བཅའ་བ་ཕྱག་ལེན། འབུད་བརྡུང་རོལ་གསུམ། ཡིག་གཟུགས་ལྷ་བྲིས། བསླབ་པ་དོན་གཉེར། བཅའ་བཞིའི་སྒྲིག་ལམ། བསྙེན་སྒྲུབ་སྒོམ་པ། ལྟ་སྤྱོད་སྒོམ་འབྲས་སོགས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་གནས་ཀུན་དཔལ་ལྡན་སྨན་རི་བའི་ལུགས་བཞིན་གཙང་ལ་རྨ་མེད་དུ་སྤེལ་བས་གཤེན་རབ་བསྟན་པའི་མཛེས་རྒྱན་དང་སྐལ་ལྡན་དད་པའི་མིག་རྒྱན་དུ་གྱུར།
ཤིང་བྱི་ལོར་རྔ་ལྗོངས་བོན་གྱི་འདུས་སྡེ་ཆེན་པོར་ཞབས་ཀྱིས་བཅགས་ཏེ། རྟོགས་ལྡན་ཡོངས་འཛིན་བཟོད་པ་རྒྱལ་མཚན་རིན་པོ་ཆེ་མཆོག་གི་ཞལ་སྔ་ནས་དང༌། སྣང་ཞིག་བྱ་འཕུར་བསྟན་འཛིན་རྒྱལ་མཚན་རིན་པོ་ཆེའི་ཞབས། རྒྱལ་ཚབ་རྒྱ་འོབས་བསྟན་འཛིན་དབང་རྒྱལ་རིན་པོ་ཆེ་སོགས་ཆེ་རྒུའི་གཙུག་རྒྱན་དུ་མའི་དྲུང་ནས། རྫོགས་ཆེན་ཀུན་ཏུ་བཟང་པོའི་སྙིང་ཐིག་གི་ཁྲིད་དང༌། མདོ་གཡུང་དྲུང་ཀློང་རྒྱས་ཀྱི་བཀའ་དབང༌། སྟག་ལྷའི་དབང་མཆོག་བྱེའུ་ཆུང་འཕར་མ་སོགས་དབང་ལུང་ཁྲིད་ཀྱི་གདམས་པ་མང་དུ་མནོས། སྣང་དགོན་བླ་གྲྭ་འདུས་སྤྱི་ཐུན་མོང་ནས་གསོལ་བ་བཏབ་པའི་ངོར། ཀུན་མཁྱེན་ཤར་རྫ་བའི་ཐུགས་ཀྱི་དགོངས་བཅུད་སྡེ་སྣོད་རིན་པོ་ཆེའི་མཛོད་རྩའི་ལུང་དང་བྱང་ཆུབ་ལམ་རིམ་དྲུག་ཅུ་བའི་ཞལ་ཁྲིད་ཞིབ་རྒྱས་སུ་གནངས་པ་སོགས་བོན་འབྲེལ་གསེར་གྱི་ཐག་པ་དམ་པོར་སྒྲིལ་ཞིང་སྣོད་ལྡན་སློབ་བུས་ས་སྟེང་བཀང་བར་བྱས།
དགུང་ལོ་དོན་བཞི་བཞེས་པ་ས་བྱི་ལོར་བསྟན་དང་འགྲོ་བའི་བདེ་སྐྱིད་ཐུགས་ལ་ཉར་ཏེ། རང་དགོན་སྨན་རི་བཤད་སྒྲུབ་སྨིན་གྲོལ་གླིང་གི་ཤར་ཕྱོགས་མངོན་པར་དགའ་བའི་མདུན་རིའི་སྟེང་དུ་བཀྲ་ཤིས་སྒོ་མང་གི་མཆོད་རྟེན་ཆེན་མོའི་རྨང་གཞི་ལེགས་པར་བཏིངས་པ་སྟེ། མདོ་ལས། སངས་རྒྱས་འགྲོ་བའི་དོན་ལ་སྐུ་མི་འཕང་། །ཞེས་གསུངས་པ་ལྟར། སྐུ་ངལ་དང་ཐུགས་ཚེགས་ལ་མ་འཛེམ་པར་འཛམ་གླིང་ཞི་བདེ་དང་། རང་བྱུང་གནོད་འགོག དམངས་ལ་བདེ་སྐྱིད་བཅས་ཀྱི་ཆེད་དུ་ལྕགས་སྟག་ལོར་མཆོད་རྟེན་ཆེན་མོ་ཕྱི་ཡི་རྣམ་པ་བཟོ་བཀོད་ཁྱད་དུ་མཚར་པ་ལྷ་མི་དད་པའི་བསོད་ནམས་ཀྱི་དཔལ་དུ་བརྗིད་ཆགས་བྱིན་ལྡན་དུ་མངོན་པར་བཞེངས་གྲུབ་པ་ཡིན་ནོ། །
གཞན་ཡང་སྔ་རྗེས་སུ་སངས་རྒྱས་ཐམས་ཅད་ཐུགས་དགོངས་རོ་གཅིག་ཏུ་རྟོགས་ཤིང་རྒྱལ་བསྟན་ཀུན་གྱི་དགོངས་པ་འགལ་མེད་དུ་གཟིགས་ནས་༧གོང་ས་པཎ་ཆེན་ཐམས་ཅད་མཁྱེན་པའི་ཞབས་དང༌། ཤར་སྐྱབས་མགོན་སྐལ་ལྡན་རྒྱ་མཚོ་སྐུ་ཕྲེང་བདུན་པ། ལཱ་མོ་ཡོངས་འཛིན་བློ་བཟང་མཁས་གྲུབ་རྒྱ་མཚོ། ལབ་བསོད་ནམས་བྱང་ཆུབ་རྩེ་མོ། གྲུབ་དབང་སེམས་དཔའ་རིན་པོ་ཆེ་སོགས་ལས། དཔལ་ལྡན་དུས་ཀྱི་འཁོར་ལོའི་དབང་ཆེན་དང་བདེ་གསང་འཇིགས་གསུམ། ཡོན་ཏན་མཛོད་རྩ་འགྲེལ། སྤྱོད་འཇུག་ཆེན་མོ་སོགས་ཀྱི་ཞལ་ལུང་ལེགས་པར་གསན་པས་ན། རྗེ་བཙུན་བྱང་པ་ཁྲོ་འབྲུག་གི་ཞལ་ནས། བདེ་བར་གཤེགས་པའི་གསུང་རབ་ཀུན། །རང་རྒྱུད་འདུལ་བའི་དོན་དུ་གསུངས། །ཞེས་པ་ལྟར། དེང་སང་གངས་རིའི་ཁྲོད་ན་རིས་མེད་ཀྱི་གྲུབ་མཐའ་སྤེལ་ཞིང་རང་གཞན་ཀུན་གྱི་ལུགས་ལ་གཟིགས་རྒྱ་ཡངས་པ་རྒྱུད་ལུང་མན་ངག་གི་གཏེར་ཆེན་འཛིན་པའི་ཡིད་བཞིན་ནོར་བུ་ལྟར་གྱུར་བ་ནི་དམ་པ་འདི་ཉིད་གཅིག་པུར་འཁུམས་སོ། །
ཁོང་གིས་མཛད་པའི་གསུང་རབ་དྲི་མ་མེད་པའི་ལྗགས་རྩོམ་ལ། བླ་མའི་རྣལ་འབྱོར་བྱིན་རླབས་གཏེར་ཆེན། ཉམས་ལེན་ཀུན་མཁྱེན་ཞལ་གྱི་བདུད་རྩི། ལམ་བསྡུས་ཐར་ལམ་གསལ་བའི་མེ་ལོང༌། ལམ་ཁྲིད་ཐམས་ཅད་མཁྱེན་པའི་ལམ་བཟང༌། སེམས་ཀྱི་རྣམ་བཞག་ཡིད་ཀྱི་མུན་སེལ། ཀ་རྩོམ་ཕྱོགས་བསྒྲིགས་དབྱངས་ཅན་བཞད་སྒྲ། རིས་མེད་བསྟན་རྩིས་མུན་སེལ་སྒྲོན་མེ། བོན་གྱི་བསྟན་འབྱུང་ཤེལ་གྱི་རྒྱང་མཐོང༌། ཉམས་མགུར་དང་བློ་སྦྱོང་གི་སྐོར། ས་བཅད་དང་གྲངས་འདྲེན་གྱི་སྐོར། རྣམ་ཐར་དང་བརྡ་ཡིག་གི་སྐོར། ཆོ་ག་དང་ཟིན་བྲིས་ཀྱི་སྐོར། དྲི་བ་དང་དྲིས་ལན་གྱི་སྐོར། ཆབ་ཤོག་དང་དོགས་དཔྱོད་ཀྱི་སྐོར། དཔྱད་རྩོམ་དང་ཡིག་གཟུགས་ཀྱི་སྐོར་སོགས་གླེགས་བམ་བརྒྱད་ཙམ་བཞུགས། གསུང་སྐྱེས་བུ་སློབ་ལ་ཡང༌། ཇི་སྐད་དུ། ལུང་དྲུག་ལས། བོན་གྱི་སྐུ་ལས་གཡོ་མེད་ཀྱང༌། །རིག་པའི་འོད་ཟེར་ཀུན་སྤྲོས་ནས། །འགྲོ་བ་མ་ལུས་བདེ་ལ་བཀོད། །ཅེས་གསུངས་པ་ལྟར། བོད་ཡུལ་སྟོད་སྨད་བར་གསུམ་ནས་བྱོན་པས་བསྟན་འགྲོའི་དོན་ཆེན་མཛད་པའི་བླ་སྤྲུལ། སྡེ་སྣོད་རྒྱ་མཚོར་འཇུག་པའི་མཁན་སློབ། བཀའ་པོད་རྣམ་ལྔ་ཆུབ་པའི་དགེ་བཤེས། བསླབ་གསུམ་རྣམ་པར་དག་པའི་བཙུན་པ། གསང་ཆེན་རིག་པ་འཛིན་པའི་སྔགས་འཆང༌། ཕན་བདེ་སྲིད་དོན་གཉེར་བའི་ལས་བྱེད། ཤེས་བྱ་སྦྲང་རྩི་རོལ་བའི་སློབ་བུ། སྡིག་སྤོང་དགེ་བཅུ་སྒྲུབ་པའི་མི་སྐྱ་སོགས་རྒྱ་བོད་སོག་གསུམ་དང་རྒྱལ་ཁབ་ཕྱི་ནང་ཀུན་ནས་འོང་བའི་སློབ་བུ་བགྲང་ལས་འདས་པ་བྱུང༌།
མདོར་ན་དམ་པ་གང་ཉིད་མདོ་སྨད་བྱང་བརྒྱུད་ཀྱི་གཡུང་དྲུང་བསྟན་པའི་བདག་ཉིད་དང༌། སྨན་རི་བཤད་སྒྲུབ་སྨིན་གྲོལ་གླིང་གི་དགོན་བདག རེབ་གོང་བོན་མང་ཕུར་ཐོགས་སྟོང་དང་དགུ་བརྒྱའི་བསྟན་བདག་བཅས། སྲིད་ཕྱོགས་ནས་ཀྱང་སྔ་རྗེས་སུ། རྨ་ལྷོ་ཁུལ་མི་རིགས་དགེ་འོས་སློབ་གྲྭའི་ཞིབ་འཇུག་པ་དང༌། རེབ་གོང་རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ད་ལྟ་མཚོ་སྔོན་ནང་བསྟན་མཐུན་ཚོགས་ཀྱི་རྒྱུན་ལས་ཨུ་ཡོན་དང༌། རྨ་ལྷོ་ཁུལ་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྤྱི་བོད་རིག་པའི་གྲོས་ཚོགས་ཐེངས་དགུ་བ་དང༌། བཅུ་བ། བཅུ་གཅིག་པ་བཅས་སུ་ཕེབས་ནས་དཔྱད་རྩོམ་སྒྲོགས་གླེང་དང༌། ཉམས་མྱོང་བརྗེ་རེས་སུ་སྤེལ་བས་མཁས་པའི་སྙན་པ་ས་སྟེང་ཀུན་ཏུ་ཁྱབ་བཞིན་པར་མ་ཟད། ཐོས་དོན་རང་རྒྱུད་ལ་སྦྱར་ཞིང་སྒོམ་རྟོགས་ཉམས་བཞེས་སུ་མཛད་དེ་སྤངས་རྟོགས་ཡོན་ཏན་ལ་མངའ་བརྙེས་ཤིང༌། མདོ་སྔགས་བོན་གྱི་བཤད་སྒྲུབ་ཟུང་འབྲེལ་གྱིས་བསྟན་པའི་དར་ཆེན་ནམ་མཁའ་ཇི་སྲིད་བར་གཡོ་མེད་དུ་སྒྲེང་བཞིན་བཞུགས་ལགས་སོ། །
ཞེས་པའི་རྣམ་ཐར་ཉུང་བསྡུས་འདི་ཡང་དམ་པ་གང་གི་བཀའ་འབངས་ཡོངས་ཀྱི་ཐ་ཤལ་དུ་གྱུར་བ་གཤེན་གྱི་དགེ་སྦྱོང་ཚུལ་ཁྲིམས་བསྟན་པ་འབྲུག་གྲགས་ཀྱིས་གངས་ཏི་སེ་བོན་གཞུང་རིག་མཛོད་ཁང་དུ་སུག་བྲིས་བགྱིས་པའོ། །