༄༅།། མཁས་པའི་བྱ་བ་གསུམ་གྱིས་གཤེན་བསྟན་ཉིན་མོར་བྱེད་པའི་སྐྱེས་བུ་ཆེན་པོ་རྒྱལ་བ་གཉིས་པ་མཉམ་མེད་ཤེས་རབ་རྒྱལ་མཚན་ཞེས་སྙན་པའི་གྲགས་པ་དཀར་པོ་སྲིད་ན་འབར་བ་གང་དེའི་དད་འབངས་སམ། རྒྱལ་ཕྱི་ནང་གང་སར་བཞུགས་པའི་ཞྭ་དཀར་བོན་གྱི་ལུགས་འཛིན་རྒྱ་ཆེའི་དད་ལྡན་པ་ཡོངས་ཀྱི་སྙན་དབང་དུ་ཞུ་རྒྱུར།
མཁྱེན་གསལ་ལྟར། ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་པའི་གཙུག་རྒྱན་༧རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་བཞི་པ་༧སྐྱབས་རྗེ་ལུང་རྟོགས་ཟླ་བ་དར་རྒྱས་༧དཔལ་བཟང་པོ་མཆོག་བོན་འབངས་ཡོངས་ཀྱི་སྐྱབས་དང་མགོན་དུ་བསྟན་སྲུང་དམ་ཅན་རྒྱ་མཚོས་ཇི་ལྟར་བསྐོས་པ་བཞིན། གདན་ས་སྨན་རིའི་གསེར་ཁྲིར་མངའ་གསོལ་གྱི་ཞུ་སྒོ་མཐའ་དག་གེགས་མེད་ལེགས་གྲུབ་ཀྱི་བགོ་སྐལ་བཟང་པོ་རང་ཅག་རྒྱལ་ཕྱི་ནང་བོན་འབངས་སྤྱི་ཡི་དཔལ་དུ་སྨིན་ཏེ། དེང་གི་ཆར་མགོན་པོ་གང་ཉིད་༧རྒྱལ་བ་སྨན་རི་བའི་ཁྲི་འཛིན་གོང་མའི་རྗེས་བཞག་བསྟན་འགྲོའི་དོན་གཉིས་སྒྲུབ་པའི་འཕྲིན་ལས་རླབས་པོ་ཆེའི་ཁུར་བཞེས་ཀྱིན་བཞུགས་གྲུབ་པ་ནི་མཁྱེན་མངའ་ཡོད་པ་གཞིར་བཅས། ད་ལན་འདིར་གལ་ཆེའི་གསལ་བརྡ་ཞུ་འོས་ཞིག་ལ། གདན་ས་ཆེན་མོ་འདིར་སྔ་སྲོལ་ད་གནས་ཀྱི་ཚུལ་དུ་༧རྒྱལ་བ་སྨན་རི་བའི་ཁྲི་འཛིན་རེ་རེའི་སྐུ་ཐོག་རེར་(སྨན་རིའི་སྒྲུབ་ཆེན་)ཞེས་གཡེར་པོ་ཆེ་ཞིག་འཚོགས་སྲོལ་ཡོད་པ་ལྟར། ད་ལམ་འདི་ག་གདན་ས་ཆེན་མོ་༧དཔལ་གཤེན་བསྟན་སྨན་རིའི་གླིང་དུ་ཕྱི་ལོ་༢༠༢༠ ཟླ་ ༤ ཚེས་ ༢༩ བོད་ལྕགས་བྱི་ལོའི་བོད་ཟླ་ ༣ ཚེས་ ༧ ཏེ་གཟའ་སྐར་འཕྲོད་སྦྱོར་དགེ་བའི་ཉིན་དབུ་བཟུང་སྟེ། ཉིན་གྲངས་བཅུ་དྲུག་རིང་གདན་ས་སྨན་རིའི་དགོན་དུ་སེམས་དཔའ་འདུས་སྡེ་རྒྱ་མཚོས་སྤྱི་སྤུངས་གསང་བའི་བོན་མཆོག་ཚེ་གཅིག་སངས་རྒྱས་སྒྲུབ་པའི་ཐབས་མཆོག་ཉེ་ལམ་ཟབ་མོའི་ནང་ནས། རྒྱས་པ་མཐར་རྫོགས་སུ་སྒྲུབ་པ་ལ། ཡན་ལག་མཆོང་དགུའི་ནང་ཚན་འོད་ཟེར་འཁྱིལ་བ་སྨན་གྱི་མཆོང་ཆེན་སྦྱར་ནས་ཞི་ཁྲོ་སྨན་གསུམ་ཟུང་འབྲེལ་གྱི་སྒྲུབ་པ། (བདུད་རྩི་འོད་ཟེར་འཁྱིལ་བའི་སྨན་སྒྲུབ་ཀྱི་སྒྲུབ་ཆེན་)འཚོགས་རྒྱུ་དང་། དེ་བཞིན་བཙུན་དགོན་རདྞ་སྨན་གླིང་། གཤེན་གྱི་གསང་སྔགས་སྒོམ་སྒྲུབ་གླིང་སོ་སོར་ཁྲོ་བོ་དབང་ཆེན་གྱི་ཚོགས་མཆོད་དང་། ཁྲོ་བོ་དབང་ཆེན་གྱི་སྨན་འཛབ་གྲངས་གསོག་གནང་རྒྱུ་གཏན་ཁེལ་ལགས་ན། དེ་ལུགས་རྒྱ་ཆེའི་དད་ལྡན་པ་རྣམས་ཀྱིས་ཀྱང་། སྨན་རིའི་སྒྲུབ་ཆེན་འདི་ཉིད་གལ་ཆེ་དོན་ཆེ་དང་། དུས་བརྒྱ་ལན་གཅིག་ལྟ་བུའི་སྐལ་པ་བཟང་པོའི་གོ་སྐབས་སུ་དགོངས་པར་བཞེས་ཏེ། གདན་ས་འདིར་ཕེབས་ཐུབ་པའི་རེ་བ་དང་། སྒྲུབ་ཆེན་མཇལ་བར་ཕེབས་གཏན་ངེས་ཚེ། སྔོན་ཚུད་ནས་འདི་ག་༧དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ལ་འབྲེལ་བ་གནང་གལ་ཆེ་བས་དེ་ལུགས་དགོངས་འཇགས་ཡོང་བར་ཞུ་བཅས། ༧དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ནས། ཕྱི་ལོ་ ༢༠༡༩།ཟླ་ ༨ ཚེས་ ༡༤།ཉིན།
ཟུང་དྲུང་དགེ་བཤེས་བསོད་ནམས་རྒྱ་མཚོ།
གདན་ས་སྨན་རིའི་སྒྲུབ་ཆེན་ནམ་བདུད་རྩི་འོད་ཟེར་འཁྱིལ་བའི་སྨན་སྒྲུབ་ཀྱི་བྱུང་རིམ་དང་དེའི་ཕན་ཡོན་རགས་བསྡུས།
གསང་ཆེན་ཞྭ་དཀར་གཡུང་དྲུང་བོན་གྱི་ལུགས་སྲོལ་འཛིན་པའི་དགོན་སྡེ་ཁག་ཏུ་ཡི་དམ་སོ་སོའི་སྒྲུབ་གཞུང་གི་ཆ་ལག་ཏུ་སྨན་གྱི་འཕྱོང་ངམ་སྨན་སྒྲུབ་ཀྱི་གཞུང་སྦྱར་བའི་བདུད་རྩི་སྨན་གྱི་སྒྲུབ་ཆེན་མི་འདྲ་བ་མང་དུ་འཚོགས་པའི་སྲོལ་མཆིས་པའི་ནང་ནས། དམུ་རིགས་གཤེན་གྱི་གདན་སར་སྨན་སྒྲུབ་ཨ་མ་ར་ཡ་དང་། རྒྱལ་བ་བྲུ་ཡི་གདན་སར་ཁྲོ་བོའི་སྨན་སྒྲུབ་བདུད་རྩི་འོད་ཟེར་འཁྱིལ་བ། དབང་ལྡན་ཞུ་ཡི་གདན་སར་སྨན་སྒྲུབ་གཡུ་འབྲང་ཕྱུག་མོ། མཁས་པ་རྨེའུའི་གདན་སར་ཁྲོ་བོའི་སྨན་སྒྲུབ་བདུད་རྩི་འོད་ཟེར་འཁྱིལ་བ། གྲུབ་ཐོབ་སྤ་ཡི་གདན་སར་ཁྲོ་བོའི་སྨན་སྒྲུབ་བདུད་རྩི་འོད་ཟེར་འཁྱིལ་བ་དང་། དེ་བཞིན་གཡུང་དྲུང་བོན་གྱི་གྲྭ་ས་གོང་མ་བཀྲ་ཤིས་སྨན་རིར་ཁྲོ་བོའི་སྨན་སྒྲུབ་བདུད་རྩི་འོད་ཟེར་འཁྱིལ་བ་དང་། གྲྭ་ས་བར་མ་མཁར་སྣ་བསམ་གཏན་གླིང་དུ་ཁྲོ་བོའི་སྨན་སྒྲུབ་བདུད་རྩི་འོད་ཟེར་འཁྱིལ་བ། གྲྭ་ས་འོག་མ་རབ་ལེགས་གཡུང་དྲུང་གླིང་དུ་ཕུར་པའི་སྨན་སྒྲུབ་འོད་ཟེར་འབར་བ་བཅས་རྩ་བའི་གདན་ས་དང་། གྲྭ་ས་ཁག་ལ་རང་རང་གི་ཐུན་མིན་ཡི་དམ་དང་འབྲེལ་བའི་སྨན་གྱི་སྒྲུབ་ཆེན་སོ་སོར་འཚོགས་སྲོལ་འདི་རྣམས། གདན་ས་དང་གྲྭ་ས་ཁག་གི་མཚན་སྙན་དང་འབྲེལ་ཏེ་ཡོངས་སུ་གྲགས། དེ་ཡང་༧རྒྱལ་བ་གཉིས་པ་མཉམ་མེད་བླ་མའི་གདན་ས་སྟེ། གྲྭ་ས་སྨན་རིའི་སྒྲུབ་ཆེན་ནམ་ཁྲོ་བོའི་སྨན་སྒྲུབ་བདུད་རྩི་འོད་ཟེར་འཁྱིལ་བ་སྨན་གྱི་སྒྲུབ་ཆེན་ཞེས། གསས་མཁར་རིན་པོ་ཆེ་སྤྱི་སྤུངས་གསང་བའི་བོན་མཆོག ཞི་ཁྲོ་རྒྱས་འབྲིང་བསྡུས་གསུམ་གྱི་བོན་སྐོར་ལས། ཞི་ཁྲོ་རྒྱས་པ་མཐར་རྫོགས་སུ་སྒྲུབ་པའི་ཆ་ལག་ཏུ། ཡན་ལག་འཕྱོང་དགུའི་ནང་ནས་འོད་ཟེར་འཁྱིལ་བ་སྨན་གྱི་འཕྱོང་ཆེན་སྦྱར་བའི་ཞི་ཁྲོ་སྨན་གསུམ་ཟུང་འབྲེལ་སྨན་གྱི་སྒྲུབ་ཆེན་འདི་ཡི་ལོ་རྒྱུས་ནི། རྩ་གསུམ་ལྷ་ཡི་ཡུལ། རྣམ་པར་རྒྱལ་བའི་ཁང་བཟང་གི་ལྷོ་ནུབ། མཚལ་རི་ལྷ་ཡི་མདུན་སའི་དཀྱིལ་སྨད། ལྷོ་ཤར་གཡུ་ལུང་ཤེལ་གྱི་བྲག་ཕུག་ཏུ། སྐུ་གསུམ་རྫོགས་པའི་བདག་ཉིད་ཅན། གསང་སྔགས་ཀྱི་སྟོན་པ་འཆི་མེད་གཙུག་ཕུད་ཀྱིས་ཡབ་འཕྲུལ་གཤེན་སྣང་ལྡན་དང་། ཡུམ་བཟང་བཟའ་རིང་བཙུན། གྲོགས་གསང་བ་འདུས་པ། ལྕམ་ཀུན་སྣང་གསལ་མ་སོགས་ལ་གསུངས་ཤིང་སྒྲུབ་པའི་སྲོལ་འབྱེད་པར་མཛད། གནས་དེར་བསྒྲུབས་ཤིང་བྱིན་གྱིས་བརླབས་པའི་སྨན་གཏའ་འོད་ཟེར་འཁྱིལ་བ་དེ། རིན་པོ་ཆེ་སྣ་བརྒྱད་ལས་གྲུབ་པའི་སྨན་སྣོད་ཟ་མ་ཏོག ལྷ་ཡི་མགར་བ་མགར་ལྷ་ཡུག་པ་གསལ་འབར་གྱི་རྫུ་འཕྲུལ་གྱིས་བཟོས་པའི་སྨན་སྣོད་དུ་བརྩལ་བ་བཅས། གཤེན་གསང་བ་འདུས་པ་ལ་གནང་། གཤེན་གསང་བ་འདུས་པས་གསང་བའི་གནས་ཆེན་དགུ་ལ་བསྒྲུབས་ཏེ་མཆོག་གི་དངོས་གྲུབ་ཐོབ། དེ་ནས་རིམ་གྱིས་གཤེན་གསང་བ་འདུས་པ་ནས། ལྷ་ཀླུ་མི་ཡི་གཤེན་གསུམ་དང་། གདུང་རྒྱུད་བཅུ་གསུམ་དང་། མཁས་པ་མི་བཞི། བྱིན་རླབས་བརྒྱུད་པའི་གཤེན་དགུ་ལ་སོགས་གསང་སྤྱོད་ཀྱི་གྲུབ་ཐོབ་བརྒྱ་རྩ་ནས་ཁོད་སྤུངས་དྲན་པ་ནམ་མཁའི་བར་ཐུགས་རྗེ་དང་བྱིན་རླབས་ཀྱི་ན་བུན་མ་ཡལ་ཞིང་། དབང་དང་དངོས་གྲུབ་ཀྱི་ཉག་ཐག་མ་ཆད་པར་བརྒྱུད་པའི་ཞི་ཁྲོ་སྨན་གསུམ་གྱི་བོན་སྐོར་འདི་དག། སྔར་བོན་བསྟན་དར་ནུབ་ཀྱི་དུས་སུ་བོན་གཤེན་རིག་འཛིན་རྣམས་ཀྱིས་ཞང་ཞུང་གི་ཡུལ་ཁྱུང་རྫོང་གསང་བའི་བྲག་ལ། དམ་ཅན་ཡུམ་སྲས་སྡེ་ལྔ། རྟ་སྒོ་ལྷ་བཙན་མཆེད་བདུན། དྭང་རའི་མཚོ་སྨན་རྒྱལ་མོ་རྣམས་ལ་བསྟན་པ་གཉེར་དུ་གཏད་ཅིང་བཅོལ་ཏེ་གཏེར་དུ་སྦས། དེ་རྗེས་ཁོད་སྤུངས་དྲན་པ་ནམ་མཁས་གཏེར་སྟོན་ཆེན་པོ་གྱེར་མི་ཉི་འོད་ལ་དབང་བསྐུར་ལུང་གནང་ནས་བྱིན་གྱིས་བརླབས། གྱེར་མི་ཉི་འོད་ཀྱིས་གཏེར་སྟོན་རྨ་སྟོན་སྲོལ་འཛིན་ལ་དབང་བསྐུར་ལུང་བསྟན་མཛད་ནས། རྨ་སྟོན་སྲོལ་འཛིན་གྱིས་རབ་བྱུང་གཉིས་པའི་ས་ཕོ་བྱི་བའི་ལོ་སྟེ། ཕྱི་ལོ་༡༡༠༨ལོར་དྭང་ར་ཁྱུང་རྫོང་གསང་བའི་བྲག་ནས་གཏེར་ལས་བཞེས་པའི་སྨན་སྤར་ཆེ་བ་རིན་པོ་ཆེ་ཡི་ཟ་མ་ཏོག་དང། སྨན་སྤར་ཆུང་བ་གཉིས་ཀ་སྨན་བཅུད་ཀྱིས་ཡོངས་སུ་ཁེངས་པ་ལ། དྲི་བཟང་ངད་ཀྱིས་དཔག་ཚད་དང་རྒྱང་གྲགས་སུ་ཁྱབ་ཅིང། བྱིན་རླབས་འོད་སྤུངས་ཀྱིས་མཚན་མོའི་མུན་པ་གསལ་ཞིང། དངོས་གྲུབ་བདུད་རྩིའི་ཟིལ་ཐིག་ཕྲོམ་མེ་ཡོད་པ་དག་དང། གཡུང་དྲུང་སྐབས་འཕྲིན་དང། འཕྱོང་དགུ་ཆ་ལག་དང་བཅས་པའི་གཏེར་དཔེ་རྣམས་གདན་དྲངས་ནས། བྲུ་སྟོན་ཉི་མ་རྒྱལ་མཚན་ལ་གནང། བྲུ་སྟོན་ཉི་རྒྱལ་གྱིས་རྒྱལ་བ་བྲུ་ཡི་གདན་ས་ཆེན་མོ་གཙང་གཡས་རུ་དབེན་ས་ཁའི་དགོན་པར་ཞི་ཁྲོ་སྨན་གསུམ་གྱི་སྒྲུབ་ཆེན་ཚུལ་བཞིན་བཙུགས་ནས། རིམ་གྱིས་གཡས་རུའི་མཁས་གྲུབ་སྟོན་པ་རྣམས་ལས་བརྒྱུད་ཅིང་བསྒྲུབས། དེ་ནས་གཡས་རུའི་སྟོན་པ་བཅོ་བརྒྱད་པ་མཁས་གྲུབ་རིན་ཆེན་བློ་གྲོས་ཀྱིས་རྗེ་རིན་པོ་ཆེ་མཉམ་མེད་ཤེས་རབ་རྒྱལ་མཚན་མཆོག་ལ་དབང་བསྐུར་ལུང་བསྟན་ནས་བསྟན་པ་གཉེར་དུ་གཏད། ཕྱིས་སུ་གཡས་རུ་དབེན་ས་ཁའི་དགོན་གནས་འབྱུང་བས་འཇིག་རྗེས། སྨན་སྣོད་ཁྱད་འཕགས་དེ་ཉིད་མ་མཆོག་སྲིད་པ་རྒྱལ་མོའི་ལུང་བསྟན་ཇི་བཞིན་རྒྱལ་བ་མཉམ་མེད་ཆེན་པོའི་ཕྱག་ཏུ་བབ། ༧རྒྱལ་བ་མཉམ་མེད་ཆེན་པོས་གཙང་ཐོབ་རྒྱལ་དུ་སྤྱི་ལོ་༡༤༠༥ལོར་གཡུང་དྲུང་བོན་གྱི་གྲྭ་ས་གོང་མ་བཀྲ་ཤིས་སྨན་རིའི་དགོན་ཕྱག་བཏབ་ནས་སྔར་སྲོལ་བྲུ་ཡི་རིང་ལུགས་ལྟར། ཞི་ཁྲོ་སྨན་གསུམ་ཟུང་དུ་འབྲེལ་བའི་སྨན་རིའི་སྒྲུབ་པ་ཆེན་མོ་སྲོལ་གཏོད་པ་ནས་བཟུང་སྨན་རིའི་ཁྲི་འཛིན་རིམ་བྱོན་གྱི་སྐུ་ཐོག་རེར་སྨན་གྱི་སྒྲུབ་ཆེན་རེ་འཛུགས་སྲོལ་ཡོད་པ་ལྟར། བོད་ལ་དུས་འགྱུར་བྱུང་རྗེས་ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ༧རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ་དཔལ་བཟང་པོ་མཆོག་གིས་རྒྱ་གར་བྱང་ཕྱོགས་ཧི་མ་བཅལ་གྱི་མངའ་ཁོངས་བོན་གཞིས་ཐོབ་རྒྱལ་གསར་པར་༧དཔལ་གཤེན་བསྟན་སྨན་རིའི་གླིང་ཕྱག་བཏབ་མཛད་དེ། ཕྱི་ལོ་༡༩༨༨ལོར་༧རྒྱལ་བ་སྨན་རི་བའི་མཁན་རབས་སོ་གསུམ་པ་རིན་པོ་ཆེ་གང་ཉིད་ཀྱི་མཁན་ཐོག་གི་འོད་ཟེར་འཁྱིལ་བ་སྨན་གྱི་སྒྲུབ་ཆེན་བཙུགས་ཏེ། གདན་སའི་མངའ་རིས་སུ་གཉུག་མར་གནས་པའི་ལྷ་སྡེ་མི་མང་རྣམས་དང་། བོད་ཕྱི་ནང་དང་ཕྱོགས་མཐའི་རྒྱལ་ཁབ་ཁག་ནས་ཆེད་དུ་ཕེབས་པའི་དད་ལྡན་མཇལ་སྐོར་བ་བཅས་པར་སྒྲུབ་པ་ཆེན་མོའི་དབང་བྱིན་དང་། མྱོང་གྲོལ་བདུད་རྩི་སྨན་གྱི་བྱིན་རླབས་རྒྱལ་ཆེར་བསྩལ་ནས་དད་འཁོར་རྣམས་གནས་སྐབས་དང་མཐར་ཐུག་གི་བདེ་བའི་དཔལ་ལ་འགོད་པར་མཛད་པའི་འཕྲིན་ལས་བླ་ན་མེད་པར་བསྐྱངས། དེ་ལྟར་བསྒྲུབས་པའི་བདུད་རྩི་འོད་ཟེར་འཁྱིལ་བ་ཞེས་བྱ་བ་འདི་ནི། སེམས་ཅན་ཐམས་ཅད་རྒྱུ་མ་རིག་པ་ལས་བསྐྱེད་ཅིང། རྐྱེན་ཉོན་མོངས་དུག་ལྔའི་བདུད་ཀྱི་དབང་དུ་སོང་ནས། འབྲས་བུ་འཁོར་བའི་རྒྱུ་དྲུག་དང་ལམ་ལྔར་ལྟུང་བ་ལ་རིག་པའི་ཡེ་ཤེས་ཆེན་པོའི་རྩིས་བཟུང་སྟེ། སེམས་ཅན་རྒྱུད་ཀྱི་རྒྱུ་དུག་ལྔའི་བདུད་བཅོམ་ནས། འབྲས་བུ་ཡེ་ཤེས་ལྔ་ཡི་རྩི་མཆོག་ཏུ་གྱུར་པ། རྩ་བའི་དམ་རྫས་ལྔ་དང། ཡན་ལག་སྨན་སྤོས་སྣ་ཚོགས། འབྲས་བུ་རིན་ཆེན་རིག་བྱེད་སོགས། སྒྲུབ་པའི་གཏའ་མཛད་ནས་ཞི་ཁྲོ་སྨན་གསུམ་ཟུང་འབྲེལ་གྱི་དཀྱིལ་འཁོར་ཞལ་ཕྱེ་ནས་བསྒྲུབས་པའི་ཡོན་ཏན་ནི། གཙུག་ཏུ་འཆང་ངམ། ངག་ཏུ་རོལ་ལམ། ཡིད་དུ་བསྒོམས་ཤིང་སྒྲུབ་པའི་གཤེན་པོ་རྣམས་ནི། སྐྱེ་བ་འདི་དང་ཚེ་རབས་ཐམས་ཅད་དུ། ཚེ་རིང་བ་དང། ནད་སེལ་བ། དུག་འཇོམས་པ། བློ་རྣོ་བ། རིག་པ་གསལ་བ། ཤེས་རིག་ཆེ་བ། ཡོན་ཏན་ལྡན་པ། རིགས་རྒྱུད་འཕེལ་བ། འཁོར་འདབ་རྒྱས་པ། ཕྱྭ་གཡང་ལྡན་པ། བཀྲག་མདངས་རྒྱས་པ། ལོངས་སྤྱོད་འཕེལ་བ། ནོར་རྫས་ཕྱུག་པ། རྫུ་འཕྲུལ་ལྡན་པ། མངའ་དབང་བཙན་པ། དུག་མཚོན་དང་། ནད་དང་། བྱད་ཁས་མི་ཚུགས་པ། དྲག་རྩལ་ལྡན་པ། བསམ་པ་འགྲུབ་པ་ལས་སོགས་འབྱུང་བར་ལུང་གིས་བསྟན་ཅིང། གྲུབ་པའི་རྟགས་སུ་ཡང། བྱིན་རླབས་ཀྱི་འོད་འབུམ་འབར་ཞིང། ཟིལ་ཐིག་གི་ཟེར་དུ་འཁྱིལ་བ། ཡོན་ཏན་ལྷུན་གྱིས་གྲུབ་པའོ།།
དེས་ན་བདུད་རྩི་སྨན་གྱི་སྒྲུབ་སྨན་ཡིད་བཞིན་གྱི་ནོར་བུ་ལས་ཀྱང་དགུ་འགྱུར་གྱི་ལྷག་པ་འདི་ནི། ཚེ་གཅིག་ལུས་གཅིག་ལ་སངས་རྒྱས་པའི་དངོས་གྲུབ་ཡང་དག་པའི་བདུད་རྩི་སྟེ། ལས་དང་ཉོན་མོངས་པའི་སྒྲིབ་པ་དག་ཅིང་། དད་མོས་རྩེ་གཅིག་ཏུ་འཇོག་པ་རྣམས་ཀྱི་མིག་གིས་མཐོང་བའམ། སྨན་དབང་ཐོབ་པའམ། ལག་པས་རེག་པའམ། ཁ་ལ་རག་པ་ཙམ་གྱིས་དངོས་གྲུབ་བདུན་དང། མངོན་པར་སངས་རྒྱས་ཐོབ་པའི་ཕན་ནུས་བསམ་ལས་འདས་པའོ།། དེ་ལྟར་གསང་སྔགས་ཀྱི་སྟོན་པ་འཆི་མེད་གཙུག་ཕུད་ནས་བཟུང་གསང་སྤྱོད་ཀྱི་གྲུབ་ཐོབ་རིམ་པར་བྱོན་པ་རྣམས་ཀྱིས་བསྒྲུབས་པའི་སྦྱིན་རླབས་ཀྱི་ན་བུན་མ་ཡལ། ཐུགས་རྗེའི་ཉག་ཐག་མ་ཆད་པའི་ཞི་ཁྲོ་སྨན་གསུམ་ཟུང་དུ་འབྲེལ་བའི་སྨན་རིའི་སྒྲུབ་ཆེན་གྱི་འགྲོ་ལུགས་སྔར་སྲོལ་ལྟར་ཞྭ་དཀར་བསྟན་པའི་གཙུག་རྒྱན་༧རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་བཞི་པ་༧སྐྱབས་རྗེ༧ལུང་རྟོགས་ཟླ་བ་དར་རྒྱས་དཔལ་བཟང་པོའི་མཁན་ཐོག་གི་བདུད་རྩི་འོད་ཟེར་འཁྱིལ་བ་སྨན་གྱི་སྒྲུབ་པ་ཆེན་མོ་འཆར་ལོའི་ལྕགས་བྱི་ལོ་སྟེ། ཕྱི་ལོ་༢༠༢༠ལོར་འཚོགས་འཆར་གྱི་ཟླ་དུས་ཟུར་གསལ་མགྲོན་བརྡ་ལྟར་ལགས་ན། དེ་དོན་དད་ལྡན་བོན་འབངས་རྣམས་ཀྱིས་སྨན་རིའི་སྒྲུབ་ཆེན་མཇལ་བཅར་གྱི་སྐལ་བཟང་ཐོབ་པའི་རེ་སྨོན་བཅས།
༧དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ནས།
ཕྱི་ལོ།༢༠༡༩ ཟླ། ༨ ཚེས་ ༡༤ ཉིན།