རྒྱལ་བ་གཤེན་གྱི་གདུང་འཛིན་གཤེན་སྲས་རྣམ་གཉིས་དང་དགེ་རྒན་དགེ་བཤེས་སྐལ་བཟང་ཚུལ་ཁྲིམས།
སྤྱི་ལོ་༢༠༡༥ལོར་བོད་ལྗོངས་ནང་བསྟན་སློབ་གྲྭ་ཆེན་མོར་སློབ་ཞུགས་མཛད་དེ། རིམ་བཞིན་གྲུབ་མཐའ་རིས་མེད་ཀྱི་བསྡུས་གྲྭ་དང་ཚད་མ། ཕར་ཕྱིན། དབུ་མ། མཛོད། འདུལ་བ་བཅས་ལ་སློབ་གླིང་གི་སྒྲིག་གཞི་བཞིན་དུ་སློབ་གཉེར་ཚུལ་བཞིན་གནང་བ་དང་། ཁྱད་པར་དུ་དགེ་བའི་བཤེས་གཉེན་ཆེན་མོ་༧སྐལ་བཟང་ཚུལ་ཁྲིམས་མཆོག་གིས་གདུང་སྲས་རྣམ་གཉིས་ལ་ཟུར་དུ་བོན་རང་ལུགས་ཀྱི་སྡུད་གྲྭ་དང་རྗེ་རིན་པོ་ཆེའི་ཚད་མ་ལེའུ་གསུམ་དང་། སྟོན་པའི་ཐེག་འགྲེལ་ཆ་ཚང་། མཚན་ཉིད་གསུམ་གྱི་རྣམ་གཞག ཤེར་ཕྱིན་མངོན་རྟོགས་རྒྱན་གྱི་སྐབས་དང་པོའི་རྣམ་བཤད་ཚིག་དོན་དཀའ་གནད་རབ་གསལ། དེ་བཞིན་བཀའ་བརྟེན་ལམ་རིམ་སུམ་བརྒྱ་པ་གཙོས་པའི་བོན་བན་རིས་མེད་ཀྱི་ལམ་རིམ་སོགས་སློབ་གཉེར་ཚུལ་བཞིན་གནང་བ་མ་ཟད། སུམ་རྟགས་དག་གསུམ། སྙན་ངག སྒྲ་སོགས་ཀྱི་སྐོར་ལ་སློབ་གཉེར་ཚུལ་བཞིན་གནང་སྟེ། ༢༠༡༩ལོའི་ཟླ་བ་༦པའི་ཚེས་༢༦ཉིན་བོད་ལྗོངས་ནང་བསྟན་སློབ་གྲྭ་ཆེན་མོ་ནས་འབྲིང་རིམ་རབ་འབྱམས་པའི་སློབ་མཐར་ཕྱིན་པའི་ཕྱག་འཁྱེར་ཐོབ།
དེ་ནས་སྤྱིར་བོད་རང་ལྗོངས་ཀྱི་ཆོས་ལུགས་ལས་རིགས་སྡེ་ཁག་དང་ཁྱད་པར་དུ་བོད་ལྗོངས་ནང་བསྟན་སློབ་གྲྭ་ཆེན་མོའི་དགེ་རྒན་རྣམ་པ་དང་། ཡང་ཁྱད་དུ་བོད་ལྗོངས་ནང་བསྟན་སློབ་གྲྭ་ཆེན་མོའི་རིས་མེད་གླིང་གཙོ་རིན་པོ་ཆེ་༧སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་མཆོག་གིས་༧རྒྱལ་བ་གཤེན་གྱི་གདུང་སྲས་རྣམ་གཉིས་ལ་ཐུགས་གཟིགས་རྒྱ་ཆེར་གནང་སྟེ་མི་ལོ་ལྔའི་རིང་ལ་ཐུགས་ཁུར་བླ་མེད་མཛད་པ་དང་།
ཁྱད་པར་དུ་གདུང་སྲས་སྐུ་ཆུང་༧གཤེན་སྲས་གཡུང་དྲུང་རང་གྲོལ་ཉི་མ་རིན་པོ་ཆེའམ་གཤེན་སྲས་ཚེ་དབང་བསྟན་འཛིན་རིན་པོ་ཆེ་མཆོག་གིས་མཐར་ཕྱིན་ལ་༼དད་པའི་རྣམ་བཞག་སྐོར་གླེང་བ།༽ཞེས་པའི་ཁ་བྱང་སྟེང་ནས་དཔྱད་རྩོམ་ལྗགས་རྩོམ་གནང་བ་མ་ཟད། ཆེད་མཁས་གདན་ཞུའི་མཁས་དབང་དུ་མའི་དབུས་སུ་སྒྲོག་བྱང་གནང་སྟེ་མཁས་དབང་ཡོངས་ཀྱིས་གདེང་འཇོག་ཚད་མཐོར་གནང་སྟེ་སློབ་གླིང་གི་འཛིན་གྲྭ་ཡོངས་ཀྱི་ཨང་དང་པོའི་བྱ་དགའ་གནང་། གཞན་ཁོང་ལ་སློབ་གཉེར་ཚུལ་བཞིན་གནང་བ་དང་སློབ་གླིང་གི་སྒྲིག་གཞི་ཚུལ་བཞིན་སྲུང་བ། སློབ་གྲོགས་བར་ལ་མཛའ་མཐུན་སོགས་ཀྱི་མཛད་རྗེས་ལ་བོད་ལྗོངས་ནང་བསྟན་སློབ་གྲྭ་ཆེན་མོ་ནས་དམིགས་བསལ་ཕུལ་བྱུང་གི་བྱ་དགའ་གནང་བ་སོགས་ཀྱི་གནས་བསྡུས་སྤེལ་བའོ། །
རྩོམ་པ་པོ། དགེ་བཤེས་སྐལ་བཟང་ཚུལ་ཁྲིམས། རྩོམ་གྱི་ཡོངས་ཁུངས་ཧི་མ་ལ་ཡའི་བོན་གྱི་དྲྭ་ཚིགས།