བོན་གྱི་ཕྲེང་བའི་བྱུང་ཁུངས་དང་ཕྲེང་བའི་རྣམ་བཤད་མདོར་ཙམ།  

བདག་ཅག་གི་སྟོན་པ་རྣམ་འདྲེན་བརྒྱད་པ་རྒྱལ་བ་གཤེན་རབ་མི་ཀུན་ལས་རྣམ་པར་རྒྱལ་བས་འགྲོ་བ་རང་མཐུན་གྱི་ཆ་ལུགས་བསྟན་ནས་མཛད་ཆེན་བཅུ་གཉིས་མཛད་པའི་ནང་ཚན།  མཛད་པ་བཅུ་པ་ཁྱིམ་སྤངས་རབ་བྱུང་གི་མཛད་པའི་སྐབས།   གུང་ལོ་སོ་གཅིག་གི་སྟེང་གསས་མཁར་ཁྲི་སྨོན་རྒྱལ་བཞད་ཀྱི་སྒོ་དྲུང་དུ་བྱོན་ནས་ཕྱོགས་བཞིར་སྐྱེ་རྒ་ན་འཆི་ཡི་ཆུ་བོ་ཆེན་པོ་བཞི་ལ་གཟིགས་པའི་ངེས་འབྱུང་གི་རྐྱེན་དྲག་པོས་བསྐུལ་ཏེ། རྒྱལ་སྲིད་ལོངས་སྤྱོད་ཐམས་ཅད་མཆིལ་མའི་ཐལ་བ་བཞིན་དོར་ནས་བྱང་ནུབ་མཆོད་རྟེན་རྣམ་དག་དཀར་པོའི་དྲུང་དུ་རང་སེམས་ལ་རང་གིས་དཔང་པོར་བཙུགས་ཏེ་གཙང་མ་གཙུག་ཕུད་ཀྱི་ཁྲིམས་ཉི་ཤུ་རྩ་ལྔ་རྣམས་རང་ལས་ཐོབ་པའི་ཚུལ་བསྟན། དེ་ནས་དགུང་ལོ་སོ་གཉིས་ཀྱི་སྟེང་མི་ལས་གཤོག་སྐྱེས་མཁའ་ལྡིང་ཤང་ཤང་དུ་སྤྲུལ་སྟེ། འོག་མིན་གྱི་གནས་སུ་གཤེགས་ནས་དྲང་སྲོང་ལེགས་ལྡན་རྒྱལ་བ་ལས་དག་པ་དྲང་སྲོང་གི་ཁྲིམས་ཉི་བརྒྱ་ལྔ་བཅུ་བཞེས་ཏེ།  བསྙེན་རྫོགས་ཀྱི་ཁྲིམས་ཆེན་རྫོགས་པར་ནོས། མཚན་ལ་སྟོན་པ་ཁྲི་གཙུག་རྒྱལ་བ་ཞེས་གསོལ། སུམ་ཅུ་རྩ་གསུམ་གྱི་ལྷ་གནས་སུ་ངང་པའི་རྒྱལ་པོ་ཆུ་འབྱེད་དང་ཐབས་ཅིག་ཏུ།  ཆུ་ལས་འོ་མ་འབྱེད་པའི་ཐིགས་པ་རེ་དང་།  འབྲས་དཀར་ས་ལའི་ཉག་མ་རེ་གསོལ་ནས་བྱ་ཡི་དཀའ་ཐུབ་ལོ་གཅིག་མཛད།  དགུང་ལོ་སོ་གསུམ་གྱི་སྟེང་རྒྱལ་ཆེན་རིགས་བཞིའི་གནས་གཉའ་ཤིང་འཛིན་གྱི་རྩེ་མོར་སྤྲེའུའི་རྒྱལ་པོ་དང་ཐབས་ཅིག་ཏུ་བཞུགས་ཏེ།   ཤིང་ཐོག་འབྲུ་མ་རེ་དང་། ཤིང་ལོའི་ཆར་པ་དང་།  ཁ་བ་ཆགས་པའི་ཆུ་ཐིགས་རེ་རེ་ཉིན་རེར་གསོལ་བར་མཛད་ནས་སྤྲེའུའི་དཀའ་ཐུབ་ལོ་གཅིག་མཛད།  དགུང་ལོ་སོ་བཞིའི་སྟེང་འོལ་མོ་ལུང་རིང་གི་བྱང་ནུབ་ཟད་མཚམས་མེ་ཏོག་གི་གླིང་དུ་བྱོན་ནས།  མཁའ་ལྡིང་ཤང་ཤང་དང་ཐབས་ཅིག་ཏུ་བཞུགས་ནས་རྩ་ཨུ་མེར་གྱི་མཆོག་མ་རེ་དང་།   ཆུ་སིང་མའི་ཐིགས་པ་རེ་གསོལ་བར་མཛད་ནས། ཉིན་མོ་མི་ཡི་ཆ་བྱད་དུ་བཞུགས། མཚན་མོ་མཁའ་ལྡིང་ཤང་ཤང་གི་ཆ་བྱད་དུ་བཞུགས་ནས། རྨད་འབྱུང་མི་ཡི་དཀའ་ཐུབ་ལོ་གཅིག་མཛད།  དེ་ལྟར་གཤེན་གྱི་དཀའ་ཐུབ་ལོ་གསུམ་མཛད་པས། སྐུ་ལུས་བཀྲག་ཤོར་རུས་མགོ་པགས་པས་གཡོགས།  ལྷུ་ཚིགས་རྩིབ་མ་ཐམས་ཅད་ཕྱི་གསལ་ནང་གསལ་དུ་གྱུར་ནས་གྲངས་སུ་བགྲང་དུ་བཏུབ་པའི་ཚད་དུ་གྱུར། སྒོ་གསུམ་གྱི་དཀའ་སྤྱད་སྙིང་རུས་དྲག་པོ་ལ་བརྟེན་ནས་ལུས་པོའི་ཤེད་སྨད་པའི་ཡོན་ཏན་གྱིས།  ཉིན་པར་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དང་ང་རྒྱལ་དང་ཕྲག་དོག་གི་ཚོགས་རགས་པ་རྣམས་དང་། དེ་བཞིན་བྱིང་ནས་འཐིབས་པ་དང་རྒོད་ནས་འཕྲོ་བའི་རྣམ་པར་གཡེང་བའི་མཚན་མ་ངན་པ་ཐམས་ཅད་རེ་ཞིག་ཞི་ནས་ཞི་བདེ་མཉམ་པའི་ངང་ལ་གནས་པར་གྱུར་ནའང་།   འཁོར་དང་ཟང་ཟིང་གི་བག་ཆགས་ཀུན་གཞིའི་བག་ལ་ཞ་ནས་ཡོད་པ་དེ་ཉིད་ནུབ་མོར་རྨི་ལམ་གྱི་ནང་དུ་མངོན་པར་རྒྱུ་ནས་ཞག་འགའ་རྨི་ལམ་གྱི་འཁྲུལ་སྣང་མངོན་པར་ལྡང་ཞིང་རྒྱུ་བར་བྱེད་དོ།  སང་ནང་པར་སྟོན་པས་ཀུན་གཞིའི་དཀྱིལ་ན་དུག་ལྔའི་ས་བོན་མ་ཆོམས་པའི་རྟགས་སུ་གཟིགས་ནས།  དུག་ལྔའི་ས་བོན་འཇོམས་པའི་ཐབས་སུ།  འཁོར་བའི་ཕྱོགས་སུ་མི་འཕྲེང་བར་ངེས་པའི་དོན་ལ་འཕྲེང་བ་བསྐྱེད་པའི་ཕྱིར།  མཚན་མའི་རྫས་ཤིག་ལ་བརྟེན་པར་དགོངས་ནས།  ཟད་མཚམས་མེ་ཏོག་གི་གླིང་དུ་ཧོས་རུ་ས་ལ་བཙུགས་ནས།  ཕྱག་རྒྱ་ཐལ་མོ་སྦྱར་ཏེ་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་རྣམས་ལ་གསོལ་བ་ཕུར་ཚུགས་སུ་བཏབ།  འོད་དཔག་མུ་ཟེར་གསལ་འབར་ཡོངས་ཁྱབ་མུ་རྒྱས་བདལ། ཞེས་པའི་སྙིང་པོ་ལན་ལྔ་བརྗོད་ནས།  ཚིག་བཞི་ཚིགས་སུ་བཅད་དེ་གསུངས་པ།  འཁོར་བའི་ཕྱོགས་སུ་མི་འཕྲེང་བར།  དམ་པའི་དོན་ལ་འཕྲེང་བ་ཡི།  གྲངས་སུ་བགྲངས་པའི་ཡོན་ཏན་རྫས།  ལྗོན་ཤིང་ལོ་འབྲས་སྨིན་པར་ཤོག  ཅེས་ཐུགས་སྨོན་རྣམ་པར་དག་པས་རྒྱས་བཏབ་པར་མཛད་དོ།   དེ་ལྟར་ཕྱག་རྒྱ་དང་སྙིང་པོ་དང་ཐུགས་ཉིད་རྣམ་པར་དག་པའི་སྨོན་ལམ་གྱི་སྟོབས་རྣམས་འཛོམས་པ་ལ་བརྟེན་ནས།  ཞག་གསུམ་གྱི་ནང་པར་ཡ་མཚན་ཆེ་བའི་ཤིང་གཅིག་སྐྱེས།  སྡོང་པོ་གཅིག་ལ།  ཡལ་ག་བཞི།  ཤར་དཀར་བྱང་ལྗང་ནུབ་དམར་ལྷོ་སྔོའོ། དབུས་རིན་ཆེན་གསེར་ལས་གྲུབ་པས་གསེར་བཞིན་སེར་ལ་དྭངས། ལོ་མ་ལྔ་འབྲས་བུ་ལྔ་ཁ་དོག་དེ་དང་མཐུན་པར་བྱུང་།  སྟོན་པ་ཐུགས་རྗེ་ཅན་གྱིས་ཤིང་གི་འབྲས་བུ་རིགས་ལྔ་ཕྱག་གིས་བཏུས།   ཤིང་གི་ཤུན་པ་རིགས་ལྔ་ལ་ཕྲེང་ཐག་བྱས།  ཤིང་འབྲས་རིགས་ལྔ་སོ་སོ་ནས་བརྒྱུས།  ཤིང་ཤུན་ཕྲེང་ཐག་དཀར་པོ་ལ།  ཤར་ཕྱོགས་དཀར་པོ་དུང་གི་ཕྲེང་བ་བརྒྱུས།  ཤིང་ཤུན་ཕྲེང་ཐག་ལྗང་ཁུ་ལ།  བྱང་ཕྱོགས་ལྗང་ཁུ་ཤེལ་གྱི་ཕྲེང་བ་བརྒྱུས། ཤིང་ཤུན་ཕྲེང་ཐག་དམར་པོ་ལ།  ནུབ་ཕྱོགས་དམར་པོ་རག་ཤའི་ཕྲེང་བ་བརྒྱུས།  ཤིང་ཤུན་ཕྲེང་ཐག་སྔོན་པོ་ལ། ལྷོ་ཕྱོགས་སྔོན་པོ་མན་ལུང་གི་ཕྲེང་བ་བརྒྱུས།  ཤིང་ཤུན་ཕྲེང་ཐག་སེར་པོ་ལ།  དབུས་ཕྱོགས་སེར་པོ་བོ་ཏི་ཙེ་ཡི་ཕྲེང་བ་བརྒྱུས་སོ།

ཕྲེང་རྡོག་གི་གྲངས་ངོས་འཛིན།

ཕྲེང་རྡོག་གི་གྲངས་བརྒྱ་དང་བརྒྱད་དུ་ཡོད་པ་དེ་ཉིད།  མཛད་མདོ་འབྲིང་པོ་གཟེར་མིག་ལྟར་ན། བསྐལ་པ་བཟང་པོའི་སངས་རྒྱས་སྟོང་། དེའི་སྟེང་དཔོན་གསས་མན་ངག་ལུང་གི་བོན་དང་། ཆབ་དཀར་དྲག་པོ་སྔགས་ཀྱི་བོན། ཆབ་ནག་སྲིད་པ་རྒྱུད་ཀྱི་བོན། འཕན་ཡུལ་རྒྱས་པ་འབུམ་གྱི་བོན་སྒོ་བཞི་ལ་ཞི་ཁྲོ་ཕྱི་ནང་གཉིས་རེ་བརྩིས་པས་བརྒྱད་བསྣན་པ་སྟེ།  སྟོང་དང་རྩ་བརྒྱད་ཀྱི་མཚོན་དོན་ཡིན་གསུངས་སོ།  རྫོགས་པ་ཆེན་པོ་ཡོངས་རྩེ་ཀློང་ཆེན་ལྟར་ན།  བསྐལ་པ་བཟང་པོའི་སངས་རྒྱས་སྟོང་དང་། དེའི་སྟེང་ཡབ་རྒྱལ་པོ་དུང་འོད་དང་ཡུམ་རིན་ཆེན་གསལ་འོད་མ། བློན་པོ་བཞི་སྟེ་སྟོང་དང་རྩ་བརྒྱད་ཀྱི་མཚོན་དོན་ཡིན་པར་གསལ་ལོ། དག་དྲན་གང་ཞིག་བསྒོམ་ན་ཁྱད་པར་མེད་དོ། སྣང་བ་དག་ན་ཟབ་མོ་མཐོང་། ཞེས་གདམས་པ་ཡིན་པས་གཙོ་བོ་སྣང་བ་དག་དགོས་སོ།

མདོ་གཟེར་མིག་གི་དགོངས་དོན་དང་བསྟུན་ནས་ཕྲེང་བའི་དག་པ་དྲན་ཚུལ།

ཕྲེང་རྡོག་བརྒྱ་དང་བརྒྱད་ནི་གོང་ཞུས་ལྟར་སྒོ་བཞི་ལ་ཕྱི་ནང་གཉིས་ཏེ་བརྒྱད་དང་དེའི་སྟེང་བསྐལ་པ་བཟང་པོའི་སངས་རྒྱས་སྟོང་མཚོན་པས་སྟོང་དང་རྩ་བརྒྱད་དོ།  ཕྲེང་བའི་མདོ་འཛིན་སྟོན་པ་གཤེན་ལྷ་འོད་དཀར།  ཕྲེང་ཐག་དབྱིངས་ཀྱི་ཡུམ་ཆེན་ས་ཏྲིག་ཨེར་སངས།  བོན་སྒོ་བཞི་མཛོད་ལྔ་མཚོན་པའི་ཕྱིར་ཕྲེང་བའི་གྲངས་འཛིན་ལྔ་སྟེ།  སྙིང་པོ་རྣམ་གསུམ་བགྲང་སྐབས་ཕྲེང་སྐོར་རྩི་བྱེད་ཕྲེང་བ་རེ་རེ་ལ་བཅུ་འཛབ་སྡེ་ཚན་ལྔ་རུ་བྱས་པ་ནི་བོན་རང་ལུགས་ཀྱི་ལུགས་ཐུན་མོང་མ་ཡིན་པ་དང་།   ཡང་ན་ཡོངས་རྩེའི་དགོངས་དོན་ལྟར་འདུལ་བ་གཤེན་དྲུག་མཚོན་པའི་ཕྱིར་བཅུ་འཛབ་སྡེ་ཚན་དྲུག་ཏུ་བྱས་པ་ཡང་བོན་ལུགས་ཀྱི་ཐུན་མིན་གྱི་ཁྱད་བོན་ཞིག་ཏུ་སྣང་ངོ་། དེང་དུས་ཕལ་ཆེ་བས་ཕྲེང་བ་རེ་ལ་བཅུ་འཛབ་ཚན་པ་གཉིས་ཙམ་བྱས་པ་མང་དུ་སྣང་ངོ་།   དཔོན་གསས་མན་ངག་ལུང་གི་བོན་གྱི་སྙིང་པོ་བཟླས་ན་དུང་གི་ཕྲེང་བ་བགྲང་དགོས།  ཆབ་ནག་སྲིད་པ་རྒྱུད་ཀྱི་བོན་གྱི་སྙིང་པོ་བཟླས་ན་ཤེལ་གྱི་ཕྲེང་བ་བགྲང་དགོས།  ཆབ་དཀར་དྲག་པོ་སྔགས་ཀྱི་བོན་གྱི་སྙིང་པོ་བཟླས་ན་རག་ཤའི་ཕྲེང་བ་བགྲང་དགོས།  འཕན་ཡུལ་རྒྱས་པ་འབུམ་གྱི་བོན་གྱི་སྙིང་པོ་བཟླས་ན་མན་ལུང་གི་ཕྲེང་བ་བགྲང་དགོས།  མཐོ་ཐོག་སྤྱི་རྒྱུགས་མཛོད་ཀྱི་བོན་གྱི་སྙིང་པོ་བཟླས་ན་བོ་ཏི་ཙེ་ཡི་ཕྲང་བ་བགྲང་དགོས་སོ།  དཔོན་གསས་ཀྱི་ཕྲེང་ཐག་དཀར་པོ་དང་ཕྲེང་རྡོག་དཀར་པོ།  ཆབ་ནག་གི་ཕྲེང་ཐག་ལྗང་ཁུ་དང་ཕྲེང་རྡོག་ལྗང་ཁུ།  ཆབ་དཀར་གྱི་ཕྲེང་ཐག་དམར་པོ་དང་ཕྲེང་རྡོག་དམར་པོ།  འཕན་ཡུལ་གྱི་ཕྲེང་ཐག་སྔོན་པོ་དང་ཕྲེང་རྡོག་སྔོན་པོ།  མཐོ་ཐོག་སྤྱི་རྒྱུགས་ཀྱི་ཕྲེང་ཐག་སེར་པོ་དང་ཕྲེང་རྡོག་སེར་པོ་དགོས་སོ། ཕྲེང་བ་རེ་རེ་ལ་བོན་སྒོ་བཞི་མཛོད་ལྔ་མཚོན་བྱེད་བཅུ་འཛབ་ཚན་པ་ལྔ་རུ་བྱས་ནས། སྙིང་པོའི་གྲངས་འཛིན་མཛད་ཚུལ་སྤྱི་ལུགས་སོ།

རྫོགས་ཆེན་ཡོངས་རྩེའི་གཞུང་གི་དགོངས་དོན་དང་བསྟུན་ནས་ཕྲེང་བའི་དག་པ་དྲན་ཚུལ།

ཡོངས་རྩེའི་གཞུང་གི་དགོངས་དོན་ལྟར་ན། ཕྲེང་རྡོག་བརྒྱ་དང་རྩ་བརྒྱད་བསྐལ་པ་བཟང་པོའི་སངས་རྒྱས་སྟོང་དང་རྩ་བརྒྱད་ཡིན་སྙམས་པའི་དག་པ་དྲན་དགོས། ཕྲེང་ཐག་བོན་གྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་ཡིན་སྙམས་པའི་དག་པ་དྲན་དགོས།  ཕྲེང་བའི་མདོ་འཛིན་སངས་རྒྱས་བསྟན་པའི་གཙོ་བོ་ཡིན་སྙམས་པའི་དག་པ་དྲན་དགོས།  གྲངས་འཛིན་དྲུག་སྟེ་ཕྲེང་བ་རེ་རེ་ལ་བཅུ་འཛབ་ཚན་པ་དྲུག་ཏུ་བྱས་པ་ནི།  འདུལ་བ་གཤེན་དྲུག་གི་མཚོན་དོན་ཡིན་ནོ།

 ཕྲེང་བ་བགྲང་ཚུལ་མཛད་མདོ་འབྲིང་པོ་གཟེར་མིག་གི་དགོངས་དོན།

ཕྲེང་བ་ཕྱག་གཡོན་པའི་སོར་མོ་ལྔ་ལ་བཀལ་ནས་བགྲང་དགོས། བགྲང་བའི་ཚུལ་ནི། ཕྲེང་ཐག་དབྱིངས་ཀྱི་ཡུམ་ཆེན་མོ་ས་ཏྲིག་ཨེར་སང་ཡིན་སྙམས་པའི་དག་པ་དྲན་དགོས།  ཕྲེང་རྡོག་བསྐལ་སྟོང་སངས་རྒྱས་སྟོང་དང་རྩ་བརྒྱད་ཡིན་སྙམས་པའི་དག་པ་དྲན་དགོས།  ཕྲེང་བའི་མདོ་འཛིན་སྟོན་པ་གཤེན་ལྷ་འོད་དཀར་ཡིན་སྙམས་པའི་དག་པ་དྲན་དགོས། རང་གི་མཐེ་བོང་ཐབས་ཀྱི་མཆོག་ཏུ་གྱུར་པ་སྲིད་པ་སངས་པོ་འབུམ་ཁྲི་ཡིན་སྙམས་པའི་དག་པ་དྲན་དགོས།  མཛུབ་མོ་ཤེས་རབ་ཀྱི་ཕུལ་དུ་ཕྱིན་པའི་མཆོག་སྟོན་པ་གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བ་ཡིན་སྙམས་པའི་དག་པ་དྲན་དགོས།  གུང་མོ་རིག་པའི་ཡེ་ཤེས་ཡིན་སྙམས་པའི་དག་པ་དྲན་དགོས།  རང་ཉིད་སྲིད་པ་གསུམ་གྱི་འགྲོ་བ་སེམས་ཅན་ཐམས་ཅད་འདྲེན་པའི་གཤེན་རབ་ཆེན་པོ་ཡིན་སྙམས་པའི་དག་པ་དྲན་དགོས།  ཕྲེང་བ་རེ་ལ་གྲངས་འཛིན་བཅུ་འཛབ་ཚན་པ་ལྔ་རུ་ཡོད་པ་དེ་ནི།   བོན་སྒོ་བཞི་དང་མཛོད་ལྔ་ཡིན་སྙམས་པའི་དག་པ་དྲན་དགོས། བཅུ་འཛབ་ཚན་པ་དྲུག་ཏུ་བྱས་པ་ནི་འདུལ་བ་གཤེན་དྲུག་ཡིན་སྙམས་པའི་དག་པ་དྲན་དགོས། མདོར་ན་ཕྱག་ཕྲེང་ཕྱག་སོར་གཡོན་གྱི་སོར་མོ་ལྔ་ལ་བཀལ་ནས། མཐེ་བོང་དང་མཛུབ་མོ་གུང་མོ་གསུམ་གྱི་སྦུབས་སུ་དྲང་ནས་འདྲེན་དགོས་པ་རྒྱལ་བའི་བཀའ་དྲི་མ་མེད་པ་མཛད་མདོ་འབྲིང་པོ་གཟེར་མིག་ལེའུ་བཅོ་བརྒྱད་པའི་ནང་ཚན་ཁྱིམ་སྤངས་རབ་བྱུང་གི་མདོ་ལེའུ་བཅོ་ལྔ་པའི་དགོངས་དོན་འཁྲུལ་མེད་དོ། དེ་ཡང་རང་ཉིད་འདུག་པའི་དུས་སུ་ཕྲེང་བ་སྐེ་ལ་གོན་པ་དང་།  སྙིང་པོ་བཟླས་པའི་དུས་སུ་ཕྱག་ལ་བཀལ་བ་དང་།  ཉལ་བའི་དུས་སུ་རྔས་ཀྱི་ཕྱོགས་སུ་མཐོ་སར་བཞག་དགོས།  ཕྲེང་བ་རང་གི་ཐུགས་དམ་གྱི་རྟེན་ཡིན་པས་འབག་བཙོག་གི་དབང་དུ་མ་ཤོར་བ་གལ་ཆེའོ།  མི་གཙང་བ་འདོར་དུས་དང་འདོར་བའི་ས་ཕྱོགས་རྣམས་སུ་ཕྲེང་བ་བསྣམ་པར་མི་བྱའོ།  དེ་བཞིན་ཕྲེང་བ་ས་ལ་བཞག་པ་དང་།  རྐང་པས་མནན་པ་དང་། འགོམ་པ་དང་།  གདན་ཐོག་ཏུ་བཞག་པ་ལ་སོགས་ནི་ཤིན་ཏུ་མི་རུང་ཞིང་། སྐྱབས་འགྲོའི་རྣམ་བཞག་དང་འགལ་བས་དུས་རྟག་ཏུ་ཕྲེང་བའི་དམ་ཚིག་ལ་གནས་པར་བྱ་བ་ཤིན་ཏུ་གལ་ཆེ་བ་ཡིན་ནོ།

སྟོན་པ་ཐུགས་རྗེ་ཅན་གྱིས་ཉོན་མོངས་པའི་རྒྱུ་འབྲས་ཐམས་ཅད་རྩ་བ་ནས་བཅད་པའི་ཚུལ། 

དེ་ལྟར་སྟོན་པ་ཐུགས་རྗེ་ཅན་གྱིས་དཀའ་བ་རྣམ་པ་གསུམ་བཅད་པའི་ཐ་མར་ཕྲེང་བ་ཐུགས་དམ་དུ་བཅངས་ནས་བོན་སྒོ་བཞི་མཛོད་ལྔ་དང་བསྟུན་པའི་ཕྲེང་བ་རིགས་ལྔ་ལ།  བོན་སྒོ་བཞི་མཛོད་ལྔའི་སྙིང་པོ་ལྔ་དང།  བོན་རྫོགས་སྤྲུལ་གསུམ་གྱི་སྙིང་པོ་རྣམས་མ་ཡེངས་པར་བཟླས་པས།  ཀུན་གཞིའི་བག་ལ་ཡོད་པའི་དུག་ལྔའི་ས་བོན་དང་།  དེ་ལ་བརྟེན་པའི་དུག་ལྔའི་འབྲས་བུ་དང་། དེས་བཞག་པའི་བག་ཆགས་ངན་པ་ཐམས་ཅད་གདར་ཐག་བཅད་ནས།  མ་རིག་འཁྲུལ་པའི་བདུད་དང་། ཕུང་པོ་ལུས་ལེན་གྱི་བདུད་དང་། ལྷའི་བུའི་བདུད་དང་། འཆི་བདག་ལས་བཙན་གྱི་བདུད་དང་། སྒྱུ་མ་གཟུགས་བརྙན་གྱི་བདུད་རྣམས་རྩད་ནས་བཅད་དེ་འཁོར་བ་དོང་ནས་སྤྲུགས་པར་མཛད་དོ། ཕྲེང་བ་ལ་དགེ་མཚན་ཆེན་པོ་དེ་ལྟར་ཡོད་པས་ཕྲེང་ཐོགས་དགེ་སྤྱོད་པ་ཀུན་གྱིས་ཉི་མ་རེ་ལ་སྐུ་གསུམ་གྱི་སྙིང་པོ་སལེ་འོད་དང་མ་ཏྲི་དུ་ཏྲི་སུ་ཡི་སྙིང་པོ་རྣམས་མ་ཆགས་པར་གྲངས་སུ་བགྲང་ནུས་ན་འདི་དང་ཕྱི་མ་གཉིས་ཀ་ལ་བློ་བདེའོ།
བོན་གྱི་ཕྲེང་བའི་བྱུང་ཁུངས་དང་ཕྲེང་བའི་རྣམ་བཤད་མདོར་ཙམ་འདི་ཉིད།  མ་འོངས་བསྟན་པའི་ས་བོན་དུ་གྱུར་པའི་བོན་ཕྲུག་ན་གཞོན་ཕོ་མོ་རྣམས་ལ་དམིགས་ཏེ། བསྟན་པའི་ཉི་མའི་བུ་ཉི་མ་དོན་གྲུབ་ཏུ་འབོད་པ་དེས། མཛད་མདོ་འབྲིང་པོ་གཟེར་མིག་ལེའུ་བཅོ་བརྒྱད་པའི་གཞུང་དང་།  རྫོགས་ཆེན་ཡོངས་རྩེ་ཀློང་ཆེན་གྱི་གཞུང་ལས་གསལ་བ་རྣམས་ཟུར་དུ་ཕྱུངས་ཏེ་ཕྱོགས་གཅིག་ཏུ་སྡེབས་པའོ། རྣམ་དཀར་གྱི་ལེགས་བྱས་འདི་ལ་བརྟེན་ནས་སྤྱིར་དམུ་རྒྱལ་གཤེན་གྱི་བསྟན་པ་སྤྱི་དང་། ཡང་སྒོས་མཉམ་མེད་རྒྱལ་བ་གཉིས་པའི་བཤད་སྒྲུབ་ཀྱི་བསྟན་པ་རིན་པོ་ཆེ་འདི་ཉིད་ཕྱོགས་དུས་གནས་སྐབས་ཀུན་ཏུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པའི་རྒྱུ་རུ་གྱུར་ཅིག།རང་གི་རྩ་བའི་བླ་མ་སྐྱབས་རྗེ་ཞིང་གཤེགས་དམ་པའི་ལོ་འཁོར་རྗེས་དྲན་ལ་དམིགས་ནས་བོན་ཕྲུག་ན་གཞོན་ཕོ་མོ་རྣམས་ལ་དགེ་སྦྱོར་གྱི་བསྐུལ་མའི་ཚུལ་དུ་བྲིས་པས་དཔོན་གསས་དགྱེས་པའི་མཆོད་སྤྲིན་དུ་གྱུར་ཅིག སྤ་སྨར་རོ།  ཐ་ཚན་མུ་ཙུག་སྨར་རོ།

གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
བོན་ཆོས་དཔྱད་བསྡུར།
བོན་ཆོས་དཔྱད་བསྡུར།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
སྨན་རིའི་སྟེགས་འཇོག་ལོ་ཐོ།
སྨན་རིའི་སྟེགས་འཇོག་ལོ་ཐོ།
previous arrow
next arrow