༡] འཁྲུངས་འདས་དང་། མཚན། ཁྱིམ་རྒྱུད།
སྐུ་ཞབས་རྗེན་སི་མི་ཐི་མཆོག་ནི། ཨ་རིའི་(Utah)ཨུ་ཏ་ས་གནས་ཀྱི་(Ogden)ཨོ་ཏན་ཞེས་པར་ཕྱི་ལོ་༡༩༣༦ ཟླ་༨ པའི་ཚེས་༡༠ ཉིན་ཡེ་ཤུ་མོ་མི་ནེ་སིམ་ཆོས་བརྒྱུད་ཀྱི་སྲོལ་གཏོད་པ་སྙན་གྲགས་ཅན་(Joseph Smit)ཇོ་སེབ་སི་མེ་ཐིའི་ཁྱིམ་རྒྱུད་དུ་སྐུ་འཁྲུངས། མཚན་དངོས་ལ་(Ellis Gene Smith)ཨེ་ལི་སི་རྗེན་སི་མི་ཐི་ཞེས་བྱ་ཞིང་། ཁོང་ལ་སྐུ་སྲིང་གསུམ་ཡོད། དུས་རྒྱུན་ཉེ་འབྲེལ་གྱི་མི་དག་གིས་ཁོང་ལ་རྗེན་ཞེས་འབོད། ད་ཕན་བོད་ཡིག་ཐོག་སྐུ་ཞབས་ཁོང་གི་མཚན་འབྲི་སྐབས་རྗེན་སི་མི་སི་ [1]དང་། ཇེན་སི་མི་ཐི་ཞེས་འབྲི་སྲོལ་གཉིས་སྣང་མོད། རྗེན་སི་མི་ཐི་ [2]ཞེས་བྲིས་ན་དབྱིན་ཡིག་གི་སྒྲ་དང་ཉེ་བར་སྣང་། དམ་པ་ཁོང་དགུང་གྲངས་དོན་བཞིར་སོན་པ། ཕྱི་ལོ་༢༠༡༠ ལོའི་ཕྱི་ཟླ་༡༢ ཚེས་༡༦ ཉིན་ཨ་རིའི་ནེའུ་ཡོག་ཏུ་སྐུ་གཤེགས་ཤིང་། དེ་སྐབས་བོད་ཕྱི་ནང་གི་གནད་ཡོད་མི་སྣ་མང་པོས་མྱ་ངན་གུས་འདུད་ཞུས་ཏེ། སྐུ་ཞབས་རྗེན་གྱི་བྱས་རྗེས་ནམ་ཡང་ང་ཚོས་བརྗེད་མི་རུང་བའི་རྣམ་འགྱུར་ཤུགས་ཆེར་བསྟན་ཡོད་ཅིང་། ད་ལྟ་སྐུ་ཞབས་རྗེན་ང་ཚོ་དང་ཁ་བྲལ་ཏེ་མི་ལོ་ཧྲིལ་པོ་བརྒྱད་ལྷག་འགྲོ་བཞིན་ཡོད་པས། ངོ་སྤྲོད་ཐུང་ངུ་འདི་དམ་པ་ཁོང་གིས་སྐུ་ཚེ་ཧྲིལ་པོར་བོད་རིག་པར་བཞག་པའི་རླབས་ཆེན་གྱི་མཛད་རྗེས་ལ་སྙིང་ནས་ཡི་རངས་ཞུ་སླད་བྲིས་པ་ཡིན།
༢] སློབ་སྦྱོང་གི་བརྒྱུད་རིམ་དང་། མི་ཚེའི་འགྱུར་བ།
རྗེན་གྱིས་གཞི་རིམ་སློབ་ཆུང་ཁག་གྲུབ་རྗེས་ Adelphi University ཨི་ཌི་ཕྷེས་སློབ་ཆེན། དང་། (Hobart University)ཧོ་བྷལ་ཌི་སློབ་ཆེན། (University of Utah )ཨོ་ཏ་སློབ་ཆེན་སོགས་སུ་སློབ་གཉེར་གནང་ཞིང་། (University of Washington in Seattle)སི་ཨེ་ཏྲལ་དུ་ཡོད་པའི་ཝ་ཤིན་ཀྲོན་གཙུག་ལག་སློབ་གྲྭར་སོག་པོ་དང་། ཏུར་ཁུའི་སྐད་ཡིག་ལ་སློབ་གཉེར་བྱས་ཏེ་ཕྱི་ལོ་ ༡༩༥༩ ལོར་གཙུག་ལག་སློབ་གྲྭ་དེ་ནས་རམས་འབྱམས་པའི་ཕྱག་འཁྱེར་བླངས། ཕྱི་ལོ་༡༩༦༠ ལོར་སི་ཨེ་ཏྲལ་དུ་སློབ་གཉེར་བྱ་སྐབས་བོད་ཀྱི་མཁས་པ་ཆེན་པོ་ས་སྐྱའི་སྡེ་གཞུང་རིན་པོ་ཆེ་ [3]ལ་མཇལ་ཞིང་། དེ་ནི་ཁོང་ནུབ་ཕྱོགས་ནས་བོད་ཀྱི་མཁས་པ་ཞིག་མཇལ་བ་ཐོག་མ་དེ་ཡིན་པར་སྣང་། སྡེ་གཞུང་རིན་པོ་ཆེའི་དྲུང་ནས་བོད་ཡིག་ཐོག་མར་བསླབ་ཅིང་སྐྱབས་སྡོམ་ཞུས་པས། ཁོང་གི་བོད་མིང་ལ་འཇམ་དབྱངས་རྣམ་རྒྱལ་ཞེས་འདོགས་མཁན་ཡང་སྡེ་གཞུང་རིན་པོ་ཆེ་མིན་ནམ་སྙམ། གང་ལྟར་ལས་དབང་གིས་སྐུ་ཞབས་ཇེན་སྡེ་གཞུང་རིན་པོ་ཆེ་མཇལ་བ་ནས་བཟུང་ཁོང་ལ་བོད་ཀྱི་ཆོས་དང་རིག་གཞུང་ལ་དོ་སྣང་དམིགས་བསལ་ཞིག་སླེབས་ཡོད་ཅིང་། དུས་ཚོད་ནམ་ཡོད་ལ་སྡེ་གཞུང་རིན་པོ་ཆེའི་མདུན་སར་བཅར་ཏེ། བོད་ཡིག་སློབ་པ་དང་། ནང་ཆོས་ཀྱི་སློབ་ཚན་ཉན་རྒྱུས་མཚོན་བོད་ཀྱི་ཆོས་དང་རིག་གཞུང་དྲི་བ་དྲིས་ལན་གྱི་ལམ་ནས་རྒྱུས་ལོན་གང་ནུས་བྱས་མོད། དེ་སྐབས་ཆེས་དཀའ་བ་ནི། ཨ་རིའི་ཡུལ་དེར་བོད་ཡིག་དང་འབྲེལ་བའི་དཔེ་ཆ་ཧ་ཅང་འཐོབ་དཀའ་བ་དེ་ཡིན། སྐུ་ཞབས་ཇེན་གྱིས་སྡེ་གཞུང་རིན་པོ་ཆེར་དེ་སྐོར་བཀའ་འདྲི་ཞུས་པ་ན། རིན་པོ་ཆེས་བོད་ཡིག་གི་དཔེ་ཆ་མང་པོ་ཡོད་པར་མ་ཟད། ལྷག་པར་དུ་བོད་ཀྱི་ལོ་ཙཱ་བ་དག་གིས་བསྒྱུར་ཅིང་གཏན་འབེབས་བྱས་པའི་སངས་རྒྱས་ཀྱི་བཀའ་དང་། འཕགས་བོད་མཁས་པས་བརྩམས་པའི་ནང་པའི་བསྟན་བཅོས། གསོ་རིག རྩིས་རིག ལེགས་བཤད། ཆོས་འབྱུང་དང་ལོ་རྒྱུས་ཀྱི་དཔེ་རྙིང་གལ་ཆེ་བ་ཤིན་ཏུ་མང་པོ་ཡོད་ཅིང་། དེ་དག་ནི་ཉིན་རེ་བཞིན་ཉམས་རྒུད་དུ་འགྲོ་བཞིན་ཡོད་པའི་གནས་ཚུལ་ཞིབ་མོར་གསུངས། བཀའ་སློབ་དེ་དག་གིས་སྐུ་ཞབས་ཇེན་གྱི་མི་ཚེར་ཤུགས་རྐྱེན་ཆེན་པོ་ཐེབས་ཤིང་། སྡེ་གཞུང་རིན་པོ་ཆེ་དང་མཇལ་བའི་དུས་སྐབས་དེ་ནི། ཁོང་གི་མི་ཚེའི་དཀྱོག་མཚམས་གལ་ཆེན་ཞིག་ཏུ་གྱུར་ཡོད། དེ་རྗེས་ཡུ་རོབ་ནེ་དཱི་ལན་ཌིར་(Leiden University)ལན་ཌིར་གཙུག་ལག་སློབ་གྲྭ་ཆེན་མོར་ལེགས་སྦྱར་དང་། པ་ལིའི་སྐད་ཡིག་སློབ་གཉེར་བྱས་ཤིང་། ལེགས་སྦྱར་གལ་ཆེན་ཡིན་ཚུལ་ཡང་སྡེ་གཞུང་རིན་པོ་ཆེའི་ལམ་སྟོན་དང་འབྲེལ་བ་དམ་ཟབ་ཡོད་པར་སྣང་།
༣] དཔེ་རྙིང་འཚོལ་སྡུད་དང་། དེའི་གྲུབ་འབྲས།
ཕྱི་ལོ་ ༡༩༦༥ ལོར་སྐུ་ཞབས་རྗེན་ཨ་རིའི་གཞུང་གི་སྤྱི་ཚོགས་མཛའ་འབྲེལ་གྱི་ལས་འཆར་འོག་རྒྱ་གར་དུ་ཕྱག་ལས་གནང་བར་ཕེབས་ཤིང་། དེ་སྐབས་བོད་ནས་རྒྱ་གར་དུ་ཕེབས་པའི་བོད་ཀྱི་མཁས་པ་ [4]མང་པོར་ཐུག་ཕྲད་བྱུང་བར་མ་ཟད། ལོ་ཤས་རིང་དུས་ཚོད་ནམ་ཡོད་ལ་ཁོང་ཚོའི་མདུན་ནས་བོད་ཀྱི་གནའ་བོའི་ཆོས་ལུགས་བོན་ཆོས་དང་། ནང་ཆོས་སློབ་གཉེར་བྱས་པར་མ་ཟད།བོད་དང་འདབ་འབྲེལ་ཡིན་པའི་ཡུལ་ལུང་མང་པོར་ཕྱིན་ཏེ་དཔེ་རྙིང་འཚོལ་ཞིབ་དང་། བརྩད་གཅོད་ཅི་ནུས་བྱས། ཕྱི་ལོ་ ༡༩༦༨ རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་ཤིང་། ཨ་རིའི་གྲོགས་ཚོགས་དཔེ་མཛོད་ [5]ཀྱི་ཡན་ལག་ཏུ་ཕྱག་ལས་གནང་། རིམ་གྱིས་སྐུ་ཞབས་རྗེན་དཔེ་མཛོད་ཁང་དེའི་འགན་འཛིན་དུ་གྱུར། གོ་སྐབས་དེ་དང་བསྟུན་ནས་རྒྱ་གར་དང་། བོད་བལ་འབྲུག་གསུམ་གར་འབྲེལ་བ་བཟང་པོ་བཙུགས་ཏེ་བོད་ཀྱི་སྐད་ཡིག་ཐོག་ཡོད་པའི་ཡིག་ཆ་མང་པོ་སྔར་བས་ཀྱང་འབད་པ་ཆེན་པོས་བསྡུ་སྒྲིག་བྱས། ཁོང་གིས་རྙེད་པའི་དཔེ་ཆ་ཕལ་མོ་ཆེ་ནི་ལག་བྲིས་དང་། བོད་ཀྱི་སྲོལ་རྒྱུན་ཤིང་སྤར་དུ་བྱས་པ་ཤ་སྟག་ཡིན་ཞིང་། དེའི་ཁྲོད་དུ་དུས་རབས་བཅུ་གཉིས་པའི་སྐབས་སུ་ལག་བྲིས་པའི་བྱས་པའི་དཔེ་ཆ་ཡང་མང་པོ་ཡོད་ཅིང་། དེ་དག་ལས་འགའ་རེ་ནི་དཔེ་རྒྱུན་དཀོན་པས་ཧ་ཅང་རྙེད་དཀའ་བའི་གྲས་ཡིན། སྐུ་ཞབས་རྗེན་གྱིས་ཡིག་རྙིང་དེ་དག་རེ་རེ་བཞིན་སྤར་སྐྲུན་བྱ་མགོ་བརྩམས་མོད། མ་དངུལ་གྱི་དཀའ་ངལ་ཕྲད་དེ་རེ་ཞིག་ཅི་བྱ་གཏོར་མེད་དུ་གྱུར། དེ་སྐབས་ཤིག་ལ་ཨ་རིའི་དམངས་ཁྲིམ་ ༤༨༠ པའི་ནང་དོན་གཞིར་བཟུང་གིས་ཡར་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དག་གི་ནང་དུ་ཨ་རིའི་ཞིང་ལས་ཀྱི་ཐོན་རྫས་བཟའ་འབྲུ་བཏང་སྟེ་མ་གོང་བཞིན་བཙོང་གི་ཡོད་ཅིང་། དེའི་ཡོང་འབབ་དག་སྤྱི་ཚོགས་བདེ་རྩ་ཚོགས་པའི་མ་དངུལ་དུ་གཏོང་གི་ཡོད་པ་སྐུ་ཞབས་རྗེན་གྱིས་མཁྱེན་རྗེས་ལས་འཆར་དེ་ལས་མ་དངུལ་ཞུས་ཏེ་བོད་ཀྱི་འཇིག་རྟེན་ནས་བརླགས་ལ་ཉེ་བའི་དཔེ་རྙིང་མང་པོ་སྤར་སྐྲུན་བྱ་མགོ་བརྩམས། མདོར་ན། མི་ལོ་ཉེར་ལྔའི་རིང་མཚན་གྱི་གཉིད་ཐུན་བསྟུངས་ཤིང་། ཉིན་གྱི་ཟས་ཐུན་བཅག་སྟེ། རྒྱ་གར་ཚ་བའི་ལུང་པ་ནས་བོད་ཀྱི་གལ་ཆེའི་དཔེ་རྙིང་མང་པོ་བསྡུ་སྒྲིག་དང་སྤར་སྐྲུན་བྱས་མཐར་ཧ་ཅང་ཉག་ཕྲ་བའི་བོད་ཀྱི་དཔེ་རྙིང་མང་པོ་སླར་ཡང་མི་རྣམས་ཀྱི་མིག་སྔར་གསལ་བར་བྱས། ལྡི་ལིར་བཞུགས་རིང་སྐུ་ཞབས་རྗེན་གྱི་བཞུགས་གནས་དེ་ཧ་ཅང་དཀྱུས་མ་ཞིག་ལས་མེད་ཀྱང་། དཔེ་རྙིང་གིས་ཡོངས་སུ་ཁེངས་ནས་ཡོད་པའི་གཞིས་ཁྱིམ་ཆུང་ཆུང་དེར་ཆོས་ལུགས་རིས་མེད་ཀྱི་བོད་པའི་བླ་ཆེན་ཁག་དང་། ཉམས་ཞིབ་དང་འཚོལ་དཔྱོད་ལ་དགའ་བའི་མཁས་པ་རྣམས་དོ་སྣང་ཆེན་པོས་ཡང་ཡང་བཅར་གྱི་ཡོད་ཅིང་། བླ་ཆེན་འགའ་རེ་མཚན་མོ་སྐུ་ཞབས་ཇེན་གྱི་ལས་ཤག་ཏུ་གཟིམས་པའི་སྐབས་ཀྱང་བྱུང་ཡོད།
༤]ཤར་ནུབ་ཀྱི་མཁས་པ་མང་པོས་བསྔགས་བརྗོད་བྱས།
རྒྱ་གར་ནང་གི་དགོན་པ་དང་། སློབ་གཉེར་གྱི་བསྟི་གནས་ཆེ་ཁག་ལ་མཚོན་ན།དཔེ་ཆ་ཧ་ཅང་རྙེད་དཀའ་བའི་དུས་སྐབས་སུ་སྐུ་ཞབས་རྗེན་གྱིས་སྤར་སྐྲུན་གྱི་བགྱི་བ་བཟང་པོ་དེས་སློབ་གཉེར་བའི་སྡེ་ཁག་མང་པོར་སྐོམ་པ་ཆུ་དང་ཕྲད་པ་ལྟ་བུའི་ཕན་ནུས་ཆེན་པོ་ཐོན་ཡོད་པ་སྨོས་མེད་ཡིན། སྐུ་ཞབས་རྗེན་གྱིས་སྤར་སྐྲུན་བྱས་པའི་དཔེ་དེབ་དེ་དག་གི་གླེང་བརྗོད་དུ་དཔེ་དེབ་ཀྱི་གལ་ཆེའི་རང་བཞིན་དང་། ནང་དོན་གནད་བསྡུས་བྱས་ཏེ་ངོ་སྤྲོད་ཉུང་ཙམ་རེ་མ་བྲིས་པ་ཧ་ལམ་མེད་པ་ལྟ་བུ་ཡིན། གནད་དོན་དེར་དགོངས་ཏེ་ཨ་རིའི་ཧར་ཝར་ཌི་གཙུག་ལག་སློབ་གྲྭའི་བོད་དང་ཧི་མ་ལ་ཡའི་སྐོར་གྱི་མཁས་དབང་(DrLeonard Van Der Kuijp)ལི་ན་ཌི་བན་ཌེར་ཁུ་ཇེབ་མཆོག་གིས་སྐུ་ཞབས་རྗེན་ལྟ་བུའི་མི་བརྩོན་པ་ཅན་ཞིག་མེད་ཚེ་ནུབ་ཕྱོགས་པའི་མཁས་པ་ཚོར་བོད་ཀྱི་གནའ་དཔེ་གལ་ཆེན་དེ་དག་མཇལ་རྒྱུ་ཡོད་མ་རེད་ཅེས་གསུངས་ཡོད[6]། བོད་ཀྱི་ཉེ་རབས་ཀྱི་སྐྱེས་ཆེན་ས་སྐྱ་གོང་མ་རིན་པོ་ཆེ་དང་། སྨན་རིའི་ཁྲི་འཛིན། རྫོང་སར་མཁྱེན་བརྩེ། སློབ་དཔོན་བློ་བཟང་བསྟན་འཛིན་སོགས་ཀྱིས་ཀྱང་རིག་གནས་གསར་བརྗེའི་དུས་འགྱུར་དང་དེའི་ཤུགས་རྐྱེན་གྱིས་ཉམས་རྒུད་ཚབ་ཆེན་བྱུང་བའི་བོད་བརྒྱུད་ནང་བསྟན་རིག་གནས་དང་འབྲེལ་བའི་དཔེ་ཚོགས་ལ་མཚོན་ན། སྐུ་ཞབས་རྗེན་ནི། ཧ་ཅང་ཉག་ཕྲ་བའི་དུས་སྐབས་དེར་བསྟན་བདག་ཅིག་ཡིན་ཚུལ་གསུངས་ཡོད [7]། དེ་ལྟར་ལོ་མང་པོར་ཕྱག་ལས་གནང་རྗེས་སུ་ཨ་རི་དཔེ་མཛོད་ཁང་གིས་སྐུ་ཞབས་རྗེན་ཨིན་ཌི་ནི་ཤ་ཡ་དང་། ཨི་ཇེབ་ཏུ་ལས་གནས་བརྗེ་སྤོ་བྱས་ཀྱང་ཁོང་གིས་བོད་ཀྱི་ཡིག་རྙིང་བསྡུ་སྒྲིག་གི་ཕྱག་ལས་མཚམས་འཇོག་གཏན་ནས་གནང་མ་མྱོང་།
༥]གློག་རྡུལ་གྱི་བོད་ཡིག་དཔེ་མཛོད་ཆེ་ཤོས་གསར་འཛུགས་གནང་།
ཕྱི་ལོ་ ༡༩༩༦ ལོར་སྐུ་ཞབས་རྗེན་ལགས་རྒན་ཡོལ་བྱས་ཤིང་། ལོ་གསུམ་གྱི་རྗེས་སུ་སྐུ་ཞབས་ཇེན་གྱིས་རང་གིས་མི་ཚེ་གཅིག་ལ་དཀའ་ལས་བརྒྱབ་པའི་འབྲས་བུ་རྣམས། གླེགས་བམ་ཙམ་དུ་ལུས་ན་ཧ་ཅང་ཕང་པའི་གནས་ཡིན་པ་དགོངས་ཏེ། དྲ་ཐོག་ནས་བོད་བརྒྱུད་ནང་བསྟན་དང་བོད་ཀྱི་རིག་གནས་ལ་དགའ་བའི་སྐྱེ་བོ་དག་གིས་རིན་མེད་དུ་གཟིགས་ཐུབ་ན་དགེ་མཚན་ཆེ་བར་དགོངས་ཏེ། TBRC [8]བོད་ཀྱི་ནང་བསྟན་ཞིབ་འཇུག་ལྟེ་གནས་ཁང་ཞེས་པའི་བཀའ་བསྟན་འཚོལ་ཞིབ་བྱ་རྒྱུ་ཡོད་པའི་དྲ་ཚིགས་ཆེན་པོ་ཞིག་གསར་འཛུགས་གནང་ཞིང་། དྲ་ཚིགས་དེར་དཔེ་ཆ་པོད་ཉིས་ཁྲི་ [9]བཞི་སྟོང་ཙམ་ཡོད་ཅིང་། ཁྱོན་ལྡེབས་གྲངས་ས་ཡ་བདུན་ལས་བརྒལ་བ་ཡོད་པས་འཛམ་གླིང་འདིར་བོད་ཡིག་དང་འབྲེལ་བའི་དྲ་ཚིགས་ཤོང་ཚད་ཆེ་ཤོས་དེ་ཡིན། དྲ་ཚིགས་དེར་ཉིན་རེ་བཞིན་མི་རིགས་འདྲ་མིན་གྱི་དོན་གཉེར་ཅན་བརྒྱ་ཕྲག་མང་པོས་ཡིག་ཆ་འཚོལ་ལེན་དང་། དཔེ་བསྡུར། ལུང་ཁུངས་འདྲེན་པ་སོགས་ཉམས་ཞིབ་དང་འབྲེལ་བའི་སློབ་གཉེར་གནང་མཁན་ཚོར་ཧ་ཅང་སྤྱོད་སྒོ་ཅན་དུ་གྱུར་པར་མ་ཟད། སློབ་གཉེར་གནང་མཁན་ཚོར་སྔར་བས་ཀྱང་ཤེས་བྱའི་ཁོར་ཡུག་སྣ་འཛོམས་ཅན་དང་། ཚད་གཞི་ཅན། མྱུར་ཚད་ཅན་བཅས་ཀྱི་གོ་སྐབས་གྱ་ནོམ་པ་བསྐྲུན་ཡོད།
༦] སྐུ་ཞབས་རྗེན་ལགས་སྤྱི་བཤད།
སྐུ་ཞབས་རྗེན་ནི་ཕྱི་ཚུལ་ནས་བལྟས་ན། གཙང་སྤྲ་མེད་ཅིང་ན་བཟའ་ལ་གྱོན་སྟངས་སོགས་ལ་དོ་དབྱིངས་མེད་པར་མ་ཟད། གསོལ་ཚིགས་ཀྱང་ཞག་རྩི་ཅན་ལ་དགའ་ཞེན་ཆེ་བས་འཕྲོད་བསྟེན་སོགས་ལ་ཐུགས་སྣང་གཏན་ནས་མེད་པར་མངོན་ཡང་། མྱི་གཤིས་ཀྱི་ཆ་ནས་ཁོང་ནི་རང་བཞིན་བརྟན་ཅིང་། ཐུགས་གཤིས་བཟང་ལ། དུས་རྒྱུན་བཅོས་མིན་གྱི་འཛུམ་མདངས་དང་། གཏིང་ཟབ་པའི་བསམ་གཞིགས་ཤིག་ལྷན་དུ་སྡོད་པ་ནི་ཁོང་གི་འཚོ་བར་གྱུར་ཡོད། སྒེར་དོན་ལས་ཀྱང་སྤྱི་དོན་གཙིགས་སུ་འཛིན་མཁན་ཞིག་ཡིན་པ་ང་ཚོས་ཁོང་གི་ཕྱག་ལས་ཀྱི་བརྒྱུད་རིམ་དག་ལས་ཤེས་རྟོགས་ཐུབ་པ་ཡིན།
སྐུ་ཞབས་རྗེན་དང་ཧ་ཅང་འབྲེལ་འདྲིས་ཟབ་པའི་བོད་ཀྱི་བླ་མ་ཞིག་ནི། ས་སྐྱ་ཕུན་ཚོགས་ཕོ་བྲང་གི་བདག་ཆེན་འཇིགས་བྲལ་རིན་པོ་ཆེ་དང་སྡེ་གཞུང་སྤྲུལ་སྐུ་གཉིས་ཡིན་ཞིང་། སི་ཨེ་ཏྲལ་གྱི་ས་སྐྱ་བླ་བྲང་ནི་རྗེན་དང་ཧ་ཅང་འབྲེལ་ཐག་ཉེ་བའི་བོད་ཀྱི་གཞིས་ཀ་ཐོག་མ་དེར་གྱུར་ཡོད་ཅིང་། ཕུན་ཚོགས་ཕོ་བྲང་གི་བདག་ཡུམ་མཆོག་དང་། གདུང་སྲས་རྣམས་པ་ནི་སྐུ་ཞབས་རྗེན་ལ་མཚོན་ལས་ཀྱིས་བསྐོས་པའི་གཉེན་ཚན་ལྟ་བུར་གྱུར་ཡོད།
དུས་ཕྱིས་སུ་མི་ཉག་ཏུ་སྐུ་འཁྲུངས་པའི་གཟན་དཀར་མཆོག་སྤྲུལ་མཁས་དབང་ཐུབ་བསྟན་ཉི་མ་ལགས་ཀྱང་སྐུ་ཞབས་ཇེན་གྱི་ཕྱག་ལས་གནང་བའི་བརྒྱུད་རིམ་ཁྲོད་ལས་གྲོགས་གལ་ཆེན་ཡིན་པར་མ་ཟད། སྐུ་ཞབས་རྗེན་དགོངས་པ་རྫོགས་ཁར་ཆེས་མཐའ་མར་མཇལ་ས་ཡང་གཟན་དཀར་སྤྲུལ་སྐུ་ཡིན་པར་སྣང་།
ཉེ་ལམ་ཧ་ཅང་སྙན་གྲགས་ཡོད་པའི་ལས་འཆར་ཞིག་ནི། བཀའ་བསྟན་དབྱིན་སྒྱུར་གྱི་ལས་གཞི་དེ་ཡིན་ཞིང་། ལས་གཞི་དེའི་ཐད་དུ་སྐུ་ཞབས་རྗེན་གྱིས་རང་དང་སེམས་ཐག་ཉེ་བའི་བོད་ཀྱི་བླ་མ་རྫོང་སར་མཁྱེན་བརྩེ་རིན་པོ་ཆེར་ཧ་ཅང་འགངས་ཆེ་བའི་དགོངས་ཚུལ་བརྗོད་ཡོད་ཅིང་། ནུབ་ཕྱོགས་ཀྱི་བོད་རིག་པ་དོན་གཉེར་ཅན་གྱི་མཁས་དབང་ལྔ་བཅུ་ཙམ་རྒྱ་གར་དུ་འཛོམས་ཏེ་བཀའ་འགྱུར་དབྱིན་སྒྱུར་གྱི་སྔོན་འགྲོའི་ཚོགས་ཆེན་སྐབས་སུ་རྗེན་ཀྱང་ངོ་བཅར་གནང་ཡོད། སྐུ་ཞབས་རྗེན་མ་གྲོངས་སྔོན་ནས་སྐུ་ཚེ་ཧྲིལ་པོར་འཚོལ་སྒྲུབ་བྱས་པའི་དཔེ་རྙིང་མཐའ་དག་བོད་རིགས་མི་དམངས་ལ་ཕྱིར་ལེགས་སྐྱེས་སུ་འབུལ་སླད་མི་རིགས་སློབ་ཆེན་ [10]དུ་ཕུལ་ཡོད་ཅིང་། སློབ་གླིང་དེར་སྐུ་ཞབས་རྗེན་གྱི་བྱས་རྗེས་ལ་ཡི་རངས་ཞུ་སླད་ཁོང་གི་སྐུ་སྟོད་ཀྱི་རྡོ་རིང་ཞིག་ཀྱང་བསླངས་ཡོད།
༧]བརྩམས་ཆོས་དང་། ཆེས་མཐའ་མཇུག་གི་བཀའ་ལན།
སྐུ་ཞབས་རྗེན་གྱིས་བོད་ཀྱི་གསུང་རབ་རྩོམ་རིག་གི་དཀར་ཆག་བྲིས་ཡོད་ཅིང་། དེའི་ནང་དུ་བོད་དང་ཧི་མ་ལ་ཡི་ལོ་རྒྱུས་སོགས་ཀྱང་ཚུད་ཡོད། ཞིབ་འཇུག་གི་རང་བཞིན་ལྡན་པའི་ཁོང་གི་བརྩམས་ཆོས་དེ་(Wisdom Publications Inc)ཤེས་རབ་སྤར་སྐྲུན་ཁང་ [11]ཁང་གིས་སྤར་བསྐྲུན་བྱས་ཡོད། མཐའ་དོན། སྐུ་ཞབས་རྗེན་གྱི་སྐུ་ཚེའི་ལོ་རྒྱུས་ཐུང་ངུ་འདི་ཁོང་གིས་གསུང་ལན་ཞིག་གིས་མཇུག་བསྡུ་བར་འདོད་དེ། གསར་འགོད་པ་དག་གིས་སྐུ་ཞབས་རྗེན་ལ་ཁྱེད་ཀྱིས་རང་གི་སྐུ་ཚེ་ཧྲིལ་པོ་བོད་ཀྱི་གནའ་དཔེ་འཚོལ་སྒྲུབ་སླད་གཏོང་དོན་ཅི་ཡིན་ཞེས་ཡང་ཡང་དྲིས་སྐབས། མཇུག་མཐར་ཁོང་གིས་ནང་ཆོས་དང་འབྲེལ་བའི་ལན་ཧ་ཅང་སྟབས་བདེ་ཞིག་བཏབ་ཡོད་དེ།” དེ་ནི་ངའི་ལས་ཡིན་རྒྱུ་རེད་ ” ཅེས་གསུངས་པ་རེད།
[1] http://wap.tibet.cn/tb/rw/tw/201412/t20141217_2162016.html
[2] https://www.bod.asia/2010/12/བོད་ཀྱི་གྲོགས་པོ/
[3] འདི་བ་ཁམས་སྐྱེ་རྒུ་ཐར་ལམ་དགོན་གྱི་བསྟན་བདག་བླ་མ་ཡིན་ཞིང་། ས་སྐྱ་ཕུན་ཚོགས་ཕོ་བྲང་གི་བདག་ཡུམ་གྱི་སྐུ་ཞང་ཡིན། བདག་ཆེན་རིན་པོ་ཆེ་སྐུ་འཁོར་དུ་ཨ་རིར་ཕེབས་ཏེ་ཡུན་རིང་བཞུགས། དེ་སྐབས་ཨ་རི་བ་མང་པོར་ནང་ཆོས་ཀྱི་ འཆད་ཁྲིད་མཛད་ཡོད་ཅིང་། མཁས་དབང་ངག་དབང་སྐལ་ལྡན་དང་། སྐུ་ཞབས་རྗེན་སོགས་ནུབ་ཕྱོགས་པ་ནང་བསྟན་ཆེད་མཁས་པ་དང་། ཉམས་ཞིབ་ཐད་ནུས་པ་ཐོན་པའི་ཞལ་སློབ་མང་པོ་བསྐྱངས། འདི་བ་མདོ་སྔགས་ཚང་མ་ཐུགས་ནས་འཆད་པའི་ཤེས་རབ་ཅན་ཞིག་ཡིན་པས། ནུབ་ཕྱོགས་ཀྱི་མཁས་པ་དག་གིས་སྡེ་གཞུང་རིན་པོ་ཆེར་ཤར་ཕྱོགས་ཀྱི་རྩིས་ འཕྲུལ་ཞེས་པའི་མཚན་སྙན་ཕུལ་མྱོང་། བལ་ཡུལ་དུ་སྐུ་གཤེགས། ཞིབ་ཏུ་ཤེས་འདོད་པ་དག་གིས་སྐུ་ཞབས་ངག་དབང་སྐལ་ལྡན་གྱིས་མཛད་ཅིང་གདོང་ཐོག་སྤྲུལ་སྐུས་བོད་སྒྱུར་མཛད་པའི་རྣམ་ཐར་ལ་གཟིགས། https://en.wikipedia.org/wiki/Dezhung_Rinpoche
[4] སྐབས་དེར་ཁོང་མཇལ་ཡུལ་གྱི་བླ་མ་གཙོ་བོ་ཁག་ནི་སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ། དགའ་ཤར་དགེ་བཤེས་བློ་བཟང་ལུང་རྟོགས་དང་། འབྲུག་པ་ཐུགས་སྲས་རིན་པོ་ཆེ། མཁན་པོ་ནོར་དབྱངས་སོགས་ཡིན་པར་སྣང་།
[5] འདི་ལ་དབྱིན་སྐད་ཐོག་ ཞེས་བྱ་ཞིང་། འཛམ་གླིང་གི་ས་ཆ་གང་སར་ཡོད་པའི་དཔེ་མཛོད་ཁང་ཞིག་ཡིན།
[6] https://en.wikipedia.org/wiki/Leonard_van_der_Kuijp
[7] སྐུ་ཞབས་རྗེན་གྱི་སྐུ་ཚེའི་ལོ་རྒྱུས་གློག་བརྙན་དུ་ཕབ་པ་དང་། སྐུ་ཞབས་རྗེན་དང་འབྲེལ་བའི་རྩོམ་ཐུང་ E. Gene Smith, Who Helped to Save Tibetan Literary Canon, Dies at 74 སོགས་སུ་གསལ།
[8] རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པའི་འབྲེལ་ཐགhttps://en.wikipedia.org/wiki/Buddhist_Digital_Resource_Center དང་།https://en.wikipedia.org/wiki/Digital_Dharma དང་། https://tricycle.org/magazine/man- who-saved-tibetan-buddhism སོགས་སུ་གསལ།
[9] ཡིག་ཆ་འགའི་ནང་དཔེ་གྲངས་ཆིག་ཁྲི་བཞི་སྟོང་བྲིས་པ་ཡང་ཡོད།
[10] ཁྲིན་ཏུའུར་ཡོད་པའི་ལྷོ་ནུབ་མི་རིགས་སློབ་ཆེན་ཡིན་ནམ་སྙམ།
[11] སྤར་སྐྲུན་ཁང་འདི་ནི་ཨ་རིར་རྟེན་གཞི་བྱས་པའི་ནུབ་ཕྱོགས་ཀྱི་སྤར་ཁང་སྙན་གྲགས་ཅན་ཞིག་ཡིན། ངོ་སྤྲོད་རྩོམ་ཐུང་འདི་འབྲི་བར་ཁེ་ཎ་ཏྲ་ནས་ཡིན་པའི་ལྕམ་སྐུ་ bess དང་། རྒན་པདྨ་རྡོ་རྗེ་རྣམ་གཉིས་ཀྱིས་གྲོགས་དན་གནང་བར་ཞལ་དྲོ་ཞུ།