སྐྱབས་གནས་དཀོན་མཆོག་གསུམ།
སངས་རྒྱས་དཀོན་མཆོག
བོན་དཀོན་མཆོག།
གཤེན་རབ་དཀོན་མཆོག
སངས་རྒྱས་ལ་སྐྱབས་སུ་སོང་ན། འཇིག་རྟེན་དྲེགས་པའི་ལྷ་ལ་སྐྱབས་དང་ཕྱག་མི་བྱ། དེ་རྣམས་རང་འཁོར་བ་ལས་མ་ཐར་བས། གཞན་འཁོར་བའི་འཇིགས་པ་ལས་སྐྱོབས་མི་ནུས་པའི་ཕྱིར་རོ། སངས་རྒྱས་ཀྱི་སྐུ་གཟུགས་ལ་མོས་གུས་བྱ། ན་བཟའ་གསོལ། ནང་ནུབ་ཅི་ཟ་ཅི་འཐུང་ཕུད་ཀྱི་དང་པོ་སྐྱབས་གནས་དཀོན་མཆོག་གསུམ་ལ་མཆོད། སེམས་ཅན་གྱི་སྲོག་ལ་འཚེ་བ་མི་བྱ། སངས་རྒྱས་དེ་སེམས་ཅན་ལ་ཐུགས་བརྩེ་བའི་བདག་ཉིད་ཅན་ཡིན་པས་སོ།
བོན་ལ་སྐྱབས་སུ་སོང་ན། བདེ་བར་གཤེགས་པའི་བཀའ་ལུང་ལ་ཁྱད་གསོད་མི་བྱ། གནོད་སེམས་དང་གདུག་སེམས་ལས་སོགས་སྤང། བོན་ནི་མི་གཡོ་སྐྱོབས་པའི་བདག་ཉིད་ཅན་ཡིན་པའི་ཕྱིར་རོ། བདེ་བར་གཤེགས་པའི་སྐུ་གསུང་ཐུགས་ཀྱི་རྟེན་མཆོག་རྣམ་གསུམ་ལ་སྨད་པ་དང་འགོམ་ཡུག་མི་བྱ། གསུང་རབ་གླེགས་བམ་ལ་དུས་དང་རྣམ་པ་ཀུན་ཏུ་བཀུར་བསྟི་བྱའོ།
གཤེན་རབ་ལ་སྐྱབས་སུ་སོང་ན། ལྟ་བ་ལོག་པ་དང་སྡིག་པ་ཅན་གྱི་གྲོགས་པོ་མི་བསྟེན། བླ་མ་དང་གང་ཟག་ཁྱད་པར་ཅན་ལ་དད་པ་དང་མོས་གུས་བྱའོ།
སྐྱབས་གནས་ཡུལ་མཆོག་གནས་བཞི།
བླ་མ།
སངས་རྒྱས།
བོན།
གཤེན་རབ།
བླ་མ་ལ་སྐྱབས་སུ་སོང་ན། བླ་མའི་སྐུ་ལ་མི་སྨད། བླ་མའི་གསུང་མི་བཅག། བླ་མའི་ཐུགས་མི་དཀྲུགས། སྐུ་གསུང་ཐུགས་གསུམ་གྱི་དམ་ཚིག་གཙོ་བོར་ལེན།
སངས་རྒྱས་ལ་སྐྱབས་སུ་སོང་ན། སེམས་ཅན་གྱི་སྲོག་ལ་འཚེ་བ་མི་བྱ། འགྲོ་བ་གཞན་ལ་ཕ་མ་ལྟ་བུའི་དོན་བྱེད།
བོན་ལ་སྐྱབས་སུ་སོང་ན། རྒྱལ་བའི་བཀའ་ལ་མི་སྨད་ཅིང་བདེན་པའི་ཚིག་རྣམས་ཁྱད་དུ་མི་གསོད། ཉམས་ལེན་ཆུ་བོའི་རྒྱུན་ལྟར་བྱེད།
གཤེན་རབ་ལ་སྐྱབས་སུ་སོང་ན། བསྟན་པ་འཛིན་པའི་སྐྱེས་བུ་ལ་རྗེས་སུ་ཡིད་རངས་དང་མོས་གུས་བྱ། མཐའ་ན་རབ་བྱུང་གི་རྟགས་ཙམ་འཛིན་པ་ལའང་དག་སྣང་སྦྱོང་། མུ་སྟེགས་པ་ལ་ཡང་སྨད་པ་བྱ་མི་རུང་བ་ཐམས་ཅད་མཁྱེན་པས་གསུངས་སོ།
སྐྱབས་ཡུལ་རྣམས་ལ་སྐྱབས་སུ་འགྲོ་དགོས་པའི་རྒྱུ་མཚན།
མན་ངག་ཟབ་མོ་འབྱུང་བའི་གནས་ཁྱད་པར་ཅན་ཡིན་པས་བླ་མ་ལ་སྐྱབས་སུ་འགྲོའོ།
སྒྲུབ་པའི་འབྲས་བུ་མཐར་ཐུག་ཡིན་པས་སངས་རྒྱས་ལ་སྐྱབས་སུ་འགྲོའོ།
སྒྲུབ་པའི་ཐབས་ཁྱད་པར་ཅན་ཡིན་པས་བོན་ལ་སྐྱབས་སུ་འགྲོའོ།
སྒྲུབ་པའི་གྲོགས་ཁྱད་པར་ཅན་ཡིན་པས་གཤེན་རབ་ལ་སྐྱབས་སུ་འགྲོའོ།
སྐྱབས་སུ་མ་སོང་བའི་ཉེས་སྐྱོན།
སྐྱབས་གནས་དཀོན་མཆོག་གསུམ་དང་ཡུལ་མཆོག་གནས་བཞི་ལ་སྐྱབས་སུ་མ་སོང་བའི་ཉེས་སྐྱོན་ཅི་ལྟར་འབྱུང་ངམ་ཞེ་ན། ཕྱི་ལས་ལ་གྱུར་པའི་དགྲ་དང་། ནང་མ་རིག་པ་ལས་གྱུར་པའི་བདུད་དང་། གསང་བ་མ་རྟོགས་པ་ལས་གྱུར་པའི་བར་ཆད་རྣམས་ཀྱི་དབང་དུ་གྱུར་པའོ།
ཕྱི་ལས་ལ་གྱུར་པའི་དགྲ་ལྔ་ཡི་ངོས་འཛིན།
ཕ་མ་ལས་ཀྱི་དགྲ།
ཟླ་རོགས་བསླུ་བྲིད་ཀྱི་དགྲ།
བུ་ཚ་ལན་ཆགས་ཀྱི་དགྲ།
ལོངས་སྤྱོད་འདུ་འཛིན་གྱི་དགྲ།
ཕ་ཡུལ་གཉེན་འབྲེལ་གདོས་ཐག་གི་དགྲ་དང་ལྔའོ།
དགྲ་དེ་རྣམས་ཀྱི་དབང་དུ་གྱུར་ནས། དང་པོ་ལས་ལ་བར་དུ་གཅོད། དེ་ནས་བསམ་པ་ལ་བར་དུ་གཅོད། དེ་ནས་དགེ་བ་ལ་བར་དུ་གཅོད། དེ་ནས་ལུས་ལ་བར་དུ་གཅོད། དེ་ནས་ཚེ་ལ་བར་དུ་གཅོད་ཅིང་། ཕྱི་མ་ངན་སོང་གི་གནས་སུ་ཁྲིད་པར་བྱེད་དོ།
ནང་མ་རིག་པ་ལས་གྱུར་པའི་བདུད་ལྔ་ཡི་ངོས་འཛིན།
མ་རིག་འཁྲུལ་པའི་བདུད་རྣམ་གཡེང་དང་ལེ་ལོ།
འཆི་བདག་ལས་བཙན་གྱི་བདུད་ལུས་ཀྱི་བདག་འཛིན།
སྒྱུ་མ་གཟུགས་བརྙན་གྱི་བདུད་གཉན་གྱི་གདུང་སེམས།
ཆགས་འཁོར་ཉོན་མོངས་ཀྱི་བདུད་ནོར་གྱི་འདུ་འཛིན།
འཁོར་བར་ལུས་ལེན་གྱི་བདུད་གྲོགས་ཀྱི་བརྩེ་སེམས་དང་ལྔའོ།
ནང་མ་རིག་པ་ལས་གྱུར་པའི་བདུད་ལྔ་ཡི་དབང་དུ་གྱུར་ཏེ། དང་པོ་མ་རིག་པའི་བདུད་སེམས་ལ་ཞུགས་ཏེ། རྣམ་པར་རྟོག་པ་དང་། ལོག་པར་ལྟ་བ་དང་། ཐེ་ཚོམ་དང་། བློ་ལོག་པ་དང་། རྣམ་གཡེང་དང་ལེ་ལོའི་དབང་དུ་ཁྲིད་པའོ། གཉིས་པ་འཆི་བདག་ལས་བཙན་གྱི་བདུད་ལུས་ལ་བཞུགས་ཏེ། ལུས་ལ་ན་ཚ་གཏོང་བ་དང་། བླ་ཚེ་འཕྲོག་པ་དང་། སྲོག་གཅོད་པར་བྱེད་དོ། གསུམ་པ་སྒྱུ་མ་གཟུགས་བརྙན་གྱི་བདུད་ངག་ལ་ཞུགས་ཏེ། དགྲ་གཉེན་དང་ཉེ་རིང་འཛིན་པ་དང་། འཁོར་བའི་ལོག་གཏམ་དང་ངག་འཆལ་བར་བྱེད་དོ། བཞི་པ་ཆགས་འཁོར་ཉོན་མོངས་ཀྱི་བདུད་ལས་ལ་ཞུགས་ཏེ། ནོར་དང་ལོངས་སྤྱོད་ལ་ཆགས་འཛིན་དང་སེར་སྣ་བྱེད་དུ་བཅུག་གོ ལྔ་པ་འཁོར་བར་ལུས་ལེན་གྱི་བདུད་མིག་ལ་ཞུགས་ཏེ། བུད་མེད་དང་བདུད་དང་སྲིན་པོ་རྣམས་ཀྱིས་བསླུ་བྲིད་བྱེད་དུ་བཅུག་གོ།
གསང་བ་མ་རྟོགས་པ་ལས་གྱུར་པའི་བར་ཆད་ལྔ་ཡི་ངོས་འཛིན།
བྱམས་པའི་བར་ཆད་ཞེ་སྡང་།
སྦྱིན་པའི་བར་ཆད་སེར་སྣ།
ཡེ་ཤེས་ཀྱི་བར་ཆད་གཏི་མུག།།
ཡངས་པའི་བར་ཆད་ཕྲག་དོག།།
ཞི་བའི་བར་ཆད་ང་རྒྱལ་དང་ལྔའོ།
གསང་བ་མ་རྟོགས་པ་ལས་གྱུར་པའི་བར་ཆད་ལྔ་ཡི་དབང་དུ་གྱུར་ནས། འདི་དང་ཕྱི་མ་ངན་སོང་དང་རིགས་དྲུག་གི་གནས་སུ་ཁྲིད་དེ་བསམ་དོན་དགེ་རྩ་མཐའ་རུ་ཕྱིན་པར་མི་འགྱུར་རོ།
སྐྱབས་གནས་དཀོན་མཆོག་གསུམ་དང་ཡུལ་མཆོག་གནས་བཞི་ལ་སྐྱབས་སུ་འགྲོ་བའི་ཕན་ཡོན།
ལས་ཀྱི་བར་ཆད་རྐྱེན་ངན། བསམ་པའི་བར་ཆད་ལོག་ལྟ། དགེ་བའི་བར་ཆད་སྡིག་པ། ལུས་ཀྱི་བར་ཆད་ན་ཚ། ཚེའི་བར་ཆད་འཆི་བ་སོགས་གང་གིས་ཀྱང་མི་ཚུགས་ཤིང་། བསམ་དོན་དགེ་རྩ་ཐམས་ཅད་བར་ཆད་མེད་པར་མཐའ་རུ་ཕྱིན་ཏེ། འགྲོ་བ་གཞན་ཡང་རང་གིས་སྐྱབས་ནུས་སོ།
སྐྱབས་སུ་འགྲོ་བའི་ཕན་ཡོན་དགུ་ཡི་ངོས་འཛིན།
ཚེ་འདིའི་ཕན་ཡོན་གསུམ་ནི།
དགྲ་ཡིས་མི་ཚུགས་པ།
འདྲེ་ཡིས་མི་ཚུགས་པ།
ནད་ཀྱིས་མི་ཚུགས་པ་དང་གསུམ་མོ།
བར་དོའི་ཕན་ཡོན་གསུམ་ནི།
འཆི་བ་ཟློག་ནུས་པ།
ཤི་ཟིན་འཇིགས་པ་དང་བྲལ་བ།
ཤི་ནས་ངན་སོང་ལས་ཐར་བ་དང་གསུམ་མོ།
ཕྱི་མའི་ཕན་ཡོན་གསུམ་ནི།
ངན་སོང་ལས་ཐར་བ།
འཁོར་བ་ལས་ཐར་བ།
རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་པར་བྱེད་ནུས་པ་དང་གསུམ་མོ།
བོན་གྱི་སྐྱབས་འགྲོའི་ངོ་སྤྲོད་སྙིང་བསྡུས་འདི་ནི། སྐྱབས་འགྲོའི་བསླབ་བྱ་ཚུལ་བཞིན་མི་ཤེས་པའི་ལས་དང་པོ་བ་མ་འོངས་བསྟན་པའི་ས་བོན་དུ་གྱུར་པའི་སློབ་ཕྲུག་ན་གཞོན་ཕོ་མོ་རྣམས་ལ་དམིགས་ཏེ། བྱམས་མའི་རྩ་འབུམ་དང་ཡོངས་རྩེའི་གཞུང་དང་། གྲུབ་དབང་རྩ་བའི་བླ་མས་མཛད་པའི་རང་གྲོལ་གྱི་གཞུང་ཤིན་ཏུ་ཟབ་པར་བཞུགས་པ་རྣམས་ཀྱི་ཁོང་ནས་ཟུར་དུ་ཕྱུངས་ཏེ་ཉི་མིང་པས་ཕྱོགས་གཅིག་ཏུ་སྡེབས་པའོ། རྣམ་དཀར་གྱི་ལེགས་བྱས་འདི་ལ་བརྟེན་ནས་སྤྱིར་དམུ་རྒྱལ་གཤེན་གྱི་བསྟན་པ་སྤྱི་དང་། ཡང་སྒོས་མཉམ་མེད་རྒྱལ་བ་གཉིས་པའི་བཤད་སྒྲུབ་ཀྱི་བསྟན་པ་རིན་པོ་ཆེ་འདི་ཉིད་ཕྱོགས་དུས་གནས་སྐབས་ཀུན་ཏུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པའི་རྒྱུ་རུ་གྱུར་ཅིག། སྤ་སྨར་རོ། ཐ་ཚན་མུ་ཙུག་སྨར་རོ།