རིས་མེད་བགྲོ་གླེང་ཐེངས་བཞི་པ་༧དཔལ་གཤེན་བསྟན་སྨན་རིའི་གླིང་དུ་འཚོགས་པའི་གནས་བསྡུས།

 

དེ་ཡང་ཕྱི་ལོ་༢༠༡༩།ཟླ་༦ཚེས་༤སྔ་དྲོའི་ཆུ་ཚོད་༨།༣༠ཐོག་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་དང་། དཔལ་གཤེན་བསྟན་སྨན་རིའི་གླིང་གཉིས་ནས་གོ་སྒྲིག་ཞུས་པའི་བརྗོད་གཞི་མངོན་པ་མཛོད་ཀྱི་ཚིག་ལེའུར་བྱས་པ་དང་། བོན་གཞུང་སྲིད་པའི་མཛོད་ཕུགས་སྐོར་ནས་སྐབས་བཞི་པའི་རིས་མེད་བགྲོ་གླེང་དབུ་འཛུགས་གནང་ཡོད་པ་དང་།
དེ་ཡང་ཐེངས་འདིའི་བགྲོ་གླེང་གི་ཚོགས་མགོན་དུ་ཆིབས་བསྒྱུར་བསྐྱངས་པའི་སྐུ་མགྲོན་གཙོ་བོ་དཔལ་ལྡན་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་དང་། དཔལ་གཤེན་བསྟན་སྨན་རིའི་གླིང་གི་༧སྐྱབས་རྗེ་དཔོན་སློབ་འཕྲིན་ལས་ཉི་མ་རིན་པོ་ཆེ། བཤད་སྒྲུབ་མཁན་པོ་དགེ་བཤེས་ཉི་མ་དོན་འགྲུབ་རིན་པོ་ཆེ་བཅས་གདན་འདྲེན་གྱིས་ཆོས་རིག་བཀའ་བློན་མཆོག་ནས་སྣང་གསལ་སྒྲོན་མེ་ཞལ་ཕྱེ་ནས་ཐེངས་འདིའི་རིས་མེད་བགྲོ་གླེང་ཐེངས་བཞི་པ་དངོས་སུ་དབུ་འཛུགས་གནང་ཡོད་པ་དང་།

དེ་ཡང་དཔལ་ལྡན་ཆོས་རིག་ལས་ཁུངས་ཀྱི་བསྟན་འཛིན་རྣལ་འབྱོར་ལགས་ཀྱིས་གཙོ་སྐྱོང་འོག ༧དཔལ་གཤེན་སྨན་རིའི་གླིང་གི་བྱིངས་འདྲེན་ཆེན་མོ་ནས་སྔོན་འགྲོའི་དབུ་འདོན་དབུ་འཛུགས་གནང་ནས་གསོལ་ཇ་དང་འབྲས་སིལ་མཆོད་རྗེས།

༧གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱི་ཟུང་དྲུང་ལྷ་ཐོག་དགེ་བཤེས་བསོད་ནམས་རྒྱ་མཚོ་མཆོག་ནས་རིས་སུ་མ་ཆད་པའི་ཕྱོགས་མཐའ་ཁག་ནས་ཕེབས་པའི་ཚོགས་བཅར་བ་ཡོངས་ལ་འཚམས་འདྲི་དང་། དཔལ་ལྡན་ཆོས་རིག་ལས་ཁུངས་ངོས་ནས་རིས་མེད་མཁས་པའི་བགྲོ་གླེང་དགོན་འདིར་འཚོགས་པའི་གོ་སྐབས་གནངས་པར་བཀའ་དྲིན་ཐུགས་རྗེ་ཆེ་ཞུས་པ་དང་བཞེས་ལག་དང་བཞུགས་ཤག་གང་ཅིའི་ཐད་ནས་ཐུགས་འདོད་དང་མཐུན་པ་ཞིག་མ་བྱུང་བ་ཡིན་ཚེ་དགོངས་སེལ་དང་སྦྲགས་༧དཔལ་གཤེན་བསྟན་སྨན་རིའི་གླིང་གི་ངོ་སྤྲོད་མདོར་བསྡུས་ཤིག་གནངས་ཡོད་པ་རེད།
དེ་རྗེས་༧དཔལ་གཤེན་བསྟན་སྨན་རིའི་གླིང་གི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་ནས་ཆོས་རྒྱུད་རིས་མེད་ཀྱི་ལྟ་གྲུབ་མཉམ་གནས་རང་རྒྱུད་དུ་འབྱོར་ཐབས་བྱེད་ཕྱོགས་ཐད་ནས་གསུང་རྒྱུར། བོད་ལ་དུས་འགྱུར་བྱུང་བ་ནས་བཟུང་༧སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གཙོས་ཆོས་བརྒྱུད་རིས་མེད་ཁག་གི་བླ་ཆེན་མང་པོ་ཞིག་བྱེས་སུ་ཕེབས་དགོས་ཐུག་པ་རེད། ཡིན་ནའང་རྐྱེན་ངན་གྲོགས་འགྱུར་གྱི་ཚུལ་དུ་༧སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དབུ་ཁྲིད་འོག་ཆོས་ལུགས་གཅིག་མཐོང་གཅིག་བཀུར་གྱི་ཚུལ་གྱིས་ས་གཅིག་གནས་གཅིག་ཏུ་མཉམ་འཛོམས་ཐོག་ཕན་ཚུན་གྱི་ལྟ་གྲུབ་ཁག་ལ་བགྲོ་གླེང་དང་སློབ་སྦྱོང་བྱེད་པའི་གོ་རིམ་ཆགས་པ་འདི་རྐྱེན་ངན་གྲོགས་སུ་སོང་བ་ཞིག་དང་གྲུབ་འབྲས་གལ་ཆེན་ཞིག་ཏུ་བརྩི་ཆོག་པ་རེད།
རིས་མེད་ཀྱི་ལྟ་གྲུབ་འདི་སྔར་དུས་རབས་བདུན་པའི་སྐབས་མཁས་གྲུབ་གཉིས་ལྡན་བླ་ཆེན་པོ་དྲན་པ་ནམ་མཁའ་ནས་བཟུང་ཡོད་འདུག་ལ། ཁོང་གི་ཞལ་ནས་ཉམས་ལེན་ཕྱོགས་གཅིག་ནས་ལེན། དག་སྣང་ཕྱོགས་མེད་དུ་སྦྱོངས་གསུངས་ཡོད་པ་རེད། ཅེས་གསུང་འདིས་དག་སྣང་སྦྱངས་སྟངས་ཐད་ནས་འགྲེལ་བརྗོད་རྒྱས་འགྲེལ་དང་འབྲེལ་གུས་པར་མཚོན་ནའང་ཆོས་རྒྱུད་ཆེན་པོ་བཞི་དང་ཇོ་ནང་དང་བཅས་པའི་གསུང་རབ་དག་ལ་སློབ་གཉེར་བྱེད་བཞིན་ཡོད། མི་ཁ་ཤས་ཤིག་གིས་གསུང་རབ་མང་པོ་མཉམ་བསྲེས་བྱས་ནས་བཞག་ན་རྨི་ལམ་འཁྲུག་གི་རེད་ཅེས་ལབ་མཁན་ཡོད་རེད། ཡིན་ནའང་ང་རང་གི་དཔེ་ཁང་དུ་ས་དགེ་བཀའ་རྙིང་ཇོ་ནང་བཅས་པའི་གསུང་རབ་མང་པོ་ཡོད་རེད་དེ་རྨི་ལམ་འཁྲུག་མ་མྱོང་བཅས་སྐུ་རྩེད་དང་བཅས་བཀའ་སློབ་བསྩལ་གནངས་པ་དང་།
སྔ་དྲོའི་སྔོན་འགྲོའི་མཛད་རིམ་མཐའ་མར་བོད་མིའི་སྒྲིག་འཛུགས་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་ནས་གསུང་བཤད་གནང་དོན། ཐོག་མར་རིས་མེད་བགྲོ་གླེང་འདི་ལོ་ངོ་དུ་མའི་རིང་ནས་ཆོས་བརྒྱུད་མ་འདྲ་བ་ཁག་གི་གདན་ས་རེ་མོས་ཀྱིས་ཚོགས་བཞིན་ཡོད་ལ། ཐེངས་འདིར་ཡང་ངེད་ཆོས་རིག་ལས་ཁུངས་ནས་༧གདན་ས་སྨན་རིའི་གླིང་དུ་ཚོགས་མོས་ཀྱི་རེ་སྐུལ་ལྟར་དཔལ་གཤེན་བསྟན་སྨན་རིའི་གླིང་གི་མཁན་སློབ་དབུས་དགའ་མོས་ཀྱིས་ངོས་བཞེས་དང་གྲ་སྒྲིག་རིམ་པར་གནང་བ་ཐོག་མར་ཐུགས་རྗེ་ཆེ་ཞུ་བ་དང་། ལོ་ངོ་དྲུག་ཅུའི་རིང་༧སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་མོ་མཆོག་གི་དབུ་ཁྲིད་པའི་ཆོས་བརྒྱུད་ཁག་གི་བླ་ཆེན་རྣམ་པས་སྐུ་ངལ་གང་མང་བསྐྱོན་ནས་བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་ཉམས་པ་སླར་གསོ། མ་ཉམས་གོང་འཕེལ། སྔར་མེད་གསར་གཏོད་ཀྱིས་རིག་གཞུང་ཆ་ཚང་བ་འདི་དག་མི་ཐོག་ཕྱི་མ་དག་ལ་རྩིས་སྤྲོད་བྱེད་ཐུབ་པ་ཞིག་དགོས་ཀྱི་ཡོད་རེད། ཆོས་བརྒྱུད་ཁག་ཡིན་ནའང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ནམ་རྒྱུན་གསུངས་པ་བཞིན་དག་སྣང་འོད་ཀྱིས་ཁྱབ་པ་ཞིག་ཡོང་དགོས་ཀྱིན་ཡོད་རེད། དག་སྣང་དེའང་ཆོས་རྒྱུད་མི་འདྲ་ཁག་གི་ལྟ་སྤྱོད་སྒོམ་གསུམ་སོགས་ལ་རྒྱུས་ལོན་གྱིས་དེ་དག་ལ་བཀུར་བསྟི་དག་སྣང་བཅོས་མིན་ཞིག་ཡོང་ཐབས་གལ་ཆེན་ཡིན་སྐོར་གྱི་བཀའ་སློབ་བཀའ་དྲིན་གྲུབ་མཚམས་ཆོས་རིག་དྲུང་འཕར་ཟླ་བ་ཚུལ་ཁྲིམས་ལགས་ནས་ཐུགས་རྗེ་ལེགས་གསོལ་གྱི་གསུང་བཤད་གནངས་ནས་སྔོན་འགྲོའི་མཛད་རིམ་ཡོངས་སུ་གྲུབ་ཡོད་པ་དང་།
སྔ་དྲོའི་ཆུ་ཚོད་༡༠།༤༥ཐོག་༧དཔལ་ས་སྐྱ་མཐོ་སློབ་ཀྱི་སློབ་དཔོན་སྤྲུལ་སྐུ་བསམ་གཏན་མགོན་པོ་མཆོག་གིས་གཙོ་སྐྱོང་འོག་ཚོགས་ཐུན་དང་པོའི་གསུང་བཤད་སློབ་དཔོན་༧ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་གི་མཁན་པོ་བསོད་ནམས་ཉི་མ་མཆོག་ནས་མངོན་པ་མཛོད་ཀྱི་མཛོད་གནས་དང་པོའི་ཐོག་དཔྱད་རྩོམ་དབུ་འཛུགས་གནང་ཡོད་པ་དང་།

དེ་ཡང་མངོན་པ་སྡེ་བདུན་དང་། བྱེ་བྲག་བཤད་མཛོད་ཆེན་མོའི་མངོན་པའི་དོན་མ་ལུས་པ་གསལ་བར་བྱེད་པའི་བསྟན་བཅོས་ཆེན་མོ་དམ་པའི་ཆོས་མངོན་པ་མཛོད་ཀྱི་གནས་དང་པོ་ཁམས་བསྟན་པ་ལས་འཕྲོས་ཏེ་རྩ་བའི་ས་བཅད་བདུན་གྱི་སྒོ་ནས་དཔྱད་གཏམ་སྤེལ་འདུག་ལ། དེ་ཡང་ཆོས་མངོན་པའི་ངོ་བོ། ཆོས་མངོན་པའི་དབྱེ་བ། ཆོས་མངོན་པ་ས་གང་བརྟེན་ལ་དཔྱད་པ།
དེ་འཁོར་དང་བཅས་ན་ཕུང་བོ་དུ་ཡིན་དཔྱད་པ། བརྡར་བཏགས་པའི་ཆོས་མངོན་པ་ཁམས་དང་ས་དེ་བསྡུས་ལ་དཔྱད་པ། དེ་འཁོར་དང་བཅས་ན་ཕུང་བོ་དུ་ཡིན་ལ་དཔྱད་པ། ཆོས་མངོན་པའི་ངེས་ཚིག་བཤད་པ་དང་བདུན་གྱིས་སྒོ་ནས་བརྗོད་གཞི་གཏན་འབེབས་དང་གནད་ཚིག་འགྲེལ་བརྗོད་ཅེས་དཔྱད་བརྗོད་གྲུབ་མཚམས་དྲི་བ་དྲི་ལན་གྱི་རིམ་པས་ཚོགས་ཐུན་དང་པོའི་གསུང་བཤད་མཇུག་གྲུབ་ཡོད་པ་རེད།
ཉིན་རྒྱབ་ཆུ་ཚོད་༡།༣༠སྟེང་༧ས་སྐྱ་མ་དགོན་ཐུབ་བསྟན་རྣམ་རྒྱལ་གླིང་གི་མཁན་པོ་ངག་དབང་ཉི་མ་མཆོག་གིས་གཙོ་སྐྱོང་འོག ༧དཔལ་ཡུལ་ཆོས་འཁོར་གླིང་གི་སློབ་དཔོན་ཨོ་རྒྱན་ཕུན་ཚོགས་མཆོག་ནས་མངོན་པ་མཛོད་ཀྱི་མཛོད་གནས་གཉིས་པའི་ཐོག་དཔྱད་རྩོམ་སྒྲོག་སྦྱོང་བྱས་ཡོད་པ་དང་།

དེ་ཡང་ཆོས་མངོན་པའི་གཞུང་དུ་བྱུང་བའི་སེམས་བྱུང་གི་རྣམ་པར་གཞག་པ་མི་འདྲ་བའི་ཐད་ནས་བརྗོད་བྱ་གཏན་ལ་ཕབ་འདུག་ལ། དེ་ཡང་མདོའི་ནང་དུ་འབྱུང་བའི་སེམས་བྱུང་བཤད་པ་དང་། ཆོས་མངོན་པའི་བསྟན་བཅོས་ལས་བྱུང་བའི་སེམས་བྱུང་བཤད་པ། གཞུང་དེ་དག་ཏུ་བྱུང་བའི་སེམས་བྱུང་རྣམས་ཕན་ཚུན་མི་འདྲ་བའི་ཆ་བརྗོད་པའི་སྒོ་ནས་མཇུག་བསྡུ་བ་དང་གསུམ་གྱིས་སྒོ་ནས་དཔྱད་དོན་སྒྲོག་སྦྱོང་གྲུབ་རྗེས་དྲི་བ་དྲི་ལན་གྱི་རིམ་པས་ཚོགས་ཐུན་གཉིས་པའི་གསུང་བཤད་མཇུག་གྲུབ་ཡོད་པ་རེད།
ཕྱི་དྲོའི་ཆུ་ཚོད་༣།༠༠སྟེང་༧ཇོ་ནང་མ་དགོན་རྟག་བརྟན་ཕུན་ཚོགས་ཆོས་གླིང་གི་མཁན་པོ་ཀུན་དགའ་འཚམས་ཆུང་མཆོག་གིས་གཙོ་སྐྱོང་འོག ༧དཔལ་བཀའ་བརྒྱུད་ནང་བསྟན་མཐོ་སློབ་ཀྱི་སྐྱོར་དཔོན་དཀོན་མཆོག་རྡོ་རྗེ་མཆོག་ནས་མངོན་པ་མཛོད་ཀྱི་མཛོད་གནས་གསུམ་པའི་བརྗོད་གཞི་རྟེན་འབྲེལ་སྐོར་ནས་ཚོགས་ཐུན་གསུམ་པའི་གསུང་བཤད་དབུ་འཛུགས་གནང་ཡོད་པ་དང་།

དེ་ཡང་རྟེན་འབྲེལ་བསྟན་པའི་དགོས་པ་དང་། དེ་བཞིན་སྐད་ཅིག་མའི་རྟེན་འབྲེལ་དང་། འབྲེལ་བ་ཅན་གྱི་རྟེན་འབྲེལ། གནས་སྐབས་ཀྱི་རྟེན་འབྲེལ། རྒྱུན་ཆགས་ཀྱི་རྟེན་འབྲེལ་བཅས་སྡེ་ཚན་བཞིས་སྒོ་ནས་བརྗོད་གཞི་གཏན་འབེབས་ཀྱིས་བརྗོད་དོན་གཏམ་བཤད་གྲུབ་རྗེས་དྲི་བ་དྲི་ལན་གྱི་མཛད་རིམ་གྱིས་ཚོགས་ཐུན་གསུམ་པ་མཇུག་གྲུབ་ཡོད་པ་རེད།

དགོང་དྲོའི་ཆུ་ཚོད་༧།༣༠ནས་༩།༠༠བར་མཉམ་ཞུགས་ཚོགས་བཅར་བ་ནང་ཁུལ་དུ་སྡེ་ཚན་ཕྱེ་ནས་ཆོས་བརྒྱུད་མི་འདྲ་བ་ཁག་གི་མི་སྣ་མཉམ་འདུས་ཀྱིས་ཐེངས་འདིའི་བརྗོད་གཞི་དང་འབྲེལ་བའི་མངོན་པ་མཛོད་དང་། བོན་གཞུང་སྲིད་པའི་མཛོད་ཕུགས་སྐོར་ནས་བགྲོ་གླེང་གནང་ནས་རིས་མེད་བགྲོ་གླེང་ཐེངས་བཞི་པའི་ཉིན་དང་པོའི་མཛད་རིམ་ཡོངས་སུ་མཇུག་གྲུབ་པར་བྱས་ཡོད་པ་བཅས་གནས་བསྡུས་སུ་༧གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་གི་གཡུང་དྲུང་བོན་གྱི་དྲྭ་ཚིགས་གཙོ་སྒྲུབ་ཁང་ནས།

 

གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
བོན་ཆོས་དཔྱད་བསྡུར།
བོན་ཆོས་དཔྱད་བསྡུར།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
སྨན་རིའི་སྟེགས་འཇོག་ལོ་ཐོ།
སྨན་རིའི་སྟེགས་འཇོག་ལོ་ཐོ།
previous arrow
next arrow