གཡུང་དྲུང་བོན་གྱི་སྐོར་བགྲོ་གླེང་སྐབས་བཅོ་བརྒྱད་པའི་ཉིན་མཐའ་མའི་གནས་བསྡུས།

 


དེ་རིང་སྟེ་བོད་ས་ཕག་ལོའི་བོད་ཟླ་༣པའི་ཚེས་༡༧དང་ཕྱི་ཚེས་༢༠༡༩ལོའི་ཟླ་༥ཚེས་༢༡ཉིན་གྱི་སྔ་དྲོའི་ཆུ་ཚོད་༩/༣༠སྟེང་གཡུང་དྲུང་བོན་གྱི་སྐོར་བགྲོ་གླེང་སྐབས་བཅོ་བརྒྱད་པའི་ཉིན་གསུམ་པའི་བགྲོ་གླེང་༧གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་གི་གཡུང་དྲུང་བོན་གྱི་དཔེ་མཛོད་ཁང་གི་ཚོགས་ཁང་ཆེན་མོའི་ནང་འཚོགས་པ་དང་།

ཉིན་འདིའི་སྔ་དྲོའི་བགྲོ་གླེང་གཙོ་སྐྱོང་བ་འཇིགས་མེད་དབང་རྒྱལ་ལགས་ཀྱིས་གཙོ་སྐྱོང་འོག ༧གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་གི་གཡུང་དྲུང་བོན་གྱི་དཔེ་མཛོད་ཁང་གི་འགན་འཛིན་མར་ནང་དགེ་བཤེས་ཁྲི་གཡུང་དྲུང་ལགས་ནས་༼༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་༣༣པའི་མཛད་རྣམ་གནད་བསྡུས་སུ་བརྗོད་པ།༽ཞེས་པའི་བརྗོད་གཞི་ལས་འཕྲོས་པའི་གཏམ་བཤད་གནང་ཡོད་པ་དང་།

དེ་ཡང་༧འཛམ་གླིང་བོན་གྱི་གཙུག་རྒྱན་ཞྭ་དཀར་བསྟན་པའི་དབུ་འཁྲིད་བོན་གྱི་བླ་ཆེན་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་༣༣པའི་འཁྲུངས་གཞིས་དང་འཁྲུངས་ལོ། ཐོག་མའི་མཚན། གཞིས་སུ་བཞུགས་སྐབས་ཀྱི་སློབ་གཉེར་བརྒྱུད་རིམ། བྱེས་ཕེབས་སྤྱི་ཚོགས་ཀྱི་འཚོ་བའི་དཀའ་ངལ་སྐབས་ཐུགས་སྤོབས་ཆེན་པོས་དཔེ་རྙིང་པར་སྐྲུན་གྱི་མཛད་རིམ་བསྐྱངས་སྟངས། རིས་མེད་ཆོས་བརྒྱུད་ཁག་ཏུ་ཐོས་བསམ་མཛད་ཚུལ། དགེ་རྒན་དང་ཞིབ་འཇུག་གི་ལས་གཞི་བསྐྱངས་སྟངས། སྨན་རིའི་ཁྲི་རབས་ཀྱི་རྟགས་སྒྲིལ་དང་ཁྲི་འདོན་ལོ་ཚིགས་གསལ་འགྲེལ། དགོན་སྡེ་དང་སློབ་གྲྭ་གསར་འཛུགས་ཀྱིས་རང་རྐྱ་ཐུབ་པའི་བོད་ཀྱི་རིག་གཞུང་སློབ་གཉེར་བྱེད་པའི་སྡེ་ཚན་ཁག་ལས་གཞི་རྒྱ་ཆེན་བསྐྱངས་པའི་མཛད་རྣམ། མཐའ་མར་ཐུགས་དམ་རྟགས་མཚན་གྱི་ཆེ་བ་བརྗོད་ནས་གཏམ་བཤད་མཇུག་བསྡུས་ཡོད་པ་རེད།
ཉིན་གསུམ་པའི་སྔ་དྲོའི་ཆུ་ཚོད་༡༠/༣༠སྟེང་ཡོ་རོབ་འཇར་མེན་གནས་བཞུགས་པ་བྲག་དཀར་དགེ་བཤེས་རྣམ་རྒྱལ་ཉི་མ་ལགས་མཆོག་ནས་༼ཞང་ཞུང་གི་ཚིག་མཛོད་ངོ་སྤྲོད།༽ཞེས་པའི་བརྗོད་གཞིའི་སྟེང་ནས་གསུང་བཤད་གནང་ཡོད་པ་དང་། དེ་ཡང་ཁོང་གིས་མཛད་པའི་བོད་དབྱིན་ཤན་སྦྱར་༼ཞང་ཞུང་གི་ཚིག་མཛོད༽ངོ་སྤྲོད་མ་ཞུས་སྔར་ཞང་ཞུང་ཞེས་པའི་ས་གནས་དང་། དེའི་རིག་གཞུང་། ཁྱབ་ཁོངས་སོགས་ནས་འགྲེལ་བརྗོད་གནང་ཡོད་པ་དང་། བརྗོད་དོན་དངོས་ཀྱི་ཐོག་ནས་ཁོ་བོའི་ཚིག་མཛོད་འདིའི་ནང་ཐ་སྙད་༣༨༧༥གྲུབ་ཡོད་ལ། ཐ་སྙད་མ་ཁུངས་བོན་དཔེ་བཀའ་བསྟན་འགྱུར་གྱི་ཁ་བྱང་མི་འདྲ་བ་༤༦༨ལ་གཞི་བཅོལ་བྱས་ནས་བྲིས་འདུག་ལ། དེ་ཡང་སྐབས་བབས་ཀྱི་ཐ་སྙད་དེ་དང་འབྲེལ་བའི་སྔ་རྗེས་བརྗོད་ཚིག་ཆ་ཚང་ཟུར་འདོན་དང་།

ཐ་སྙད་སྒྲིག་སྟངས་ཐད་གསལ་བྱེད་གོ་རིམ་བཞིན་སྒྲིག་རྗེས་དེའི་འགྲེལ་བཤད་བོད་དབྱིན་ཤན་སྦྱར་བྱས་ཡོད་ལ། མཐར་སྔ་རྗེས་བརྗོད་ཚིག་གི་ཡོངས་ཁུངས་དཔེ་མིང་བཅས་རྒྱལ་སྤྱིའི་རང་བཞིན་ཅན་གྱི་ཚིག་མཛོད་དག་གི་གོ་རིམ་ངེས་ཅན་བརྒྱུད་ཡོད་པ་བཅས་ཉིན་འདིའི་སྔ་དྲོའི་བགྲོ་གླེང་མཛད་རིམ་མཇུག་གྲུབ་ཡོད་པ་རེད།

ཉིན་རྒྱབ་ཆུ་ཚོད་༣།༠༠སྟེང་གཡུང་དྲུང་བོན་གྱི་སྐོར་བགྲོ་གླེང་སྐབས་༡༨པའི་མཇུག་སྡོམ་མཛད་རིམ་དབུ་འཛུགས་གནང་ཡོད་པ་དང་། དེ་ཡང་མཇུག་སྡོམ་མཛད་སྒོའི་སྟེང་དངོས་སུ་ཆིབས་བསྒྱུར་བསྐྱངས་པའི་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་གདན་ཞུས་ཀྱིས་ཚོགས་མགོན་དུ་འཁོད་རྗེས་ཚོགས་བཅར་བ་ཡོངས་ལ་གསོལ་ཇ་དང་བཞེས་ཏོག་སོགས་ཕུལ་བ་དང་སྦྲགས་སློབ་ཕྲུག་སྐོར་ཞིག་གིས་ཐེངས་འདིའི་བགྲོ་གླེང་གི་མྱོང་ཚོར་སྐོར་ནས་གཏམ་བཤད་གྲུབ་མཚམས།

བོན་གཞིས་སམ་བྷོ་ཊའི་ཉིན་སློབ་ཀྱི་སློབ་སྤྱི་སྐལ་བཟང་ཆོས་སྒྲོན་ལགས་ནས་ཐེངས་འདིའི་བགྲོ་གླེང་དང་འབྲེལ་བའི་གཏམ་གླེང་མཛད་པ་དང་། དེ་ཡང་ཐོག་མར་སྐབས་༡༨པའི་བགྲོ་གླེང་གོ་སྒྲིག་ཚོགས་ཆུང་གིས་སློབ་ཕྲུག་ཚོར་ཆེད་དམིགས་ཀྱིས་བགྲོ་གླེང་གི་གོ་སྐབས་བསྩལ་གནང་བར་ཐུགས་རྗེ་ཆེ་ཞུ་བ་དང་། བགྲོ་གླེང་འདིའི་མགོ་མཇུག་བར་གསུམ་ཀུན་ཏུ་མཉམ་ཞུགས་གནང་མ་ཐུབ་ནའང་ཁོ་མོས་སློབ་ཕྲུག་དག་ལ་ཉིན་རེའི་བགྲོ་གླེང་གི་ཆ་ཤས་བླངས་པ་ཟིན་བྲིས་སུ་ཕབ་ཏུ་བཅུགས་པ་ཡིན་ལ། འདི་ལྟར་བལྟས་ཚེ་ཉིན་གསུམ་རིང་གི་བགྲོ་གླེང་གིས་སློབ་ཕྲུག་དག་གི་སྟོང་ཆ་གལ་ཆེན་ཞིག་བསྐོངས་འདུག་བསམ་ནས་དགའ་བ་རྒྱས་ཡོད་ལ། ངོས་ནས་སློབ་ཕྲུག་དག་གི་ཚབ་བྱས་ཏེ་ཐུགས་རྗེ་བཀའ་དྲིན་ཆེ་ཞེས་གསུངས།
དེ་རྗེས་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་ནས་ཐེངས་འདིའི་བགྲོ་གླེང་གི་གསུང་བཤད་སློབ་དཔོན་རྣམས་ལ་མགུལ་དར་བསྒྲོན་རྗེས་༧སྐྱབས་རྗེ་དཔོན་སློབ་རིན་པོ་ཆེས་ཚོགས་ཞུགས་པ་ཡོངས་ལ་བཀའ་སློབ་ལམ་སྟོན་བསྩལ་དོན། ཐེངས་འདིའི་བགྲོ་གླེང་གི་ཁ་བྱང་དུ་གཡུང་དྲུང་བོན་གྱི་སྐོར་བགྲོ་གླེང་སྐབས་བཅོ་བརྒྱད་པ་ཞེས་བྲིས་ཡོད་ཀྱང་། བགྲོ་གླེང་འདིར་སངས་རྒྱས་དང་ཐར་པ་ཁོ་ན་གླེང་གིན་མེད་ལ། མི་རིགས་ཤིག་གི་རིག་གཞུང་གི་རྒྱབ་ལྗོངས་གླེང་བཞིན་ཡོད། གང་ཡིན་ཟེར་ན་ཞང་ཞུང་དང་བོད་ཀྱི་རིག་གཞུང་ནི་འོ་ཆུ་འདྲེས་པ་བཞིན་སོ་སོ་དབྱེ་རུ་མེད་པས། གླེང་བརྗོད་གང་ཡང་བོད་ཀྱི་རིག་གཞུང་གི་ཆ་ཤས་ཤིག་ལ་འགྲེལ་བརྗོད་བྱེད་བཞིན་ཡོད་ཅེས་བཀའ་སློབ་ཟབ་རྒྱས་གྲུབ་རྗེས། བགྲོ་གླེང་འགན་འཛིན་མཆོག་ནས་བགྲོ་གླེང་མཇུག་སྡོམ་གྱི་གཏམ་བཤད་གནང་ཡོད་པ་དང་། མཇུག་སྡོམ་ལས་རིམ་གྲུབ་རྗེས་ཚོགས་མི་ཡོངས་ནས་གཡུང་དྲུང་བསྟན་པ་རྒྱས་པའི་སྨོན་ལམ་གསུངས་པ་དང་འབྲེལ་སྐབས་༡༨པའི་གཡུང་དྲུང་བོན་གྱི་སྐོར་བགྲོ་གླེང་ཡོངས་སུ་མཇུག་གྲུབ་པ་བཅས་ཐ་ཚན་མུ་ཙུག་སྨར་རོ།

༧སྐྱབས་རྗེ་མཁན་སློབ་རྣམ་གཉིས་དང་ཐེངས་འདིའི་བགྲོ་གླེང་གོ་སྒྲིག་ཚོགས་ཆུང་གི་ཚོགས་མི་ལྷན་རྒྱས།

གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
བོན་ཆོས་དཔྱད་བསྡུར།
བོན་ཆོས་དཔྱད་བསྡུར།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
སྨན་རིའི་སྟེགས་འཇོག་ལོ་ཐོ།
སྨན་རིའི་སྟེགས་འཇོག་ལོ་ཐོ།
previous arrow
next arrow