བླ་མ་དགེ་བའི་བཤེས་གཉེན་བསྟེན་ཚུལ་གྱི་རིམ་པ་ཀློང་ཆེན་གཞུང་གི་བསྟན་དོན།
འདི་ཕྱི་གཉིས་ཀྱི་ནང་ནས་ཕྱི་མ་ཡི།།
རྣམ་གྲོལ་དོན་གཉེར་སློབ་མའི་ཚོགས་རྣམས་ཀྱིས།།
རིག་པས་དཔྱད་ནས་འདི་ཕྱི་གཉིས་ཀྱི་མགོན།།
མ་ནོར་ལམ་སྟོན་དཔོན་གསས་བཙལ་བྱས་ལ།།
སྒོ་གསུམ་གུས་པ་ཆེན་པོས་མཆོད་ཅིང་བཀུར།།
མ་བརྟག་མ་དཔྱད་འདིར་སྣང་འཁྲུལ་པའི་ལས།།
འཇིག་རྟེན་ཡོན་ཏན་གཏམ་དང་སྙན་གྲགས་དང་།
གཟུགས་སྒྲ་ཟས་དང་ཐོབ་དང་གོ་ས་དང་།།
མིང་ནོར་བསྙེན་བཀུར་ཚོགས་ཀྱི་རྗེས་འབྲང་ནས།།
རེ་ཞིག་བསྟེན་ཁུལ་བྱས་ཀྱང་རྒྱུན་འཁྱོངས་དཀའ།།
ནམ་གཞག་གཏན་གྱི་འདུན་མ་འགྲུབ་པ་ལ།།
མེད་དུ་མི་རུང་སྨིན་གྲོལ་སྐྱབས་ཀྱི་ཞིང་།།
བློ་གྲོས་འདྲི་བའི་ཡུལ་གྱི་མཆོག་གྱུར་པ།།
དཔོན་གསས་བླ་མ་འགྲོ་བའི་མགོན་པོ་ཉིད།།
བཀའ་དྲིན་རྒྱལ་བ་ལས་ཀྱང་འདི་ཉིད་ལྷག།
ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ཡི།།
སྐུ་གསུང་ཐུགས་ལ་སྨད་ཅིང་གཤེ་བ་བས།།
བཀའ་དྲིན་གསུམ་གྱིས་བསྐྱངས་པའི་དཔོན་གསས་ལ།།
སྒྲོ་འདོགས་སྐུར་འདེབས་འདི་ཉིད་ཉེས་ཆེ་ཞེས།།
ཐམས་ཅད་མཁྱེན་པའི་གསུང་དེར་ཡིད་བརྟོན་མཛོད།།
སྣང་བ་དག་ན་ཟབ་མོ་མཐོང་ངོ་ཞེས།།
དམ་པ་གོང་མ་རྣམས་ཀྱི་གསུང་སྒྲོས་ལ།།
ཡིད་ཆེས་བློས་འགེལ་ཁ་ཞེ་གཉིས་མེད་ཀྱིས།།
སངས་རྒྱས་དངོས་ཀྱི་འདུ་ཤེས་བཅངས་བྱས་ཏེ།།
དག་སྣང་སྦྱོང་བར་ནུས་ན་བསོད་ནམས་ཅན།།
བྱིན་རླབས་འདོད་ན་དད་མོས་གུས་པས་ལེན།།
དད་པ་མེད་པའི་གཡོ་སྒྱུ་ཟོལ་ཟོག་དང་།།
ལོག་འཚོ་ལྔ་དང་འཇིག་རྟེན་བོན་བརྒྱད་སོགས།།
ཐབས་ལ་མཁས་པའི་བསླུ་བྲིད་སྣ་ཚོགས་ཀྱིས།།
རང་རྒྱུད་སྨིན་ཅིང་གྲོལ་བར་ག་ལ་སྲིད།།
རིག་པས་དཔྱད་ནས་བརྟག་དོན་བཙལ་བའི་མཐར།།
རང་ལ་དགོས་པའི་ཡིད་བཞིན་ནོར་བུ་དེ།།
ལག་ཏུ་སོན་ཀྱང་བསྟེན་ཐབས་མ་ཤེས་ན།།
ནོར་བུ་ཡོད་ཀྱང་ནོར་ཉམས་མ་ཆོད་པའི།།
བསོད་ནམས་ཟད་པའི་བསོད་ཟད་དེ་ལ་ཟེར།།
དེའི་ཕྱིར་ཐམས་ཅད་མཁྱེན་པའི་སྟོན་པ་ཡིས།།
མཚན་ལྡན་བླ་མའི་བསྟེན་ཐབས་མང་གསུངས་ཀྱང་།།
མདོ་དོན་སྙིང་པོར་དྲིལ་ནས་རབ་བསྔགས་པ།།
རྨད་དུ་བྱུང་བའི་བསྟེན་ཐབས་རིམ་པ་ལྔ།།
ཉམས་སུ་ལེན་པར་ནུས་ན་དེ་ཀས་ཆོག།
དང་པོ་དཔོན་གསས་བླ་མ་བསྟེན་མཁས་པ།།
གནས་སྐབས་འཇིག་རྟེན་འདི་དང་ཕྱི་མ་ཡི།།
དོན་རྣམས་མ་ལུས་བླ་མར་རགས་ལུས་པས།།
དར་གཅིག་ཙམ་ཡང་མེད་ཐབས་མེད་སྙམ་པའི།།
མི་ཕྱེད་དད་པའི་གདུང་ཤུགས་དྲག་པོ་དང་།།
ལུས་ངག་ཡིད་གསུམ་རྩེ་གཅིག་མོས་འདུན་གྱིས།།
མིག་སྙིང་སྲོག་གསུམ་བས་ཀྱང་གཅེས་པར་བསྟེན།།
གཉིས་པ་དཔོན་གསས་བླ་མ་བསྟེན་ཤེས་པ།།
འདི་ལ་བསྟེན་ཐབས་ལྔ་རུ་གསུངས་པ་སྟེ།།
དང་པོ་ས་གཞིའི་སྲོལ་གྱིས་བསྟེན་ཤེས་པ།།
བླ་མས་སྒོ་གསུམ་བྱ་བ་ཅི་མཛད་ཀྱང་།།
རང་གིས་ཐེག་པའི་བློ་གྲོས་སྟོབས་དང་ལྡན།།
ས་གཞི་འདི་ཡིས་གང་ཡང་ཐེག་པ་ལྟར།།
བླ་མས་ཅི་མཛད་རང་གིས་ཐེག་པར་བྱ།།
གཉིས་པ་གྲུ་པའི་ཚུལ་གྱིས་བསྟེནཤེས་པ།།
ཆུ་བོ་བརྒལ་བར་འདོད་ན་མཉེན་པ་ལ།།
རེ་ལྟོས་བཅོལ་ན་གནས་སུ་སྙེགས་པ་ལྟར།།
དྲིན་ལན་འཇལ་བར་འདོད་པའི་བསམ་པ་ཡིས།།
དཔོན་གསས་བླ་མ་དེ་ཡང་དེ་བཞིན་བསྟེན།།
གསུམ་པ་ཁྱིའི་སྲོལ་ལྟར་བསྟེན་ཤེས་པ།།
ཁྱི་ཞེས་བྱ་བའི་བྱོལ་སོང་དེ་ཉིད་ལ།།
བདག་པོས་བརྡེགས་ཀྱང་ཚུར་ལ་མི་རྒོལ་ལྟར།།
དད་དམ་གཡོ་བ་མེད་པའི་སློབ་བུ་ལ།།
བླ་མས་ཇི་ཙམ་བཀྱོན་ཡང་ལན་མི་བྱ།།
བཞི་པ་མ་བུའི་ཚུལ་དུ་བསྟན་ཤེས་པ།།
བུ་ཉིད་མ་ཡི་རྗེས་སུ་འབྲང་བ་ལྟར།།
ལས་དང་སྐལ་པ་ལྡན་པའི་སློབ་བུ་ཡང་།།
བླ་མ་དམ་པའི་རྗེས་སུ་འབྲང་བར་བྱ།།
ལྔ་པ་རྒྱལ་པོ་ལྟར་དུ་བསྟེན་ཤེས་པ།།
རྒྱལ་པོའི་ཁྲིམས་དང་འགལ་ན་ཉེས་པ་བཞིན།།
བླ་མའི་ཐུགས་དང་འགལ་ན་ལྟུང་བ་འབྱུང་།།
གསུམ་པ་དཔོན་གསས་བསྟེན་ཡུན་རིང་བ་སྟེ།།
ཉམས་རྟོགས་བླ་མའི་དྲོད་ལས་འབྱུང་བའི་ཕྱིར།།
བླ་མ་དམ་པ་བསྟེན་ཡུན་རིང་ན་ལེགས།།
རང་ཚུགས་མ་ཟིན་བླ་མ་དང་བྲལ་ན།།
བུ་ཚ་མ་ཡིས་བོར་དང་ཁྱད་མེད་གསུངས།།
བཞི་པ་དཔོན་གསས་བསྟེན་ལ་མི་སྐྱོ་བའི།།
དད་པ་རྣལ་མ་རང་རྒྱུད་མེད་འགྱུར་ན།།
བདུད་ཀྱིས་བར་དུ་བཅད་ནས་གཡང་ས་རུ།།
གཏན་དུ་འཁྲིད་པར་ངེས་པས་ཟབ་ན་བཟང་།།
མདོར་ན་སངས་རྒྱས་དངོས་ཀྱི་འདུ་ཤེས་ཀྱིས།།
དག་པའི་སྣང་བ་ཕྱོགས་མེད་སྦྱོང་བར་བྱ།།
ལྔ་པ་དཔོན་གསས་བསྟེན་པའི་མདོ་ཆེ་བ།།
བླ་མ་དམ་པའི་གསང་གསུམ་ཡོན་ཏན་རྣམས།།
གཅིག་ཀྱང་མ་ལུས་རང་གིས་ལོན་བྱས་ཏེ།།
འདི་ཕྱི་གཉིས་ཀྱི་མདོ་དོན་མ་ཤོར་བ།།
མི་ཚེ་དོན་སྙིང་ལྡན་པའི་ཐབས་ལ་འབད།།
དལ་འབྱོར་ཐོབ་པར་དཀའ་བའི་དཔེ་བརྒྱད་ཀློང་ཆེན་གཞུང་གི་བསྟན་དོན།
ཤིན་ཏུ་མཐོ་བའི་གངས་དཀར་རྩེ་མོ་ན།།
མེ་ཏོག་བྱ་བ་འཁྲུངས་པར་དཀའ་བ་ལྟར།།
གསེར་དང་འདྲ་བའི་མི་ལུས་རིན་པོ་ཆེ།།
ཐོབ་པར་དཀའ་བའི་ཚུལ་ནི་དེ་དང་འདྲ།།
ཤིན་ཏུ་ཟབ་པའི་རྒྱ་མཚོ་ཆེན་པོའི་དབུས།།
ལྗོན་ཤིང་ཚོགས་རྣམས་འཁྲུངས་པར་དཀའ་བ་ལྟར།།
གསེར་དང་འདྲ་བའི་མི་ལུས་རིན་པོ་ཆེ།།
ཐོབ་པར་དཀའ་བའི་ཚུལ་ནི་དེ་དང་འདྲ།།
ཟས་གོས་ནོར་གྱིས་འཕོང་བའི་དབུལ་འཕོངས་ལ།།
རིན་ཆེན་རིགས་རྣམས་ཐོབ་པར་དཀའ་བ་ལྟར།།
གསེར་དང་འདྲ་བའི་མི་ལུས་རིན་པོ་ཆེ།།
ཐོབ་པར་དཀའ་བའི་ཚུལ་ནི་དེ་དང་འདྲ།།
ལོང་བས་མཁའ་ལ་བལྟས་པར་གྱུར་ན་ཡང་།།
ཉི་ཟླའི་དཀྱིལ་འཁོར་མཐོང་བར་དཀའ་བ་ལྟར།།
གསེར་དང་འདྲ་བའི་མི་ལུས་རིན་པོ་ཆེ།།
ཐོབ་པར་དཀའ་བའི་ཚུལ་ནི་དེ་དང་འདྲ།།
རྐང་མེད་ཞ་བོས་ཇི་ཙམ་འབད་ན་ཡང་།།
རིན་ཆེན་གླིང་དུ་ཕྱིན་པར་དཀའ་བ་ལྟར།།
གསེར་དང་འདྲ་བའི་མི་ལུས་རིན་པོ་ཆེ།།
ཐོབ་པར་དཀའ་བའི་ཚུལ་ནི་དེ་དང་འདྲ།།
ལྟ་བ་ལོག་པའི་ནག་པོ་བདུད་རིགས་ཀྱིས།།
རྒྱལ་བའི་ཞིང་ཁམས་བསྒྲོད་པར་དཀའ་བ་ལྟར།།
གསེར་དང་འདྲ་བའི་མི་ལུས་རིན་པོ་ཆེ།།
ཐོབ་པར་དཀའ་བའི་ཚུལ་ནི་དེ་དང་འདྲ།།
དུད་ནས་འགྲོ་བའི་བྱོལ་སོང་ཚོགས་རྣམས་ཀྱིས།།
སྨན་དང་འདྲ་བའི་གདམས་ངག་ཐོས་དཀའ་ལྟར།།
གསེར་དང་འདྲ་བའི་མི་ལུས་རིན་པོ་ཆེ།།
ཐོབ་པར་དཀའ་བའི་ཚུལ་ནི་དེ་དང་འདྲ།།
ཁྲི་གདུགས་ཉི་མའི་འོད་སྟོང་བཞད་པ་ན།།
སྐར་ཕྲན་ཚོགས་རྣམས་མཐོང་བར་དཀའ་བ་ལྟར།།
གསེར་དང་འདྲ་བའི་མི་ལུས་རིན་པོ་ཆེ།།
ཐོབ་པར་དཀའ་བའི་ཚུལ་ནི་དེ་དང་འདྲ།།
དད་པ་མེད་དུ་མི་རུང་བའི་རྒྱུ་མཚན་ཀློང་ཆེན་གཞུང་གི་བསྟན་དོན།
དགེ་བའི་ལས་དང་བོན་གྱི་འཇུག་སྒོ་དང་།།
ཕ་རོལ་ཕྱིན་བཅུ་ས་བཅུ་ལམ་ལྔ་དང་།།
བསྐྱེད་རྫོགས་ཟུང་འཇུག་ཁྲེགས་ཆོད་ཐོད་རྒལ་སོགས།།
ཀུན་འབྱུང་ཀུན་གྱི་གཞི་མ་དད་པ་ཡིན།།
རྣམ་མཁྱེན་རྒྱལ་བའི་གོ་འཕང་ཐོབ་པ་དང་།།
ཉམས་ལེན་ཆུ་བོའི་རྒྱུན་བཞིན་བསྲིང་བ་ལ།།
སྤུ་སུད་གསར་འགྲོགས་བློ་ཡིས་མི་འཁྱོལ་བས།།
དད་པ་བརྟན་པོས་གཞི་ནི་གཟུང་བར་བྱ།།
བཟང་པོའི་རྟ་ལ་བཞོན་ནས་ཕྱིན་འགྱུར་ན།།
བགྲོད་པའི་གནས་སུ་མྱུར་དུ་བསླེབ་པ་ལྟར།།
དད་པོ་བཟང་པོ་འདི་ནི་རྟ་འདྲ་བས།།
དགེ་སྦྱོར་ཀུན་གྱི་རྟ་ཕོ་འདི་ཀ་རང།།
གསེར་དེ་རང་ལ་མེད་ན་གཞན་ཞིག་ལས།
བཙལ་བའི་ཐབས་ལ་ཇི་ལྟར་འབད་པ་བཞིན།།
དད་པ་རང་ལ་མེད་ན་བཀའ་ལུང་སོགས།།
བླ་མ་བཟང་པོའི་རྣམ་ཐར་སོགས་ལས་འཚོལ།།
སྣང་གསལ་མར་མེ་རྟག་ཏུ་འབར་བ་ལ།།
མར་གྱིས་འཚོ་ཞིང་གསོ་བར་བྱེད་པ་ལྟར།།
དད་པ་རང་ལ་ཡོད་ཀྱང་མི་ཉམས་པའི།།
གསོ་ཞིང་སྐྱོང་བར་བྱེད་པའི་ཐབས་ལ་རེམ།།
དད་པ་བཙལ་བའི་ཡུལ་བཞི་ཀློང་ཆེན་གཞུང་གི་བསྟན་དོན།
ཚུལ་ཁྲིམས་རྣམ་དག་ལས་འབྲས་མིག་ལྟར་སྲུང།།
བཀའ་ལུང་ཟབ་མོའི་གདམས་ངག་གཞུང་བཞིན་འཆད།།
ལུང་དང་འདྲེས་ཤིང་ལུང་གིས་ཕྱུག་པ་དང་།།
ལུང་བཞིན་སྟོན་པའི་བླ་མ་དེ་ལས་བཙལ།།
བཀའ་རྒྱུད་དྲང་དོན་མཐོང་བ་མངོན་འགྱུར་དང་།།
སྐྱེས་ནས་མྱོང་འགྱུར་ལན་གྲངས་གཞན་ལ་སོགས།།
ལས་འབྲས་བསླུ་མེད་ངེས་དོན་རང་སེམས་ཀྱི།།
ངོ་སྤྲོད་ཟབ་མོ་དག་ལ་བརྟེན་ནས་བཙལ།།
ཚུལ་ཁྲིམས་མ་བསྲུང་ལུས་རྟེན་འདི་མི་ཐོབ།།
ཚོགས་གཉིས་མ་བསགས་ཐར་པའི་མཆོག་མི་ཐོབ།།
དལ་བརྒྱད་འབྱོར་བཅུ་ཐོབ་པའི་རྟེན་བཟང་འདི།།
ཐོབ་དཀའི་ཚུལ་ལ་བསམ་ནས་དད་པ་བཙལ།།
གནས་སྐབས་མཐར་ཐུག་བདེ་བ་མཆོག་བརྙེས་ཤིང་།།
ཕྲལ་དང་ཡུན་གྱི་སྡུག་བསྔལ་གཏན་ཟད་པའི།།
ཉམས་དགའ་ཡིད་འོང་བདེ་ལེགས་ཕུན་ཚོགས་ལ།།
སྤྲོ་ཞིང་དྭངས་བའི་སེམས་ཀྱིས་དད་པ་བཙལ།།
དད་པ་སྐྱེ་བའི་ཡུལ་བཞི་ཀློང་ཆེན་གཞུང་གི་བསྟན་དོན།།
མོས་པའི་དད་པ་སྐྱེ་བའི་ཡུལ་གྱི་མཆོག།
ཐར་པའི་ལམ་སྟོན་དཔོན་གསས་བླ་མ་དང་།།
སངས་རྒྱས་བོན་དང་སེམས་དཔའི་ཚོགས་རྣམས་ལ།།
སྒོ་གསུམ་གུས་པས་འདུད་དོ་དགེ་ལེགས་སྩོལ།།
དྭངས་བའི་དད་པ་སྐྱེ་བའི་ཡུལ་གྱི་མཆོག།
དུག་གསུམ་དུག་ལྔ་ཐར་པ་སྒྲུབ་པའི་གེགས།།
དེ་རྣམས་དྭངས་ནས་སྐུ་གསུམ་སྐུ་ལྔ་དང་།།
དྭངས་མ་ཡེ་ཤེས་ལྔ་ཡི་རང་མདངས་ཤར།།
ཡིད་ཆེས་དད་པ་སྐྱེ་བའི་ཡུལ་གྱི་མཆོག།
ལས་འབྲས་དོན་དང་མཐོ་དམན་ལས་དབང་གིས།།
གྲུབ་པ་འདི་རྣམས་ལས་འབྲས་བསླུ་མེད་ཀྱི།
སྟོབས་ལས་བྱུང་བས་ཡིད་ཆེས་བྱ་བར་འོས།།
མཐར་ཕྱིན་དད་པ་སྐྱེ་བའི་ཡུལ་གྱི་མཆོག།
དགེ་སྡིག་རྒྱུ་འབྲས་ཤེས་ནས་མཐར་ཐུག་གི
འབྲས་བུ་སྨིན་ཅིང་ཕྱིར་མི་ལྡོག་པ་སྟེ།།
རིན་ཆེན་ནང་ནས་གསེར་ཉིད་རྙེད་དང་མཚུངས།།
དད་པ་འཕེལ་བའི་རྒྱུ་བཞི་ཀློང་ཆེན་གཞུང་གི་བསྟན་དོན།
མཚན་ལྡན་བླ་མ་བསྟེན་པ་ཡུན་རིང་ཞིང་།།
བླ་མའི་ཡོན་ཏན་དག་ལ་མོས་པ་དང་།།
དུང་བ་ཟབ་ཅིང་མོས་གུས་མ་ལོག་ན།།
དད་པ་བྱ་བ་ངང་གིས་འཕེལ་བའོ།།
བཟང་པོར་སྤྱོད་པའི་གྲོགས་དང་འགྲོགས་བྱས་ཏེ།།
མཚུངས་པར་སྤྱོད་པའི་གྲོགས་ཀྱི་སྤྱོད་ལམ་ལ།།
མོས་གུས་ཆུད་ནས་རང་ཡང་དེ་བཞིན་དུ།།
བྱ་བར་འདོད་ན་དད་པ་ངང་གིས་འཕེལ།།
བཀའ་ལུང་ཟབ་མོ་རྣམས་དང་མི་འབྲལ་ཞིང་།།
བླ་མའི་གསུང་དང་དཔེ་ཆའི་ནང་དོན་དང་།།
རང་གི་མྱོང་བ་གསུམ་པོ་མཐུན་འགྱུར་ན།།
དད་པ་བྱ་བ་འཕེལ་ལ་ཚེགས་མེད་དོ།།
ལས་འབྲས་དོན་ལ་ཡིད་ཆེས་ཆེ་བ་དང་།།
བཅོས་མིན་སེམས་ཀྱི་གདུང་ཤུགས་དྲག་པོ་ཡིས།།
འཆི་བ་རྗེས་སུ་དྲན་པའི་སྟོབས་ལྡན་ན།།
དད་པ་ཡར་ངོ་ཟླ་བཞིན་རྒྱས་པར་འགྱུར།།
དད་པ་འགྲིབ་པའི་རྐྱེན་བཞི་ཀློང་ཆེན་གཞུང་གི་བསྟན་དོན།
མཆོད་པའི་གནས་དང་བཀུར་བའི་ཞིང་གྱུར་པའི།།
བླ་མ་དམ་པའི་སྒོ་གསུམ་མཛད་སྤྱོད་ཀྱང།།
ཐ་མལ་ཉིད་དུ་སོང་ནས་ལོག་འགྱུར་ན།།
དེ་ནི་དད་པ་འགྲིབ་པའི་རྐྱེན་དུ་བཤད།།
སྒོ་གསུམ་རྣམ་དཀར་ལས་ལ་རྟག་འབད་པའི།།
དགེ་བྱེད་ཡིན་ཀྱང་མཛད་སྤྱོད་མ་ཟབ་ན།།
སྤྱོད་ལམ་ངན་པས་གཞན་གྱི་དད་པ་ཡང་།།
འགྲིབ་པའི་རྐྱེན་དུ་འགྱུར་བར་གདོན་མི་ཟ།།
ལྐོག་འགྱུར་གཟིགས་པའི་ཤེས་རབ་དབེན་པའི་མཐུས།།
ཚུལ་ལྡན་དགེ་བྱེད་སྡུག་གིས་མནར་བ་དང་།།
ཚུལ་མིན་ཤན་པ་བདེ་ཞིང་འཚོ་བའི་ཚུལ།།
རང་གིས་མཐོང་ཚེ་དད་པ་འགྲིབ་པར་བྱེད།།
དཀའ་སྤྱད་སྙིང་རུས་རང་གིས་མ་ལྕོགས་ནས།།
སྡུག་བསྔལ་དང་ལེན་རང་གིས་མ་ནུས་ནས།།
ཐར་པ་འདོད་ཀྱང་ཐར་པ་མ་ཐོབ་པས།།
དད་པ་འདི་ཡང་འགྲིབ་པའི་རྐྱེན་དུ་གྱུར།།
དད་པ་ཡོད་པའི་རྟགས་བཞི་ཀློང་ཆེན་གཞུང་གི་བསྟན་དོན།
ཐོས་བསམ་སྒོམ་ལ་འབད་རྩོལ་ཆེ་བ་དང་།།
རང་རྒྱུད་སྦྱོང་ལ་ནན་ཏན་ཆེ་བ་དང་།།
ལས་འབྲས་ཚོགས་ལ་ངེས་ཤེས་ཆེ་བ་ནི།།
དད་པ་ཡོད་པའི་རྟགས་སུ་གཞུང་ནས་གསུངས།།
སྐྱིད་དང་སྡུག་པའི་བཟང་ངན་གང་འཕྲད་ཀྱང་།།
ཡུལ་མཆོག་བཞི་པོ་བློ་ཡིས་མི་འདོར་ཞིང་།།
མོས་གུས་བསམ་པ་རྒྱུན་དུ་ཡོད་འགྱུར་ན།།
དད་པ་ཡོད་པའི་རྟགས་མཚན་འདི་ཀ་རང་།།
དགེ་བ་ཕྲ་མོ་ཁྱད་དུ་མི་གསོད་ཅིང་།།
སྡིག་པ་ཕྲ་མོ་ཞོར་ལ་མི་བསོག་པར།།
ལས་འབྲས་དོན་ལ་བརྟག་པ་ཞིབ་འགྱུར་ན།།
དད་པ་བཟང་པོ་རང་རྒྱུད་ཡོད་པའི་རྟགས།།
ཁ་ནས་བཤད་པ་ཙམ་གྱིས་མི་ཚིམ་པར།།
དོན་གྱི་སྙིང་པོ་ལག་ཏུ་བླང་བྱས་ཏེ།།
ཚེ་འདིར་ཉམས་ལེན་ངང་ནས་འཁྱོལ་ཐུབ་ན།།
མིང་དོན་མཚུངས་པའི་དད་པ་ཡོད་པའི་རྟགས།།
དད་པའི་བྱེད་ལས་བཞི་ཀློང་ཆེན་གཞུང་གི་བསྟན་དོན།
དགེ་སྦྱོར་ཚོགས་རྣམས་ངང་གིས་འཕེལ་བ་དང་།།
ཉམས་དང་རྟོགས་པ་ཤུགས་ཀྱིས་འབྱུང་བ་དང་།།
ཉེས་ལྟུང་ཚོགས་རྣམས་ངང་གིས་ཞི་བ་ཡི།།
རྟེན་རྣམས་མ་ལུས་དད་པ་འདི་ཡིས་བྱེད།།
ཐར་པའི་ཡོན་ཏན་རྣམས་ལ་མོས་པ་ཡི།།
བཅོས་མིན་དད་པ་སྐྱེས་པའི་མཐུ་སྟོབས་ཀྱིས།།
ཐར་པའི་གྲོགས་སུ་བསྔགས་པའི་བརྩོན་འགྲུས་ཀྱང་།།
དད་པ་བརྟན་པོ་འདི་ཡིས་འདྲེན་པར་བྱེད།།
གདམས་ངག་འཕྲུལ་གྱི་གྲུ་གཟིངས་ལ་བརྟེན་ནས།།
གསུང་རབ་རྒྱ་མཚོའི་འཇིང་ལ་བཞུགས་པ་དང་།།
རབ་འབྱམས་གཞུང་གི་གཏེར་ཆེན་ལོན་པ་ཡང་།།
དད་པ་བཟང་པོ་འདི་ཡི་སྟོབས་ལས་བྱུང་།།
ཐོས་པས་ཚིག་རྣམས་འཛིན་པར་བྱེད་པ་དང་།།
བསམ་པས་དོན་རྣམས་འཛིན་པར་བྱེད་པ་དང་།།
སྒོམ་པས་ཚིག་དོན་གཉིས་ཀ་འཛིན་པ་ཡང་།།
རྣམ་དཀར་དད་པ་འདི་ཡི་མཐུ་ལས་བྱུང་།།
དད་པ་ཡོད་པའི་ཡོན་ཏན་བཞི་ཀློང་ཆེན་གཞུང་གི་བསྟན་དོན།
ཚེ་འདི་རྟག་པར་འཛིན་པའི་རྟག་འཛིན་གྱི།།
འཛིན་པ་མཁྲེགས་པོ་རྡོ་དང་འདྲ་བ་དེ།།
ཟློག་ནས་སྣང་བ་སྒྱུ་མར་ཤེས་པ་ཡི།།
འཆི་སེམས་ཕྲ་མོ་མངོན་དུ་འགྱུར་བ་ཡིན།།
ཐོག་མེད་དུས་ནས་ཐར་མེད་འཁོར་བའི་མཚོར།།
སྡུག་བསྔལ་སྡུག་གི་ཆུ་རིས་མ་གཏོགས་པ།།
བདེ་བ་བྱ་བ་མིང་ཙམ་མ་གྲུབ་པས།།
འདི་ལ་ཞེན་པ་ཟློག་པ་དད་པས་བྱས།།
འདུ་འཛི་འཁོར་བའི་གྲོང་དང་སྒྱུ་མའི་ནོར།།
བོན་བརྒྱད་སྲིད་པའི་ཚོགས་ལ་མི་ཆགས་པར།།
འཇིག་རྟེན་ཐལ་བའི་རྡུལ་བཞིན་དོར་བྱས་པས།།
དད་པའི་ཡོན་ཏན་ཉིད་དུ་ཤེས་པར་བྱ།།
ཐོབ་པར་དཀའ་བའི་དལ་འབྱོར་མི་ལུས་ཐོབ།།
འཕྲད་པར་དཀའ་བའི་གཡུང་དྲུང་བོན་དང་འཕྲད།།
མཇལ་བར་དཀའ་བའི་དཔོན་གསལ་བླ་མ་མཇལ།།
ཐར་པའི་ལམ་སྣེ་ཟིན་པ་དད་པས་བྱས།།
དད་པ་མེད་པའི་སྐྱོན་བཞི་ཀློང་ཆེན་གཞུང་གི་བསྟན་དོན།
རང་རྒྱུད་དད་པ་མེད་པའི་མི་དེ་ནི།།
མིག་གིས་ཅེར་རེེར་བལྟ་ཡང་བཟང་ངན་གྱི།
སྐྱོན་ཡོན་གང་ཡང་མཐོང་བར་མི་ནུས་པས།།
འདི་ལ་ཅེར་རེར་བལྟ་ཡང་ལོང་བ་ཟེར།།
རང་རྒྱུད་དད་པ་མེད་པའི་མི་དེ་ལ།།
ཁ་མིག་ལ་སོགས་དབང་པོ་ཀུན་ཚང་ཡང་།།
རྣམ་པར་འབྱེད་པའི་ཤེས་རབ་མིག་མེད་པས།།
འདི་ལ་དབང་པོ་ཚང་ཡང་གྱ་ཉེས་ཟེར།།
རང་རྒྱུད་དད་པ་མེད་པའི་མི་དེ་ནི།།
མགོ་བདེ་དྲན་འཕྲུལ་འཇིག་རྟེན་ཀུན་ཤེས་ཀྱང་།།
རྣམ་དཀར་དགེ་བའི་མདོ་དོན་གྱིས་སྟོང་པས།།
འདི་ལ་སྤྱང་གྲུང་འཛོམས་ཀྱང་མདོ་ཤོར་ཟེར།།
རང་རྒྱུད་དད་པ་མེད་པའི་མི་དེ་ཡིས།།
བླང་དོར་མི་ཤེས་ཐར་པ་ག་ལ་ཤེས།།
ལས་འབྲས་དོན་ལ་ཤིན་ཏུ་རྨོངས་པས་ན།།
འདི་ལ་མི་ལུས་ཐོབ་ཀྱང་བྱོལ་སོང་ཟེར།།
དད་པ་དྲེད་པའི་ཚུལ་བཞི་ཀློང་ཆེན་གཞུང་གི་བསྟན་དོན།
དང་པོ་སངས་རྒྱས་ཟེར་ནས་གུས་ཕྱག་ཕུལ།།
བར་དུ་སངས་རྒྱས་ཡོད་མེད་ཐེ་ཚོམ་ཟ།།
ཐ་མ་སངས་རྒྱས་ཟེར་བ་རྫུན་ཡིན་ཟེར།།
འདི་ནི་དད་པ་དྲེད་པའི་རང་རྟགས་ཡིན།།
དང་པོ་བླ་མ་ཟེར་ནས་མོས་གུས་བྱེད།།
བར་དུ་བླ་མར་སྨད་ནས་དཔྱས་འདོགས་བྱེད།།
ཐ་མ་བླ་མ་བས་ཀྱང་རང་ཉིད་གཙོ།།
འདི་གསུམ་དད་པ་དྲེད་པའི་དཔང་རྟགས་ཡིན།།
དང་པོ་སེམས་ཅན་མཐོང་དུས་སྙིང་རྗེ་དྲན།།
བར་དུ་ཤ་ལ་ཐུག་དུས་སྙིང་རྗེ་བརྗེད།།
ཐ་མ་ཤ་ལ་རོལ་དུས་བསྔོ་སྨོན་བརྗེད།།
འདི་གསུམ་དད་པ་དྲེད་པའི་དན་རྟགས་ཡིན།།
ལས་འབྲས་མ་ཤེས་བོན་ལ་སྒྲོ་སྐུར་བཏབ།།
སྡིག་པ་ཅན་ལ་རྗེས་སུ་ཡིད་རངས་འབུལ།།
དགེ་བྱེད་རྣམས་ལ་དཔྱས་འདོགས་ཅི་ཐུབ་བྱེད།།
འདི་ཡང་དད་པ་དྲེད་པའི་རྟགས་ཤིག་ཡིན།།
དེང་རབས་ཕལ་ཆེར་འདི་ལྟར་གྱུར་བར་མཐོང་།།
རང་རྒྱུད་སྦྱོང་བའི་ཐབས་ལ་འབད་པ་གལ།།
གཞན་ལ་དཔྱས་འདོགས་བྱེད་པའི་དུས་མ་ཡིན།།
རང་རྒྱུད་དག་ཐེར་བྱེད་པ་ཀུན་གྱི་མཆོག།
དད་པ་ཡལ་བའི་ཚུལ་བཞིེ་ཀློང་ཆེན་གཞུང་གི་བསྟན་དོན།
སེམས་ལ་སྡིག་པའི་ལས་སྤྱོད་ཤ་སྟག་དྲན།།
ཁ་ནས་སྡིག་པའི་གཏམ་གླེང་སྣ་ཚོགས་སྨྲ།།
ལག་གིས་སྡིག་པའི་ཉེས་པ་སྣ་ཚོགས་བྱས།།
སྡིག་པ་མིག་འདྲིས་སོང་ནས་དད་པ་ཡལ།།
ལོ་དང་ཟླ་བར་དཀའ་བ་སྤྱད་སྤྱད་ནས།།
ཐོས་པ་རྒྱ་མཚོ་བཞིན་དུ་བསགས་བསགས་ནས།།
རང་རྒྱུད་བོན་དང་འདྲེས་པ་མ་བྱུང་ནས།།
ཐོས་དོན་སྒྲུབ་ལ་མ་གཞོལ་དད་པ་ཡལ།།
འདོད་པའི་འདོད་ཡོན་ལྔ་ལ་རང་སེམས་ཆགས།།
སྲིད་པའི་ཕུན་ཚོགས་འདི་ལ་རང་མགོ་འཁོར།།
དགེ་སྦྱོར་བྱ་བ་ཕྱིས་སུ་བསྒྲུབ་འདོད་པས།།
འདུ་འཛི་གཡེང་བས་ཁྱེར་ནས་དད་པ་ཡལ།།
གསེར་དང་འདྲ་བའི་གྲོགས་པོ་རྒྱང་དུ་དོར།།
དུག་དང་འདྲ་བའི་གྲོགས་པོ་དང་དུ་བླངས།།
སིབ་དྲི་འདྲ་བའི་སྤྱོད་ངན་རང་ལ་འགོས།།
གྲོགས་ངན་བསྟེན་པས་དད་པ་ལམ་གྱིས་ཡལ།།
སྙིང་པོ་ཡོད་པའི་དད་པ་བཞི་ཀློང་ཆེན་གཞུང་གི་བསྟན་དོན།
དགེ་བའི་གནས་ལ་ཐང་བཅད་བརྩོན་པའི་དུས།།
དཀའ་བའི་མཚན་མ་བརྒྱ་ཕྲག་འབྱུང་སྲིད་ཀྱང་།།
བྱུང་ཚོར་བྱ་བ་གཏན་ནས་མི་མངའ་ན།།
སྐྱོ་ངལ་མེད་པའི་དད་པ་དེ་ལ་ཟེར།།
སྐྱེ་དང་ཤི་བའི་འཇིག་པ་འདི་གཉིས་ལ།།
ཁོང་ནས་དངངས་ཤིང་སྐྲག་པའི་བློ་ལྡན་ཏེ།།
དགེ་སྦྱོར་སྒྲུབ་ལ་ཕྱི་བཤོལ་མེད་འགྱུར་ན།།
གཏིང་ནས་འཇིགས་པའི་དད་པ་དེ་ལ་ཟེར།།
བྱ་བའི་ལས་ནི་དལ་དལ་འདྲ་ན་ཡང་།།
དོན་གྱི་ཉམས་རྩ་གཏིང་ནས་མ་ཤོར་ཞིང་།།
ཨུ་ཚུགས་མཐར་སྐྱེལ་ཐང་ལྷོད་མི་མངའ་ན།།
སྙུགས་ཐག་རིང་བའི་དད་པ་དེ་ལ་ཟེར།།
འདོད་པ་ཅན་གྱིས་རྒྱུ་ནོར་བསོག་པའི་དུས།།
ཚིམ་ཞེས་བྱ་བ་དོན་ལ་མི་སྲིད་བཞིན།།
ངོམ་མེད་བློ་ཡིས་དགེ་ལ་འབད་བྱས་པ།།
ཆོག་ཤེས་མེད་པའི་དད་པ་དེ་ལ་ཟེར།།
སྙིང་པོ་མེད་པའི་དད་པ་བཞི་ཀློང་ཆེན་གཞུང་གི་བསྟན་དོན།
ཁ་བཤད་དོན་ལ་མི་གནས་ནེ་ཙོ་ཡིས།།
ཁ་ནས་སྙིང་པོ་བསྒྲངས་ཤིང་འབུ་བཟོས་ལྟར།།
དགེ་བ་བྱ་བ་ཁ་ནས་གླེང་ཙམ་ལས།།
རང་གིས་མི་སྒྲུབ་ནེ་ཙོའི་དད་པ་ཟེར།།
རླུང་གིས་ཕུལ་ན་མེ་ཉིད་ཤི་བ་ལྟར།།
ཐོག་དང་འདྲ་བའི་འགལ་རྐྱེན་ཚན་པོ་ཆེ།།
འཕྲད་པར་གྱུར་ཚེ་དད་པ་ཤི་བ་དེ།།
མར་མེ་རླུང་འཕྲད་ལྟ་བུའི་དད་པ་ཟེར།།
སྤྲིན་པ་འཁྲིགས་ན་ཉི་མའི་དཀྱིལ་འཁོར་ཡང་།།
སྐབས་རེ་གསལ་ཞིང་སྐབས་རེ་མི་གསལ་ལྟར།།
དད་པ་དེ་ཡང་དེ་དང་ཚུལ་མཚུངས་ན།།
སྤྲིན་བར་ཉི་མ་ལྟ་བུའི་དད་པ་ཟེར།།
འགྲུབ་རྒྱུ་མེད་པའི་སྟོང་བསམ་མང་བ་དང་།།
སུ་ཞིག་མཇལ་ཡང་མིག་ཆུ་གཏོང་ཆོག་ཆོག།
ངེས་བརྟན་མེད་ཅིང་ས་ཆོད་མེད་པ་དག
བློ་མང་ངེས་པ་མེད་པའི་དད་པ་ཟེར།།
འདུ་ཤེས་བཞི་ལྡན་གྱི་སྒོ་ནས་བླ་མ་བསྟེན་པའི་ཚུལ་ཁམས་འགྲེལ་གཞུང་གི་བསྟན་དོན།
བདག་ནི་རླུང་མཁྲིས་བད་ཀན་ལ་སོགས་པའི།།
ཐ་མལ་ནད་ཀྱིས་མནར་བར་མ་གྱུར་ཡང་།།
ཐོག་མེད་དུས་ནས་འདི་ལ་ཐུག་གི་བར།།
ཉོན་མོངས་ནད་ཀྱིས་གདུངས་ཤིང་འཚེ་བའི་ཕྱིར།།
རང་ལ་ནད་པའི་འདུ་ཤེས་བཞག་པར་བྱ།།
ལུས་ཀྱི་ནད་རྣམས་གཞོམ་པར་བྱ་བའི་ཕྱིར།།
འཚོ་བྱེད་གཞོན་ནུར་རེ་ལྟོས་བཅོལ་བ་བཞིན།།
ཉོན་མོངས་ནད་ཀྱིས་གཟིེར་བའི་འགྲོ་བ་ཡིས།།
སྨན་པ་དམ་པ་བླ་མ་བསྟེན་དགོས་པས།།
བླ་མར་སྨན་པའི་འདུ་ཤེས་བཞག་པར་བྱ།།
ཚ་བའི་ནད་ལ་གྲང་བའི་སྨན་སྦྱོར་མཆོག།
ག་པུར་བཏང་བས་ནད་རྣམས་ཞི་བ་ལྟར།།
ཉོན་མོངས་དུག་ལྔའི་གཅོང་ནད་ཞི་བའི་ཕྱིར།།
བདེར་གཤེགས་རྒྱལ་བའི་བཀའ་ལུང་ཟབ་མོ་ལ།།
ནད་སེལ་སྨན་གྱི་འདུ་ཤེས་བཞག་པར་བྱ།
ག་པུར་ཛ་ཏི་ལ་སོགས་སྨན་གྱི་རིགས།།
ལོངས་སུ་སྤྱད་ན་ནད་ནི་འཚོ་བ་ལྟར།།
ཉོན་མོངས་ནད་ཀྱི་རྒྱ་མཚོ་སྐེམ་པའི་ཕྱིར།།
ཐོས་བསམ་སྒོམ་པའི་ཤེས་རབ་དོན་གཉེར་བ།།
ནད་ཉིད་འཚོ་བའི་འདུ་ཤེས་བཞག་པར་བྱ།།
ཉོན་མོངས་དུག་ལྔ་འགྲེལ་ཉི་ཟེར་དྲྭ་བའི་བསྟན་དོན།
སྤྱིར་ནི་དུག་ཅེས་བྱ་བའི་རྫས་ངན་དེ།།
ཁོང་དུ་བསྟིམ་ན་འཆི་བར་འགྱུར་བ་ལྟར།།
ཉོན་མོངས་ལྔ་ལ་སྤྱད་ན་ཐར་པ་ཡི།།
སྲོག་ཉིད་གཅོད་པར་བྱེད་པས་དུག་ཅེས་བྱ།།
ཆུ་དང་འདྲ་བའི་འདོད་ཆགས་འདི་ཉིད་ནི།།
སྤྱིར་ནི་དབང་པོ་ཀུན་ལས་སྐྱེས་འགྱུར་ཡང་།།
ཁྱད་པར་མིག་ལ་བརྟེན་པ་ཤས་ཆེ་བས།།
འདི་ལ་མིག་གི་དུག་ཅེས་གསུངས་པ་ཡིན།།
མེ་དང་འདྲ་བའི་ཞེ་སྡང་འདི་ཉིད་ནི།།
མངོན་དུ་གྱུར་ཚེ་ལུས་ངག་འགྱུར་བྱེད་ཅིང་།།
ཁྱད་པར་སེམས་དང་སྙིང་ཁམས་གཟིར་འགྱུར་བས།།
འདི་ལ་སེམས་ཀྱི་དུག་ཅེས་གསུངས་པ་ཡིན།།
མུན་ནག་འདྲ་བའི་གཏི་མུག་འདི་ཉིད་ནི།།
བླང་དོར་གནས་ལ་སྒྲིབ་པར་བྱེད་ན་ཡང་།།
ཁྱད་པར་གཉིད་ཀྱི་ཚོགས་རྣམས་འཕེལ་བྱེད་ཅིང་།།
འདི་ལ་གཉིད་ཀྱི་དུག་ཅེས་གསུངས་པ་ཡིན།།
རླུང་དང་འདྲ་བའི་ང་རྒྱལ་འདི་ཉིད་ནི།།
རང་གི་ཡོན་ཏན་དག་ལས་སྐྱེས་ན་ཡང་།།
ཁྱད་པར་ཁ་ནས་ང་ཞེས་གླེང་མང་བས།།
འདི་ལ་ཁ་ཡི་དུག་ཅེས་གསུངས་པ་ཡིན།།
ས་དང་འདྲ་བའི་ཕྲག་དོག་འདི་ཉིད་ནི།།
གཞན་གྱི་ཕུན་ཚོགས་དག་ལས་འབྱུང་ན་ཡང་།།
ཁྱད་པར་ལུས་དང་འབྲེལ་བ་གཏིང་ཟབ་པས།།
འདི་ལ་ལུས་ཀྱི་དུག་ཅེས་གསུངས་པ་ཡིན།།
རྗེ་བདག་ཉིད་ཆེན་པོའི་ཞལ་གདམས་སྙིང་བསྡུས་འདུལ་འགྲེལ་འཕྲུལ་གྱི་སྒྲོན་མེའི་བསྟན་དོན།
དགེ་ཚོགས་ཞེ་ནས་འགེམས་པའི་སེམས་ངན་དེ།།
ནམ་ཡང་རྒྱུད་ལ་བསྐོར་བར་མི་བྱའོ།།
གཞན་སེམས་དུམ་བུར་གཏུབ་པའི་ཚིག་ངན་དེ།།
ནམ་ཡང་ཁ་ནས་སྒྲོགས་པར་མི་བྱའོ།།
གཉིས་ཀ་ཕུང་ལ་སྦྱོར་བའི་ལས་ངན་དེ།།
ནམ་ཡང་ལག་ཏུ་ལེན་པར་མི་བྱའོ།།
རྗེ་བདག་ཉིད་ཆེན་པོའི་ཞལ་གདམས་སྙིང་བསྡུས་འདུལ་འགྲེལ་འཕྲུལ་གྱི་སྒྲོན་མེའི་བསྟན་དོན།
ལས་ངན་དབང་གིས་སེམས་ངན་བཅངས་འགྱུར་ན།།
དེ་ནི་ཉམས་པ་ཡིན་ཡང་ཆེན་པོ་མིན།།
ཉེས་པའི་ནང་ནས་ཉེས་པ་ཆུང་བ་སྟེ།།
ལྟུང་བ་ཆུང་ངུ་ཡིན་པར་རྗེ་ཡིས་བཞེད།།
སེམས་ངན་བཅངས་ནས་ཁ་ནས་བསྒྲགས་འགྱུར་ན།།
དེ་ནི་ཉམས་པ་ཡིན་ཡང་ཆེན་པོ་མིན།།
ཉེས་པའི་ནང་ནས་ཉེས་པ་འབྲིང་ཙམ་སྟེ།།
ལྟུང་བ་འབྲིང་པོ་ཡིན་པར་རྗེ་ཡིས་བཞེད།།
ཚིག་ཕྱིར་འབྲངས་ནས་ལག་ཏུ་བླང་འགྱུར་ན།།
དེ་ནི་ཉམས་པ་ཆེན་པོ་བྱ་བ་ཡིན།།
ཉེས་པའི་ནང་ནས་ཉེས་ཚབས་ཆེ་བ་སྟེ།།
ལྟུང་བ་ཆེན་པོ་ཡིན་པར་རྗེ་ཡིས་བཞེད།།
ཉེས་པ་ཕྲ་མོ་བྱུང་ན་བསྡམ་པར་བྱ།།
ཉེས་པ་འབྲིང་ལ་གསོ་སྦྱོང་བྱས་པས་ཆོག
ཉེས་པ་ཆེན་པོ་སླར་ཡང་བསྐྱར་བར་བྱེད།།
བསྟན་པར་དག་ཐེར་འདོད་ན་འདི་ལྟར་དགོས།།
བླ་ཆེན་དྲན་པས་མཛད་པའི་ཀུན་འདུས་རིན་ཆེན་རྩ་རྒྱུད་ཀྱི་འགྲེལ་ཉི་ཟེར་དྲྭ་བ་དང་། སློབ་དཔོན་ཆེན་མོ་ལི་ཤུ་སྟག་རིང་དང་སྐྱབས་ཀྱི་སྟོན་པ་རིན་ཆེན་འོད་ཟེར་རྣམ་གཉིས་ཀྱིས་མཛད་པའི་ཡོངས་རྩེ་ཀློང་ཆེན་གྱི་གཞུང་དང་། དེ་བཞིན་རྨེའུ་མཁས་པ་དཔལ་ཆེན་གྱིས་མཛད་པའི་ཁམས་འགྲེལ། གཞན་ཡང་རྗེ་བདག་ཉིད་ཆེན་པོས་མཛད་པའི་འདུལ་འགྲེལ་འཕྲུལ་གྱི་སྒྲོན་མེ་རྣམས་ལས་གསལ་བའི་ཞལ་གདམས་རྨད་དུ་བྱུང་བ་ཚིག་ལྷུག་གི་རྣམ་པ་ཅན་དུ་བྱུང་བ་དེ་རྣམས་ཀྱི་བརྗོད་དོན་སྙིང་པོར་དྲིལ་ནས་ལས་དང་པོ་བ་རྣམས་ལ་ཕན་པའི་ཆེད་༧སྨན་རིའི་བཤད་སྒྲུབ་མཁན་པོ་ཉི་མིང་པས་ཚིགས་སུ་བཅད་དེ་སྤེལ་བ་དགེ།