(བསྐྱར་འགོད།)མཁས་གྲུབ་གཉིས་ལྡན་གྱི་སེམས་དཔའ་ཆེན་པོ་སྐྱབས་སྟོན་རིན་ཆེན་འོད་ཟེར་གྱི་རྣམ་ཐར་སྙིང་བསྡུས།

ཐོས་བསམ་སྒོམ་པའི་རྒྱལ་མཚན་ས་སྟེང་བསྒྲེངས།།
འཆད་རྩོད་རྩོམ་པའི་རུ་དར་མཁའ་ལ་འཕྱར།།
མཁས་བཙུན་བཟང་པོའི་ཡོན་ཏན་ཀུན་ནས་མཛེས།།
མཁས་གྲུབ་དུ་མའི་གཙུག་རྒྱན་དེ་ལ་འདུད།།

ལུང་གིས་ཕྱུག་ཅིང་ལུང་དང་འདྲེས་པ་དང་།།
ལུང་བཞིན་སྟོན་པའི་ལུང་རིགས་སྨྲ་བའི་སེང།།
སྐྱབས་ཀྱི་སྟོན་པ་རིན་ཆེན་འོད་ཟེར་ཞེས།།
གཤེན་རྒྱལ་བསྟན་པའི་ཉི་མ་ཕྱག་གི་ཡུལ།།

མཚུངས་ཟླ་བྲལ་བའི་མཚན་ལྡན་བླ་མ་ཡི།།
བཀའ་དྲིན་བསམ་ན་འདེགས་པའི་ཐབས་བྲལ་ཡང་།།
རྣམ་པར་ཐར་པ་ཟུར་ཙམ་མ་གཏོགས་པ།།
དེང་འདིར་མཇལ་བར་དཀོན་པ་ཐབས་རེ་སྐྱོ།།

འོན་ཀྱང་མགོན་པོ་མཆོག་གི་རྣམ་དཔྱོད་ལས།།
འཁྲུངས་པའི་མར་ཞི་དྭངས་མའི་གསུང་རྩོམ་འགའ།།
ད་ལྟའི་ཆར་ཡང་མཛད་འཕྲིན་ཡར་ངོའི་ཟླ།
ཇི་བཞིན་རྒྱས་ནས་བཞུགས་འདི་ངོ་མཚར་ཆེ།།

ཞེས་མཁས་ཤིང་གྲུབ་པའི་དབང་ཕྱུག་སྐྱབས་ཀྱི་སྟོན་པ་རིན་ཆེན་འོད་ཟེར་མཆོག་ནི།  བདག་དོན་དུ་ཐོས་བསམ་སྒོམ་གསུམ་དང།  གཞན་དོན་དུ་འཆད་རྩོད་རྩོམ་གསུམ།  གཉིས་དོན་དུ་བསྙེན་སྒྲུབ་ལས་གསུམ་གྱི་དོན་ལ་དབང་འབྱོར་བའི་འགྲན་པའི་ཟླ་ཐམས་ཅད་དང་བྲལ་བའི་བསམ་གྱིས་མི་ཁྱབ་པའི་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་མཆོག་ཅིག་ཡིན་པ་མ་ཟད།   སྤྱིར་མདོ་སྔགས་སེམས་གསུམ་གྱི་གཞུང་ལུགས་ཀུན་ལ་རྣམ་དཔྱོད་ཤེས་རབ་ཀྱི་རྩལ་ཆེན་རབ་ཏུ་རྫོགས་ཤིང་། ཁྱད་པར་དུ་རྫོགས་ཆེན་གཞུང་ཆེན་སྡེ་བཞིའི་ནང་ཚན་བསྒྲགས་པ་གསུམ་གྱི་བོན་སྡེ་དང་།   ཡང་སྒོས་སུ་གསས་མཁར་རིན་པོ་ཆེ་སྤྱི་སྤུངས་ཀྱི་བོན་བསྐོར་རྣམས་ལ་ཉམས་རྟོགས་ཀྱི་དྲོད་ཚད་མངོན་སུམ་དུ་བརྙེས་པའི་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་ཆེན་ཞིག་ཡིན་པ་ནི།   དམ་པ་ཁོང་གིས་མཛད་པའི་གསུང་རྩོམ་ཁག་ལ་གཟིགས་ན་ངེས་ཤེས་རྙེད་པར་ངེས་པས་དམིགས་བསལ་གྱི་འགྲེལ་བརྗོད་དགོས་དོན་དེ་ཙམ་མ་མཐོང་། གལ་སྲིད་དམ་པ་ཁོང་གི་གསུང་རྩོམ་ཁག་དང་རྣམ་ཐར་ཟུར་ཙམ་ཞིག་ད་ལྟ་མཇལ་རྒྱུ་མེད་ན། ང་ཚོས་དམ་པ་ཁོང་མཁས་ཤིང་གྲུབ་པའི་དབང་ཕྱུག་ཅིག་ཡིན་པ་ཇི་ལྟར་རྟོགས་ནུས། ཁོང་དང་ཁོང་འདྲ་བའི་བསྟན་དང་འགྲོ་བའི་དོན་ལ་མཛད་རྗེས་ཆེ་བའི་མཁས་པའི་དབང་པོ་རྣམས་ཀྱི་རྣམ་དཔྱོད་ཀྱི་རྩལ་ལས་འཁྲུངས་པའི་བསྲེགས་བཅད་བརྡར་བའི་གསེར་དང་མཚུངས་པའི་གསུང་རྩོམ་སྤུས་ལེགས་དང་ལྡན་པ་དེ་འདྲ་ད་ལྟ་བཞུགས་མེད་ན།  ཕྱི་རབས་རྗེས་འཇུག་རྣམས་ཀྱིས་མདོ་སྔགས་སེམས་གསུམ་གྱི་གཞུང་ཆེན་རྣམས་ལ་མི་ཤེས་པའི་རྨོངས་པ་ཇི་ལྟར་སེལ།  གཞུང་ཆེན་གྱི་དཀའ་གནད་ཇི་ལྟར་བཀྲོལ། བློ་གྲོས་ཀྱི་སྒོ་འཕར་ཇི་ལྟར་འབྱེད།  དེར་མ་ཟད་སྐྱབས་ཀྱི་སྟོན་པ་རིན་ཆེན་འོད་ཟེར་ཞེས་མཁས་གྲུབ་ནམ་མཁའི་རྒྱུ་སྐར་ལྟར་གཏམས་པའི་ཀློང་ནས་རྟ་བདུན་དབང་པོ་མཁའ་ལ་འཚེར་བ་བཞིན་མངོན་པར་འཕགས་པའི་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་མཆོག་ཁོང་གིས་སྐུ་ཚེ་ཧྲིལ་པོར་བཤད་སྒྲུབ་གཉིས་ཀྱི་སྒོ་ནས་སྨིན་གྲོལ་གྱི་མཛད་ཆེན་བསྐྱངས་ཏེ།  དམུ་རྒྱལ་གཤེན་གྱི་བསྟན་པ་སྤྱི་དང་།  ཁྱད་པར་དུ་དབང་ལྡན་ཞུ་ཡི་བསྟན་པ་ལ་བཀའ་དྲིན་ཤིན་ཏུ་ཆེ་བ་བསྐྱངས་པའི་བདེན་དོན་གྱི་ངེས་ཤེས་ཇི་ལྟར་རྙེད། རང་ཉིད་ལ་ཆ་མཚོན་ན་དམ་པ་ཁོང་གི་རྣམ་ཐར་ཆ་ཚང་བ་ཞིག་ད་བར་མཇལ་ཡུལ་དུ་མ་གྱུར་པ་ནི་བློ་ཕམ་དགོས་པའི་གནས་ཤིག་ཡིན་ལ།  ནམ་ཞིག་མཇལ་བའི་སྐལ་པ་དང་ལྡན་པའི་རེ་སྨོན་བཅངས་ནས་བསྡད་རྒྱུ་ལས་གཞན་བྱ་ཐབས་བྲལ།  བཀའ་དྲིན་ཆེ་བའི་བསྟན་འབྱུང་བསྐལ་པ་བཟང་པོའི་མགྲིན་རྒྱན་ནང་འཁོད་པའི་དམ་པ་ཁོང་གི་རྣམ་ཐར་སྙིང་བསྡུས་ཤིག་ཞུས་ན་འདི་ལྟར་ཏེ།   དམ་པ་ཁོང་ནི་ཁམས་སུ་སྐུ་འཁྲུངས་པར་གསུངས་ཀྱང་ཁམས་ཀྱི་ས་ཕྱོགས་གང་དུ་སྐུ་འཁྲུངས་མིན་མ་གསལ་ནའང་།  ཉེ་ཆར་དྲྭ་ལམ་ཞིག་གི་བརྒྱུད་ནས་སྡེ་དགེ་ཞེ་གཤོང་ཁོག་ཏུ་གནས་པ་ཡི། ས་ཆ་སྐྱའོ་ཁ་རུ་རྨེའུ་ཚང་བླ།  བཞུགས་གནས་མི་འདོག་སྐྱའོ་བླ་མ་ཞེས།  འབོད་པའི་གདུང་རྒྱུད་རིམ་བྱོན་སྲས་གཉིས་ནང་།  ཆེ་བ་སྐྱབས་སྟོན་རིན་ཆེན་འོད་ཟེར་ཞེས།  ཞེས་པ་ཞིག་མཇལ་རྒྱུ་བྱུང་ཡང་ལོ་རྒྱུས་ཆ་ཚང་བ་ཞིག་མ་མཇལ།  དམ་པ་འདི་ཉིད་ཀྱིས་ཁྲོ་འགྲེལ་བརྩམས་པའི་ལོ་ཚིགས་ཁ་གསལ་བ་ཞིག་གཤེན་མཁས་ཀྱི་བསྟན་རྩིས་ནང་གསལ་བ་ཞིག་ནི།    དེ་ནས་མིག་༢ཕྲི་ཤིང་བྱ་ལོར།  གཤེན་བསྟན་སྨན་རིའི་དགོན་སྡེ་བཏབ།༣༩༨།  ཕྱོགས་༡༠ཀྱིས་སྦྱངས་པའི་ཤིང་ལུག་ལ།  མཉམ་མེད་ཆེན་པོ་དབྱིངས་སུ་གཤེགས།༣༨༨།   ཆུ་ཡོན་༣༤དབྲི་བའི་ས་སྦྲུལ་ལོར།  སྐྱབས་སྟོན་རིན་ཆེན་འོད་ཟེར་གྱིས།  ཁྲོ་འགྲེལ་བརྩམས་པ་ཕྱིན་གྱི་ལོ།༣༥༤།  ཞེས་གསལ་བ་ལ་གཞི་བཟུང་།   ཀུན་མཁྱེན་ཉི་མས་ངོས་འཛིན་གནང་བའི་རྗེ་ཡི་འདས་ལོའི་ཁོངས་ནས་ཆུ་ཡོན་༣༤ཕྲི་བས་ཕྱི་ལོ་1449དུས་རབས་བཅོ་ལྔ་པ།  རབ་བྱུང་བརྒྱད་པའི་ས་སྦྲུལ་ལོར་སྐྱབས་ཀྱི་སྟོན་པའི་ཁྲོ་འགྲེལ་བརྩམས་པར་གསལ་ལོ།  སྐུ་འཁྲུངས་པའི་ལོ་ཚིགས་ནི་དུས་རབས་བཅུ་བཞི་པའི་ཁོངས་སུ་ངེས་སོ།   སྐུ་ན་ཆུང་དུས་ནས་མཁྱེན་རབ་ཀྱི་རྩལ་ཆེན་རྫོགས་པར་གསུངས་པ་ནི།  སྐྱེས་བུ་དམ་པའི་རང་གཤིས་ཡིན་པའི་རྟགས་སུ་ངེས།  མཁས་གྲུབ་མང་དུ་བསྟེན་པར་གསུངས་པ་ནི།  འདོད་པ་ཅན་གྱིས་ནོར་བསོག་པའི་དཔེ་ལྟར། མཁས་པ་ཡོན་ཏན་གྱིས་མི་ངོམས་ཤིང་ཤེས་བྱའི་གནས་ལ་འདོད་ཆུང་ཆོག་ཤེས་མི་མཛད་པའི་རྟགས་སུ་ངེས། ཁྱད་པར་དུ་ཉང་སྟོད་ཀྱི་དབང་ལྡན་ཞུ་ཡི་གདན་ས་ལྷུན་གྲུབ་སྒང་དུ་བྱོན་ནས།  ཞུ་ཡི་ཁྲི་གདུང་སྐྱེས་བུ་བཅུ་ཕྲག་ལྷག་ལས་མདོ་སྔགས་ཀྱི་ཐོས་བསམ་སྦྱངས་ཤིང་།  ཞུ་ཡི་འདུལ་འཛིན་མཁན་ཆེན་གྲགས་པ་རྒྱལ་མཚན་དང་།  སློབ་དཔོན་བསོད་ནམས་སེང་གེ་ཟུང་ལས།  ཕྱི་ནང་གསང་སྔགས་རྒྱ་མཚོའི་དབང་ཁྲིད་སོགས་དང་། རབ་འབྱམས་བོན་སྒོ་མ་ལུས་པ་བུམ་པ་གང་བྱོའི་ཚུལ་དུ་གསན་པར་གསུངས་པ་ནི།  བླ་མ་བསྟེན་ཤེས་པ་དང་། བླ་མ་བསྟེན་མཁས་པ། བླ་མ་བསྟེན་པ་ལ་མི་སྐྱོ་བ།  བླ་མ་བསྟེན་ཡུན་རིང་བ།  བླ་མ་བསྟེན་པ་ལ་མདོ་ཆེ་བ་སྟེ།  བླ་མ་དགེ་བའི་བཤེས་གཉེན་ཚུལ་བཞིན་བསྟེན་ཐབས་ཀྱི་རིམ་པ་ལྔ་ལ་མཁས་པའི་སློབ་མ་བཅུད་ལྡན་ཞིག་ཡིན་པའི་རྟགས་ཤིག་ཅི་ལ་མིན། དེ་ལ་བརྟེན་ནས་མདོ་སྔགས་གཞུང་ཆེན་སྨྲ་བའི་མཁས་གྲུབ་ཆེན་པོར་གྱུར་ཏེ།  བསྟན་པ་འཛིན་པའི་སྐྱེས་བུ་དུ་མས་གཙུག་གི་རྒྱན་དུ་བཀུར་ནས།  ཞུ་ཡི་གདན་ས་དབང་ལྡན་ལྷུན་གྲུབ་སྒང་དུ་བཤད་སྒྲུབ་གཉིས་ཀྱི་སྒོ་ནས་སྨིན་གྲོལ་གྱི་བཀའ་བཤད་བཙུགས་ཤིང་བསྟན་པའི་ཁུར་ཆེན་བཞེས་པར་གསུངས་པ་ནི།  རང་དོན་ཡིད་བྱེད་ཀྱི་བསམ་པ་དང་བྲལ་ཞིང་བྱམས་དང་སྙིང་རྗེ་ཁྱད་པར་ཅན་གྱིས་རང་རྒྱུད་བརླན་པའི་རྒྱལ་སྲས་འཕགས་པའི་རྣམ་སྤྲུལ་སླར་ཡང་ས་སྟེང་འདིར་མི་ཡི་གཟུགས་སུ་སྤྲུལ་ནས་བྱོན་པའི་རྟགས་དང་མཚན་མ་སྒྲིབ་མེད་ཟང་ཐལ་དུ་སྟོན་པ་ཞིག་ལོས་ཡིན།  དམ་པ་ཁོང་གི་གསུང་རྩོམ་ཁག་ལ་ཆ་མཚོན་ན།  ཀློང་རྒྱས་འགྲེལ།  བྱམས་མའི་འགྲེལ།  རྣམ་རྒྱལ་འགྲེལ།  ཀུན་རིག་འགྲེལ། ཁྲོ་བོ་དབང་ཆེན་ངོ་མཚར་རྒྱས་པའི་རྣམ་བཤད་གསལ་བའི་སྒྲོན་མེ།  རྫོགས་ཆེན་ཡོངས་རྩེ་ཀློང་ཆེན་སོགས་སྔགས་སེམས་ཕྱི་ནང་གསང་གསུམ་གྱི་གཞུང་འགྲེལ་དང་མན་ངག་ཕྱག་བཞེས་སྒྲུབ་ཐབས་ཆོག་ཁྲིགས་བཅས་བསམ་གྱིས་མི་ཁྱབ་པ་ཞིག་ཡོད་པར་གསུངས་པ་ནི། བསྟན་པ་སྤྱི་ལ་བཀའ་དྲིན་ཆེ་བའི་བརྡ་མཚོན་དང་། ཁྱད་པར་དུ་ཞུ་ཡི་བསྟན་པ་ཉིན་མོར་བྱས་པའི་བརྡ་མཚོན་དུ་གསུངས་པ་དེ་ལྟར་ཡིན་ལ།  དེ་ཙམ་དུ་མ་ཟད་དམ་པ་ཁོང་ནི་བདག་དོན་དུ་ཐོས་བསམ་སྒོམ་གསུམ་གྱི་ཡོན་ཏན་མངའ་བ་ཙམ་དུ་མ་ཟད།  གཞན་དོན་དུ་འཆད་རྩོད་རྩོམ་གསུམ་གྱི་ལམ་ནས་རྒྱལ་བསྟན་ཉིན་མོར་བྱེད་ནུས་པའི་མཁས་པའི་བྱ་བ་གསུམ་ལ་དབང་ཐོབ་པ་དང་།  ཇི་སྲིད་འཁོར་བ་མ་སྟོང་གི་བར་དུ་སྨིན་གྲོལ་གྱི་མཛད་པ་རྒྱུན་ཆད་མེད་པའི་ཨེ་མ་ངོ་མཚར་ཆེ་བའི་བསྟན་པ་འཛིན་པའི་སྐྱེས་ཆེན་འགྲན་ཟླ་དང་བྲལ་བ་ཞིག་ཡིན་པ་མཚོན་པར་བྱེད་པའི་བརྡ་མཚོན་འཁྲུལ་མེད་ཞིག་ཡིན་པ་མངོན་སུམ་ཚད་གྲུབ་ཏུ་གྱུར། དམ་པ་ཁོང་གི་གསུང་སྐྱེས་ཀྱི་སློབ་མ་ལ་ཆ་མཚོན་ན།   དཔལ་སྟོན་ཡེ་ཤེས་རྒྱལ་མཚན།  དད་པ་འོད་ཟེར།  ནམ་མཁའ་འོད་ཟེར།  གྲགས་པ་སེང་གེ།  རྒྱ་བོ་རིན་ཆེན་འོད།  རག་ནེ་བསྟན་རྒྱལ།   ཁྲོ་ཐུང་རིན་ཆེན་རྒྱལ།  བསོད་ནམས་བཟང་པོ།  དོ་ཁོང་བསྟན་རྒྱལ་སོགས།  བསྟན་འཛིན་ནམ་མཁའི་སྐར་ཆེན་ཚོགས་པ་ལྟར་བྱོན་པར་གསུངས་པ་ནི།  བསྟན་པ་འཛིན་སྐྱོང་སྤེལ་གསུམ་གྱི་ཁུར་བཞེས་ནས་སྣོད་ལྡན་གྱི་སློབ་མའི་རྒྱུད་ལ་མི་ནུབ་བོན་གྱི་རྒྱལ་མཚན་དངོས་སུ་བཙུགས་པ་ལགས་སོ།  དམ་པ་ཁོང་གི་རྣམ་ཐར་རྒྱས་པ་མ་མཇལ་སྟབས་བསྟན་འབྱུང་ནང་གི་རྣམ་ཐར་སྙིང་བསྡུས་ལ་གཞི་འཛིན་ཏེ་འདི་ཙམ་གྱིས་འཐུས་པར་བྱས།  དེ་དང་དེ་བཞིན་དུ་བསྟན་ལ་མཛད་རྗེས་ཆེ་བའི་བླ་མ་དམ་པ་རྣམས་ཀྱི་གསུང་རྩོམ་ཁག་དང་།  ཡང་ན་རྣམ་ཐར་ཆ་ཚང་བ།  དེ་ལྟར་མ་བྱུང་ནའང་རྣམ་ཐར་ཟུར་ཙམ་ཞིག་མཇལ་ཐུབ་ན།  ཕྱི་རབས་རྗེས་འཇུག་རྣམས་ཀྱིས་གོང་མའི་བཀའ་དྲིན་རྗེས་སུ་དྲན་པ་ལའང་དགེ་མཚན་ཆེ་བར་མཐོང་ལ།  གོང་མ་རྣམས་ཀྱི་མཁས་གྲུབ་གཉིས་ལྡན་གྱི་རླབས་ཆེན་གྱི་མཛད་པ་དེ་རྣམས་ཀྱང་ཆུད་ཟོས་སུ་མི་འགྲོ་བར་ཕྱི་རབས་རྗེས་འཇུག་རྣམས་ཀྱི་སྙིང་དབུས་སུ་གནས་ཐུབ་པ་དང་།  དམ་པ་གོང་མའི་བྱིན་རླབས་སེམས་ལ་བཞུགས་ཏེ།  སྨིན་གྲོལ་གྱི་མཛད་པ་འཁོར་བ་མ་སྟོང་གི་བར་དུ་སྐྱོང་ནུས་པའི་དགེ་མཚན་ཁྱད་པར་ཅན་ཡོད་པར་མཐོང་ངོ་།  བསྟན་འགྲོའི་མཛད་ཆེན་རླབས་པོ་ཆེ་བསྐྱངས་བའི་སྐྱེས་མཆོག་ཁྱད་པར་ཅན་བསམ་གྱིས་མི་ཁྱབ་པ་ཞིག་སྔར་བྱོན་ཟིན་ནའང་། འགའ་ཞིག་གི་གསུང་རྩོམ་མཇལ་རྒྱུ་མེད་པ་དང་།  ཡང་འགའ་ཞིག་གི་རྣམ་ཐར་ཅུང་ཟད་ཙམ་ཡོད་ཀྱང་ཆ་ཚང་བ་དཀོན་པ་དང་།  ཡང་འགའ་ཞིག་གི་རྣམ་ཐར་ཟུར་ཙམ་ཡང་མཇལ་རྒྱུ་མེད་པ་སོགས་རྒྱུ་མཚན་སྣ་མང་ལ་བརྟེན་ནས།    གོང་མའི་མཛད་པ་རྣམས་ཆུད་ཟོས་སུ་འགྲོ་བ་ལྟ་བུར་སྣང་བས།  བསྟན་ལ་བཀའ་དྲིན་ཆེ་བའི་བླ་མ་དམ་པ་རྣམས་ཀྱི་རྣམ་ཐར་བྱུང་ན་བླ་མ་རང་གིས་མཛད་གནང་རྒྱུ་དང་།  ཡང་ན་སྒྲོ་བཏགས་སོགས་ཀྱིས་མ་བསླད་པར་རྗེས་འཇུག་བུ་སློབ་རྣམས་ཀྱིས་ངེས་པར་དུ་ཡིག་ཐོག་ཏུ་བཀོད་དགོས་རྒྱུ་དེ་ཡང་གལ་ཆེན་ནང་གི་དོན་ཆེན་ཞིག་ཏུ་མཐོང་ངོ་།  མཁས་གྲུབ་ཆེན་མོ་འདི་ཉིད་ཀྱི་རྣམ་ཐར་འདི་ལ་སྒོ་ཀུན་ནས་ཁ་ཞེ་གཉིས་མེད་ཀྱིས་མཐུན་འགྱུར་དང་རམ་འདེགས་གནང་མཁན་མཁས་དབང་ཁྲི་གཡུང་དྲུང་མཆོག་ལ་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ།

ཉི་མིང་པས་རང་གི་བསམ་ཚུལ་ཙམ་ཞིག་ཕུལ།

གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
བོན་ཆོས་དཔྱད་བསྡུར།
བོན་ཆོས་དཔྱད་བསྡུར།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
སྨན་རིའི་སྟེགས་འཇོག་ལོ་ཐོ།
སྨན་རིའི་སྟེགས་འཇོག་ལོ་ཐོ།
previous arrow
next arrow