གཡུང་དྲུང་བོན་གྱི་དྲྭ་རྒྱ།

སྨན་རིའི་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་གི་གསུང་རྩོམ་ངོ་སྤྲོད།

book༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་དཔེ་མཛོད་ཁང་ནས་དཔར་དུ་བསྐྲུན་པའི་༧སྨན་རིའི་ཡོངས་འཛིན་རིན་པོ་ཆེའི་གསུང་འབུམ་དེབ་ཕྲེང་༡༤ཡོད། ངེས་པ་དོན་གྱི་མཁས་དབང་སློབ་དཔོན་བསྟན་འཛིན་རྣམ་དག་མཆོག་ནི་བོད་ཀྱི་རིག་གནས་སྤྱི་དང༌། ཁྱད་པར་དུ་ནང་དོན་རིག་པ་ལ་མིང་ཙམ་མ་ཡིན་པར་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་ཆེན་པོ་ཞིག་ཡིན་གཤིས། ཁོང་གི་སྐུ་ཚེ་ཧྲིལ་པོར་བོན་གྱི་ལོ་རྒྱུས་དང་དེབ་ཐེར། བོད་ཀྱི་རྒྱལ་རབས། རྣམ་ཐར་གྱི་རིགས། ཁྱད་པར་ནང་བསྟན་མཚན་ཉིད་རིག་པ་དང་འབྲེལ་བའི་བོན་གྱི་མདོ་སྔགས་རྫོགས་གསུམ་གྱི་སྐོར་སོགས་ལ་ཕྱག་རྩོམ་ཇི་སྙེད་ཅིག་གནང་ཡོད་པ་འདི་དག་ཡང་སྐལ་ལྡན་ཕྱི་རབས་པ་རྣམས་ལ་དམིགས་ཏེ། ཉེ་སྔར་བལ་ཡུལ་ཁྲི་བརྟན་ནོར་བུ་རྩེའི་དཔེ་མཛོད་ཁང་གིས་ཁོང་གི་གསུང་རྩོམ་རྣམས་པོད་གྲངས་བཅུ་བཞི་དུ་བསྡུས་ཏེ་༼སྨན་རིའི་ཡོངས་འཛིན་སློབ་དཔོན་བསྟན་ འཛིན་རྣམ་དག་རིན་པོ་ཆེའི་གསུང་འབུམ།༽ཞེས་པ་པར་བསྐྲུན་མཛད་ཡོད། ཁོང་གི་གསུང་རྩོམ་འདི་དག་ནི་གཙོ་བོ་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་སློབ་གཉེར་བ་རྣམས་དང༌། ཡང་སྒོས་སུ་བོད་མི་རིགས་ཀྱི་རིགས་གཞུང་དང་ལོ་རྒྱུས། ཁྱད་པར་དུ་གཡུང་དྲུང་བོན་གྱི་མདོ་སྔགས་རྫོགས་གསུམ་ལ་དོན་གཉེར་ཅན་རྣམས་ཀྱི་དགོས་མཁོ་ལ་ཆེད་དུ་དམིགས་ཏེ་ཕྱོགས་རྩོམ་གནང་བ་ཡིན་པ་མ་ཟད། འདི་དག་གི་ཐོག་ནས་ཁོང་གི་སློབ་གཉེར་བ་རྣམས་ལ་དཔེ་ཁྲིད་ཀྱང་ཡུན་རིང་གནང་སྟེ་ ལན་གྲངས་མང་པོར་གཟིགས་ཞིབ་ཀྱིས་དཔྱད་གསུམ་དག་པའི་སྒོ་ནས་ཡིད་རྟོན་འཕེར་བ་ གནང་ཡོད། གཤམ་དུ་ཁོང་གི་གསུང་རྩོམ་གྱི་པོད་རེ་རེ་བཞིན་ངོ་སྤྲོད་དང་དེ་དག་གི་ཁྱད་བོན་ རགས་ཙམ་མཚམས་སྦྱོར་བྱ་རྒྱུ་ཡིན། །

གསུང་པོད་དང་པོ།

སྟོན་པ་སངས་རྒྱས་ཀྱི་སྐྱེས་རབས་པད་མ་དཀར་པོའི་ཕྲེང་བ། སྟོད་ཆ། ཞེས་པའི་ནང་དུ་སྟོན་པ་སངས་རྒྱས་རྒྱལ་བ་གཤེན་རབ་མི་བོ་མཆོག་གིས་དང་པོ་ཐེག་པ་ ཆེན་པོའི་སེམས་བསྐྱེད་ཚུལ། བར་དུ་གྲངས་མེད་གསུམ་དུ་ཚོགས་བསགས་ཚུལ། མཐར་མངོན་པར་རྫོགས་པའི་སངས་རྒྱས་ཏེ་རང་དོན་ཞི་བདེ་ཙམ་མ་ཡིན་པར་གཞན་དོན་ གཟུགས་སྐུ་རྣམ་པ་གཉིས་ཀྱིས་འགྲོ་བའི་དོན་མཛད་ཚུལ། ཁྱད་པར་དུ་འགྲོ་བ་ཐུན་མོང་གི་ངོར་མཆོག་གི་སྤྲུལ་སྐུའི་མཛད་པ་མཛད་ཚུལ། ཉི་དབང་ཟླ་རྒྱས་གཉིས་དང་གྱད་བུ་ཐུང་སོགས་ཀྱི་གཏམ་རྒྱུད་དང༌། ཚོང་དཔོན་ཤེས་རབ་བཟང་སྐྱོང་གི་གཏམ་རྒྱུད་སོགས་གཏམ་རྒྱུད་སུམ་ཅུ་རྩ་གཉིས་བསྡུས་ཡོད། །

གསུང་པོད་གཉིས་པ།

སྟོན་པ་སངས་རྒྱས་ཀྱི་སྐྱེས་རབས་པད་མ་དཀར་པོའི་ཕྲེང་བ། སྨད་ཆ། ཞེས་པ་དེ་ཡང་གོང་བཞིན་ཉི་ཟེར་སྒྲོན་མ་དང་མཛད་མདོ་རྒྱས་འབྲིང་སོགས་ལས་གསུངས་ པ་རྣམས་སྐལ་ལྡན་དོན་གཉེར་ཅན་རྣམས་ལ་གཟིགས་བདེ་བའི་ཆེད་དུ་སྟོན་པའི་སྐྱེས་ རབས་ལོ་རྒྱུས་ཤག་རྒྱལ་གཙུག་ཏོར་རྣམ་རྒྱལ་གྱི་གཏམ་རྒྱུད་དང༌། རྒྱལ་བུ་དབང་སྐྱོང་གི་གཏམ་རྒྱུད་སོགས་མཛད་པ་རྣམས་དང་རྣམ་ཐར་ཚང་མ་ཟུར་དུ་ ཕྱུངས་ཏེ་བཀོད་ཡོད་པ་དང༌། ཁྱད་པར་དུ་དོན་གནད་ཅན་སྟོན་པའི་འཁྲུངས་འདས་ཀྱི་དུས་ཚིགས་སོགས་གལ་ཆེན་ཁག་ འགར་དྭོགས་དཔྱད་ཞིབ་མོས་མདོ་རྒྱུད་དང་མཐུན་པར་གསལ་བྱེད་གནང་ཡོད། །

གསུང་པོད་གསུམ་པ།

བསྟན་འབྱུང་དང་ལོ་རྒྱུས་ཀྱི་སྐོར། དེའི་ནང་དུ་དང་པོ། སྔ་རབས་བོན་གྱི་བྱུང་བ་བརྗོད་པའི་འབེལ་གཏམ་ལུང་གི་སྙིང་པོ། ཞེས་པ་དེ་ནི་རང་རེ་གྲུབ་མཐའ་འདྲ་མིན་གྱི་བོད་རིགས་སེར་སྐྱ་རྒན་གཞོན་ཕོ་མོ་ ཀུན་ལ་བོད་རང་གི་གནའ་བོའི་ཕ་ཆོས་གཙང་མ་དང༌། རིག་གཞུང་རྩ་ཆེན། གོམས་གཤིས་རྙིང་པ། ཁྱད་པར་དུ་ནང་བཅུད་སྒོ་ང་དཀར་ནག་གཉིས་ལས་རིགས་དྲུག་གི་སེམས་ཅན་གྲོལ་ཚུལ། ཞང་ཞུང་སྒོ་ཕུགས་བར་གསུམ་གྱི་སྐོར། བོད་ཀྱི་རྒྱལ་པོ་བྱུང་ཚུལ། སྤུ་ལྡེ་གུང་རྒྱལ་དང་དེའི་སྲས་བརྒྱུད་ཀྱི་སྐོར། གཞན་གསོ་བྱེད་སྨན་དང་དཀར་ནག་རྩིས་ཀྱི་རིག་གཞུང་སྐོར་སོགས་ངོ་སྤྲོད་ཆེད། བོན་གྱི་ཡིག་རྙིང་གྲགས་ཅན་གཟི་བརྗིད་རབ་འབར་གྱི་མདོ་དང༌། མཛོད་སྒྲ་འགྲེལ། སྲིད་རྒྱུད་ཀྱི་ཁ་བྱང་སོགས་དང༌། ཆོས་ཕྱོགས་ཀྱི་ཡིག་ཆ་སྦ་བཞེད་ཞབས་བཏགས་མ། རྒྱལ་རབས་གསལ་མེ་བཅས་ཡིག་རྙིང་ཁུངས་མ་དག་ལ་གཞི་བཅོལ་ཏེ་ལུང་དེ་དག་གི་སྙིང་ པོ་རྣམས་ནག་འགྲོས་སུ་ཕབ་ཏེ་ཕྱི་རབས་དོན་གཉེར་ཅན་རྣམས་ལ་གོ་བདེ་གཙོར་འདོན་ ཐོག་ལྷུག་བྲིས་གནང་ཡོད། གཞུང་འདི་ནི་ཕྱི་ལོ་༡༩༨༣ལོར་ཁོང་དགུང་གྲངས་ང་བརྒྱད་ལ་སོན་པའི་ལོ་དེར། བོད་ཀྱི་ལོ་རྒྱུས་རྩོམ་སྒྲིག་ཚོགས་པ་ནས་གཡུང་དྲུང་བོན་དང་ཆོས་བརྒྱུད་རེར་ གཡུང་དྲུང་བོན་དང་ཆོས་བརྒྱུད་སོ་སོར་འབྲེལ་བའི་བོད་ཀྱི་རྒྱལ་རབས་ལོ་རྒྱུས་ འབྲི་དགོས་པའི་བཀའ་ཕབས་དོན་བཞིན་ཁོང་གིས་ཕྱག་རྩོམ་གནང་བ་དང༌། ཁྱད་པར་དུ་ལོ་རྒྱུས་དོ་སྣང་ཆེ་བ་དག་གིས་མཁྱེན་དགོས་པ་ཞིག་ལ། སྤྱིར་རང་རེའི་ལོ་རྒྱུས་སྨྲ་བ་ཕལ་ཆེ་བ་དག་གིས་བོད་ཀྱི་རྒྱལ་རབས་དང་ལོ་ རྒྱུས་ལ་ཞིབ་འཇུག་དང༌། ཡང་ན་ངོ་སྤྲོད་སོགས་གནང་སྐབས་རྒྱལ་པོ་སྲོང་བཙན་སྒམ་པོས་བོད་སྤྱི་ལ་དབང་ བསྒྱུར་བ་ནས་བཟུང༌། བོད་དུ་ཡི་གེ་ཐོག་མར་དར་ཞེས་པའི་ཟེར་སྲོལ་ཞིག་ཡོད་མོད། འོན་ཀྱང་ཁོང་གིས་དེའི་སྔོན་ནས་བོད་ལ་སྐད་དང་ཡི་གེ་ལོ་རྒྱུས་སོགས་ཡོད་པ་ཞང་ ཞུང་སྙན་བརྒྱུད་ཀྱི་ལོ་རྒྱུས་རྒྱས་པ་བཅས་ལ་ཁུངས་བཅོལ་ཏེ་ཞིབ་བྲིས་གནང་ཡོད་ པ་སོགས་ཀྱིས་ར་སྤྲོད་བྱེད་ཡོད། གཉིས་པ། གཡུང་དྲུང་བོན་གྱི་བསྟན་འབྱུང་ཉུང་བསྡུས། ཞེས་པའི་ནང་དུ་བོད་ཀྱི་ཕ་ནོར་རིག་གཞུང་གི་ཐོག་མ་གཡུང་དྲུང་བོན་གྱི་ལོ་རྒྱུས་གཙོས་ཕྱི་སྣོད་ཀྱི་ཆགས་ཚུལ་དང༌། གདུལ་བྱ་སེམས་ཅན་གྲོལ་ཚུལ། འདུལ་བྱེད་སྟོན་པ་བྱོན་ཚུལ། བོད་ཡུལ་དུ་གཡུང་དྲུང་བོན་གྱི་བསྟན་པ་དར་ཚུལ། ཁྱད་པར་དུ་ཕྱི་ནང་གི་གྲུབ་མཐའི་རྣམ་གཞག་གོ་བདེ་དོན་བསྡུས་སུ་བཀོད་ཡོད་པ། དེའི་ནང་དུ་ཡང་“གྲུབ་མཐའ་ལ་ཞུགས་པ་ལ་ཕྱི་པ་དང་ནང་པ་གཉིས། དེ་གཉིས་ཀྱི་ཁྱད་པར་ནི་མཆོག་གསུམ་སྐྱབས་གནས་སུ་ཁས་ལེན་མི་ལེན་ལ་ཐུག་པས། མཆོག་གསུམ་སྐྱབས་གནས་སུ་ཁས་ལེན་པའི་གྲུབ་མཐར་ཞུགས་པའི་གང་ཟག་དེ་ནང་པ། མཆོག་གསུམ་སྐྱབས་གནས་སུ་ཁས་མི་ལེན་པའི་གྲུབ་མཐར་ཞུགས་པའི་གང་ཟག་དེ་ཕྱི་པའོ། གཞན་ཡང་དུས་ཕྱིས་བསྐོར་བ་གཡས་གཡོན་དུ་འགྲོ་བའི་ཚུལ་གྱིས་གྲུབ་མཐའ་ཕྱི་ནང་གི་ཁྱད་པར་འབྱེད་མདོག་བྱེད་ནས་ལོག་རྟོག་ཆེན་པོ་ཞིག་བསྐྱེད་ནས་རུ་ཏྲ་དམ་པོར་ འཛིན་པ་རྣམས་ཀྱི་ཚུལ་ལ་ཤིན་ཏུ་སྙིང་རྗེ་བའི་གནས་སོ།” ཞེས་གསུངས་ཡོད་ཡང་ལྷག་པར་རང་རེའི་དེང་དུས་ཀྱི་སྤྱི་ཚོགས་སུ་གཡུང་དྲུང་གི་ བོན་ལ་རྒྱུས་མེད་པ་དང་གཞན་གྲུབ་མཐའི་ཕྱོགས་ཞེན་ཅན་དག་གི་ཟེར་སྒྲོས་ཁོ་ནའི་ རྗེས་འབྲེང་རྣམས་ལ་ཆེད་དམིགས་སུ་མཛད་ཡོད་པར་སེམས་ལ། མདོར་ན་ནང་པ་སངས་རྒྱས་ཀྱི་བསྟན་པ་ཐམས་ཅད་གཡུང་དྲུང་གི་བོན་ལས་མི་གཞན་པ་ སོགས་ལུང་རིག་ཟུང་འབྲེལ་གྱི་རྒྱུ་མཚན་མང་དུ་བཀོད་ཡོད་འདུག གཞུང་འདི་ནི་སྨན་རིའི་ཁྲི་འཛིན་སོ་གཉིས་པ་ཤེས་རབ་བློ་གྲོས་མཆོག་དང་ཁྱུང་བླ་ ཚུལ་ཁྲིམས་ཉི་མ་རྣམ་གཉིས་ནས་ནན་ཆེར་གྱིས་བཀའ་མངགས་ལ་བརྟེན་ྋདཔལ་གཤེན་བསྟན་སྨན་རིའི་གླིང་དུ་མཛད་པར་གསུངས། གསུམ་པ། བོད་ཡུལ་གནས་ཀྱི་ལམ་ཡིག་གསལ་བའི་དམིགས་བུ། ཞེས་པ་དེ་རུ་ཞང་བོད་ཀྱི་དགོན་སྡེ་དང༌། གནས་ཆེན་ཁག་ལ་ཁོང་ཉིད་དངོས་སུ་ཕྱག་ཕེབས་གནང་བའི་ལམ་ཡིག་དང་དཀར་ཆག་སྣ་ཚོགས་ སྟེ། དཔེར་ན་ཀོང་པོ་བོན་རི་དང་གནས་ཆེན་ཙ་རི། གངས་ཏེ་སེ་དང་ཁྱུང་ལུང་དངུལ་མཁར། ཁ་བ་དཀར་པོ་དང་གནམ་མཚོ་སོགས་ཀྱི་དཀར་ཆག་ཞིབ་རྒྱས་མཛད་ཡོད་པ་དང༌། མདོ་དབུས་གཙང་གསུམ་དང༌། གློ་དང་བལ་པོའི་གནས་བཤད་སོགས་ལུང་རིག་ཟུང་འབྲེལ་གྱིས་ངོ་སྤྲོད་ཡང་དག་གནང་ ཡོད། གཞུང་རྩོམ་འདི་ནི་ཕྱི་ལོ་༡༩༨༦།༡༩༩༩བར་གངས་ལྗོངས་སུ་ཕེབས་བསྐྱོད་གནང་སྐབས་ བོད་ཡུལ་སྟོད་སྨད་བར་གསུམ་གྱི་དགོན་སྡེ་དང༌། སྒྲུབ་གནས་གལ་ཆེན་རྣམས་སུ་སྐུ་དངོས་སུ་ཕེབས་གནང་སྟེ་ཉམས་མྱོང་དང་གནའ་བོའི་ བོན་གྱི་ལོ་རྒྱུས་ཡིག་ཆ་གྲགས་ཅན་དག་གུང་བསྒྲིགས་ཏེ་ཟིན་བྲིས་སུ་བཏབས་པ་ཞིག་རེད། །

གསུང་པོད་བཞི་པ།

རྣམ་ཐར་དང་དཀར་ཆག་གི་སྐོར། པོད་འདིའི་ནང་དུ་སངས་རྒྱས་ཀྱི་སྐུ་ཡི་ཆ་ལུགས་ཀྱི་རྣམ་བཤད་ལོག་རྟོག་བྲག་ཆེན་ གཞོམ་པའི་ཐོག་ཆེན། ཞེས་པ་དང་པོར་འཁོད་ཡོད་ལ། དེའི་ནང་དུ་གཙོ་བོ་སྟོན་པ་རྫོགས་སྐུའི་ཆ་ལུགས་དང༌། སྟོན་པ་རྒྱལ་པོའི་ཆ་ལུགས། སྟོན་པ་སྤྲུལ་སྐུའི་ཆ་ལུགས་བཅས་ལུང་ཚིག་དོན་གནད་བཅས་ཞིབ་བཀོད་ཀྱིས་སྟོན་པ་ སངས་རྒྱས་ཀྱི་ཆ་ལུགས་ལ་དྭོགས་གཞི་དང་འཁྲུལ་བ་ཐམས་ཅད་ཀུན་ནས་སེལ་བར་བྱས་ཡོད་ པ་དང༌། ཡང་སྟོན་པ་སངས་རྒྱས་ཀྱི་འཁྲུངས་དུས་ལ་དཔྱད་པ། ཞེས་པ་གཉིས་པར་འཁོད་འདུག་པ་དང༌། དེའི་ནང་དུ་ཡང་ཐུན་མིན་གྱི་ལུང་རིག་སྣ་ཚོགས་དྲངས་སྟེ་“ད་ཕྱིན་རྣམ་དཔྱོད་ཅན་རྒྱལ་བསྟན་ལ་ཤ་ཚ་མཁན་ཡོད་ན། སངས་རྒྱས་ཀྱི་འཁྲུངས་དུས་དང༌། སངས་རྒྱས་ཀྱི་སྐུ་ཡི་ཆ་བྱད་བཅས་རང་གི་ལུང་ཁུངས་མ་དང་གོ་བསྡུར་ནས་ཡིད་དུ་ ངེས་པར་བྱེད་པའི་སྐྱབས་འཇུག་ཡོད་པར་ཞུ།”ཞེས་ཕྱི་རབས་དོན་གཉེར་ཅན་དག་ལ་ གྲོས་གདམས་ཀྱང་ནན་ཆེར་མཛད་ཡོད། དེ་བཞིན་རིམ་པ་ལྟར་བོན་གྱི་འདུལ་བའི་བསྟན་པ་དར་ཚུལ་དང༌། གསོ་རིག་འབུམ་བཞིའི་རྒྱུད་ཁུངས་ཀྱི་དཔྱད་གཞི། གཡུང་དྲུང་བོན་གྱི་བཀའ་བརྟེན་འགྱུར་གྱི་གོ་རིམ་སྒྲིག་ཚུལ་བཅས་དཔྱད་རྩོམ་ དང༌། རྣམ་ཐར། དཀར་ཆག ཞལ་གདམས། སྙན་རྩོམ། ཀུན་འཁོར་སྙན་ངག་སོགས་རྩོམ་སྣ་འདྲ་མིན་གྲངས་སུམ་ཅུ་ལྷག་ཙམ་པོད་འདིར་བསྡུས་ ཡོད། རྩོམ་དེ་དག་རེ་བཞིན་ནམ་མཛད་ཀྱི་ལོ་ཚིགས་དང་ཡུལ་གང་མཛད་སོགས་མི་གསལ་མོད་དེ་ དག་ནི་ཧ་ཅང་གལ་གནད་ཅན་ཞིག་ཏུ་ཡང་མ་མཐོང་པས་སོ།

གསུང་པོད་ལྔ་པ།

བཟོ་རིག་པའི་སྐོར། འདིའི་ནང་དུ་བཟོ་རིག་གསལ་བའི་རྒྱན་དང༌། རབ་འབྱམས་དཀྱིལ་འཁོར་རྒྱ་མཚོའི་མཚན་གྱི་བཀོད་པ་གསལ་བྱེད། ཕྱྭ་གཤེན་ཐེག་པའི་བོན་སྒོ་ལས་བསྟན་པ་སོག་མོའི་རྣམ་བཤད། ཕྱྭ་གཤེན་དང་སྣང་གཤེན་ཐེག་པའི་རྣམ་བཤད་གསལ་བྱེད་མེ་ལོང༌། གཞན་ཡང་གཏོར་མ་དང་ནམ་རྒྱང་སོགས་ཀྱི་དཔེ་རིས་སྣ་ཚོགས་བཅས་འཁོད་ཡོད། དེ་ཡང་དང་པོ་རུ་མཛད་མདོ་རྒྱས་པ་དྲི་མེད་གཟི་བརྗིད་ལས། ད་ལྟའི་དུས་འདིར་ཤེས་རབ་ཀྱི་བློ་སྦྱང་ཞིང༌། རིག་པའི་གནས་ལྔ་ལ་བསླབ་དགོས་པ་ཡིན་པས། དེ་ཡང་ཕྱི་རིག་པ་དང༌། ནང་རིག་པ་དང༌། གསོ་རིག་པ་དང༌། སྒྲ་རིག་པ་རྣམས་ནི་ད་དུང་དུས་ལ་མ་བབ་ཅིང་མི་འབྱུང་ལ། བཟོ་རིག་པ་ནི་ལྷ་ཡི་བུ་ཁྱོད་དང་བདག་གི་སྔོན་ནས་སྨོན་ལམ་མཐུན་པས་ཁྱོད་ཀྱི་ ཐུགས་སུ་ཆུད་པར་གྱིས་ཤིག ཅེས་སོགས་ཀྱི་ལུང་གི་དགོངས་མཐིལ་བརྟོལ་ཏེ་བཟོ་རིག་གི་སྔོན་འགྲོ་ནས། དྲ་དྲུབ་ཀྱི་རྣམ་བཞག་དང༌། བཞུ་བླུག་གི་རྣམ་བཞག་སོགས་འབྲི་བཀོད་དང་ཚོན་གྱི་སྡེབ་སྦྱོར་སོགས་ཇི་བཞིན་ དུ་གསལ་བཀོད་གནང་ཡོད། གཉིས་པ་རུ་དཀྱིལ་འཁོར་གྱི་ལོ་རྒྱུས་དང༌། ངོ་བོ་ངེས་ཚིག མཚན་ཉིད་དབྱེ་བ་བཅས་རྒྱས་པར་བཤད་དེ་བོན་ཕྱི་ནང་གསང་གསུམ་གྱི་དཀྱིལ་འཁོར་ཕལ་ ཆེ་བའི་འབྲི་བཞེངས་བྱེད་ཚུལ་གཞུང་དོན་བཞིན་གསུངས་ཡོད། སོག་མོའི་རྣམ་བཤད་དངུལ་དཀར་མེ་ལོང་དུ་ཡང་རྣོ་མཐོང་མོ་དང༌། པྲ་ཡི་ལམ་ནས་གནས་སྐབས་སེམས་ཅན་གྱི་སྡུག་བསྔལ་དང་མི་བདེ་བའི་གཞི་རྩ་ངོས་ འཛིན་ཚུལ་དང༌། པྲ་ལྟས་མོ་ཡི་མཚན་ཉིད་དབྱེ་བ་ཁྱད་པར་དུ་སོག་མོའི་བྱུང་ཁུངས་དང་ལག་ལེན་སོགས་ ཅུང་རྒྱས་བཤད་གནང་ཡོད། གསུམ་པ་རྒྱུ་ཡི་བོན་བཞིའི་ནང་ཚན་ཕྱྭ་གཤེན་ཐེག་པ་དང་སྣང་གཤེན་ཐེག་པའི་རྣམ་ བཤད་གཙོ་བོ་མོ་རྩིས་གཏོ་དཔྱད་དང་མདོས་གླུད་གཏོ་ཐབས་སོགས་ཀྱི་བྱུངས་ཁུངས་ལོ་ རྒྱུས་ལག་ལེན་སོགས་གནད་དུ་ཁེལ་བ་མཛད་ཡོད་ལ་དེ་དག་ནི་རང་རེའི་སྤྱི་ཚོགས་སུ་ བོན་བན་རྙིང་གསུམ་ཀུན་ལ་ཁྱབ་བསྡད་ཡོད་པ་སྨྲས་མེད་བཞིན། དེ་དག་གི་བྱུངས་ཁུངས་ལོ་རྒྱུས་ཡང་དགའ་ཕྱོགས་དང་ཕྱོགས་འཛིན་ཁོ་ནའི་དབང་དུ་མ་ སོང་བར་ཁུངས་དག་གནའ་རབས་བོན་པོའི་ཡིག་རྙིང་གཤའ་མ་དག་ལ་གཏུགས་ནས་མཛད་ཡོད། གཞུང་པོད་འདི་ལས་བཟོ་རིག་གསལ་བའི་རྒྱན། ཞེས་པ་སྨན་རིའི་རིག་གནས་སྡེ་ཚན་གྱི་ཁྲིད་གཞི་རུ་གཏན་ཕབ་བྱས་ཡོད་པ་དང༌། གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་རིག་གནས་དེབ་ཕྲེང་གསུམ་པ་རུ་པར་ བསྐྲུན་བྱས་ཡོད། །

གསུང་པོད་དྲུག་པ།

རབ་འབྱམས་དཀྱིལ་འཁོར་རྒྱ་མཚོའི་ཞལ་ཐང་གི་བཀོད་པ་དྭངས་ཤེལ་མེ་ལོང༌། སྟོད་ཆ། ཞེས་པའི་ནང་དུ་སྐྱབས་འགྲོའི་ཚོགས་ཞིང་གི་བཀོད་པ་དང༌། བྱ་བ་གཙང་སྤྱོད་ཐེག་པའི་དཀྱིལ་འཁོར། རྣམ་པ་ཀུན་ལྡན་མངོན་ཤེས་ཐེག་པའི་དཀྱིལ་འཁོར། བཀའ་སྲུང་དམ་ཅན་རྒྱ་མཚོའི་ཞལ་ཐང་གི་བཀོད་པ་སོགས་བོན་རྒྱུད་སྡེ་སོ་སོར་ཁུངས་ གཏུགས་ཏེ། འབྲེལ་བཤད་དང་དཔེ་རིས་གཉིས་སྦྲག་བྱས་ཏེ་གསལ་བཀོད་མཛད་ཡོད། །

གསུང་པོད་བདུན་པ།

རབ་འབྱམས་དཀྱིལ་འཁོར་རྒྱ་མཚོའི་ཞལ་ཐང་གི་བཀོད་པ་དྭངས་ཤེལ་མེ་ལོང༌། སྨད་ཆ། ཞེས་པའི་ནང་དུ་གསང་སྔགས་ཀྱི་རྒྱུད་སྡེ་ཆེན་མོ་དངོས་བསྐྱེད་ཐུགས་རྗེ་རོལ་ བའི་དཀྱིལ་འཁོར་གྱི་ཞལ་ཐང་གི་བཀོད་པ་དང༌། ཤིན་ཏུ་དོན་ལྡན་ཀུན་རྫོགས་ཀྱི་ཐེག་པའི་དཀྱིལ་འཁོར། ལུས་སྦྱིན་གཅོད་ཀྱི་དཀྱིལ་འཁོར་གྱི་ཞལ་ཐང་བཀོད་པ་སོགས་ཀྱི་བྱུངས་ཁུངས་དང༌། ལག་ལེན་དཔེ་རིས་བཅས་གསལ་བོར་བཀོད་པ་དང་གཞན་དུ་བདེ་བར་གཤེགས་པའི་ཐུགས་རྟེན་ ཕྱག་མཚན་གྱི་ངོས་འཛིན་བཅས་རྒྱུད་སྡེ་བཞི་ཡི་སྒོ་ནས་འཆད་ཡོད་པ་ནི་དགོས་པ་དང་ དམིགས་ཡུལ་ཆེ་བར་གཟིགས་ནས་འཆད་ཐུན་གྱི་བར་གསེང་རྣམས་སུ་མཛད་པ་ཡིན་གསུངས་ཡོད། །

གསུང་པོད་བརྒྱད་པ།

བསྡུས་རྟགས་དང་ཕར་ཕྱིན་གྱི་སྐོར། གསུང་པོད་འདིའི་ནང་དུ་གཙོ་བོ་མཚན་ཉིད་རིག་པའི་སྐོར་རྩོམ་ཁག་ལྔ་ཡིས་བསྡུས་ ཡོད། རིག་ལམ་བསྡུས་གྲྭའི་རྣམ་བཤད་ངོས་འཛིན་བློ་གསར་འཇུག་སྒོ་དང༌། རྟགས་ཀྱི་རིག་པའི་རྣམ་བཤད་ཚད་མའི་གཞུང་ལ་འཇུག་པ། སྨོན་ལམ་ཡན་ལག་བརྒྱད་པ་ཐར་པའི་ཐེམ་སྐས་ཀྱི་རྣམ་བཤད་སྙིང་པོ་མངོན་པར་གསལ་བ། ཞི་གནས་ལག་ཏུ་ལེན་པའི་ཐབས་མདོ་རྒྱུད་རྒྱ་མཚོའི་དགོངས་བཅུད། འཇུག་སྒྲུབ་ལས་འཕྲོས་པའི་བསམ་གཟུགས་ཀྱི་སྐོར་བཅས་སོ། འདི་ལས་དང་པོ་གཉིས་ནི་དཔལ་ལྡན་སྨན་རིའི་བཤད་གྲྭ་གསར་འཛུགས་ཀྱི་སྐབས་སུ་བོད་ ནས་བོན་གྱི་མཚན་ཉིད་རིག་པའི་དཔེ་ཆ་རྣམས་མ་འབྱོར་རྐྱེན། ཁོང་གིས་བློ་གསར་སློབ་བུ་རྣམས་ལ་ཆེད་དུ་དམིགས་ཏེ་བརྩམས་པར་བཤད། དེ་ལས་དང་པོ་ནི་རིག་པའི་དབང་ཕྱུག་མཁན་ཆེན་ཉི་མ་བསྟན་འཛིན་གྱིས་མཛད་པའི་རིག་ ལམ་བསྡུས་གྲྭའི་རྣམ་བཤད་ལ་འཇུག་པའི་བློ་གསར་ལས་དང་པོ་པ་རྣམས་ལ་ངོས་འཛིན་ གྱི་ཚུལ་དུ་གསུངས་པར་བཤད། གཞན་ཞི་གནས་ལག་ལེན་གྱི་སྐོར་དེ་ཞི་གནས་ཚུལ་ལ་བསླབ་པའི་ཆེད་དང༌། ད་དུང་རྫོགས་ཆེན་གྱི་ལྟ་བ་སོགས་འཁྲུལ་གཞོམ་མང་པོ་ཞིག་གི་ཆེད་དང༌། རྒྱ་ཆེ་བའི་གཞུང་ལུགས་ཀྱི་གདམས་པ་དུ་མའི་ཚུལ་ལ་བརྟེན་ནས་མཛད་ཡོད་འདུག །

གསུང་པོད་དགུ་པ།

དབུ་མའི་རྣམ་བཤད་ཀྱི་སྐོར། འདིར་དང་པོ་ཐེག་པ་ཆེན་པོ་ཡུམ་གྱི་མདོ་དོན་གསལ་བྱེད་སྣང་བ་གསར་པ། ཞེས་པའི་ནང་དུ་གཙོ་བོ་གཞི་ལམ་འབྲས་གསུམ་གྱི་ཁམས་བརྒྱད་ཀྱི་ངོ་བོ་བསྟན་པ་ དང༌། འཁོར་འདས་ཀྱི་བོན་རང་བཞིན་མེད་པ་གཏན་ལ་འབེབ་ཚུལ་སོགས་བསྟན་ཡོད། དཀའ་ཐུབ་རྣམ་བཤད་རྒྱལ་བསྟན་གསལ་བྱེད། ཅེས་པ་རུ་དཀའ་ཐུབ་ཀྱི་ཚུལ་བཤད་པའི་ཁུངས་དང༌། དཀའ་ཐུབ་ཉམས་སུ་ལེན་པའི་ཚུལ། དཀའ་ཐུབ་ཀྱི་དགོས་པ་སོགས་བཤད་དེ་གཞུང་འདི་གཙོ་བོ་དཀའ་ཐུབ་ཀྱི་ཚུལ་ལ་འཇུག་ པའི་སྐབས་སྒོ་གསུམ་གྱི་སྤྱོད་པ་སྤྱི་དང༌། ཁྱད་པར་ཐ་མལ་བའི་རང་བཞིན་ཅན་གྱི་སེམས་རྒྱུད་འདུལ་ཐབས་སུ་དམིགས་ཏེ་མཛད་ཡོད་ འདུག ཐེག་རིམ་གྱི་རྗེས་སུ་འབྲངས་ནས་ཡང་དག་ལྟ་བའི་ལྡོག་ཕྱོགས་མ་རིག་ངོས་འཛིན་གྱི་ ཟིན་བྲིས། ཞེས་པ་དེ་རུ་ལྷ་མི་གཞན་བརྟེན་གྱི་གྲུབ་མཐའི་འདོད་ཚུལ་དང༌། གཤེན་རབ་རྣམ་རྩོད་པ། ཐུགས་རྗེ་སེམས་དཔའ། གཡུང་དྲུང་སེམས་དཔའི་གྲུབ་མཐའ་སོགས་ཀྱི་འདོད་ཚུལ་བསྟན་ཏེ་གཙོ་བོ་ཡང་ཐེག་ ཆེན་དབུ་མའི་ལྟ་བ་སྐོར་ལ་དགག་བཞག་སྤོང་གསུམ་ནན་མོ་གནང་ཡོད། གཞན་ད་དུང་འདུལ་བའི་ལས་ཆོག་རིན་ཆེན་ཐེམ་སྐས་དང༌། སོ་སོ་ཐར་པའི་རྩ་སྡོམ་རྒྱལ་བསྟན་གསལ་བའི་རྒྱན། གབ་མཛོད་ས་གསུམ་གྱི་གཞུང་ཆེན་རྒྱ་མཚོའི་སྙིང་བཅུད་ཚིག་བཀྲ་མུ་ཏིག་ཕྲེང་བ་ སོགས་སྤྱིར་སྡོམ་པོད་འདིར་རྩོམ་ཁག་བཅུ་གཉིས་བཀོད་ཡོད། །

གསུང་པོད་བཅུ་པ།

གསང་བ་སྔགས་ཀྱི་རྣམ་པར་བཤད་པའི་མཆན་དཀའ་འགྲེལ་གསལ་བྱེད། པོད་འདིའི་ནང་དུ་ཐོག་མར་མདོ་སྔགས་ཀྱི་ཐེག་པའི་ཁྱད་པར་དང༌། གཙོ་བོ་འབྲས་བུ་ཐེག་པའི་རྒྱུད་སྡེ་བཞི་ཡི་ཁྱད་པར་གསུངས་ཤིང་ཁྱད་པར་དུ་ཡང་ བྱ་བ་གཙང་སྤྱོད་ཡེ་བོན་གྱི་ཐེག་པ་དང༌། རྣམ་པ་ཀུན་ལྡན་མངོན་ཤེས་ཀྱི་ཐེག་པ། དངོས་བསྐྱེད་ཐུགས་རྗེ་རོལ་བའི་ཐེག་པ། ཤིན་ཏུ་དོན་ལྡན་ཀུན་རྫོགས་ཀྱི་ཐེག་པ་དང་བཅས་རེ་རེ་བཞིན་ཞིབ་ཕྲའི་སྒོ་ནས་ རྒྱས་བཤད་མཛད་དེ། ཡང་སྒོས་སུ་གསང་སྔགས་མཁའ་འགྲོའི་གདམས་སྐོར་ལས་གསུངས་པའི་རྫོགས་རིམ་གྱི་མན་ ངག་བདེ་སྟོང་ཡེ་ཤེས་ངོས་བཟུང་ཚུལ་སོགས། རྣམ་མཁྱེན་སྟོན་པ་རྒྱལ་བ་གཤེན་རབ་མི་བོས་མཛད་པའི་ཐེག་པའི་རིམ་པ་མངོན་དུ་ བཤད་པའི་མདོ་རྒྱུད་ཀྱི་འགྲེལ་བ་འཕྲུལ་གྱི་མེ་ལོང་དགུ་སྐོར་དང༌། གཡུང་དྲུང་ལས་རྣམ་པར་དག་པའི་རྒྱུད། ཁྲོ་བོའི་རྒྱུད་དྲུག ཕུར་པའི་རྒྱུད་དགུ། མ་རྒྱུད་ཐུགས་ཀྱི་ཡང་གབ་ཉི་མའི་རྒྱུད། མ་རྒྱུད་སངས་རྒྱས་རྒྱུད་གསུམ་གྱི་རྩ་འགྲེལ། རྩ་རྒྱུད་གསང་བ་བསེན་ཐུབ་དང་དེའི་འགྲེལ་བ་ཡིད་བཞིན་བཀོད་པའི་རྒྱན། གསང་དོན་རྣམ་འབྱེད་འཕྲུལ་གྱི་སྒྲོན་མེ་སོགས་གཡུང་དྲུང་བོན་གྱི་གསང་སྔགས་ ཀྱི་གཞུང་ཆེན་རྣམས་འགྲེལ་གཞི་རུ་བཟུང་དེ་གཞུང་ཆེན་དེ་དག་གི་དགོངས་པ་ཞིབ་ རྒྱས་སུ་བཀྲལ་བའི་བོན་པོའི་གསང་སྔགས་ཀྱི་རྒྱུད་སྡེ་ཆེན་མོ་ཞིག་ཡིན། །

གསུང་པོད་བཅུ་གཅིག་པ།

མ་རྒྱུད་ཀྱི་འགྲེལ་བའི་སྐོར། འདིར་དང་པོ། མ་རྒྱུད་ཡེ་ཤེས་ཐིག་ལེའི་མཆན་འགྲེལ་ཐར་ལམ་རབ་གསལ། ཞེས་པའི་ནང་དུ་ཡེ་ཤེས་ཆེན་པོའི་གཞི་ལྷུན་གྲུབ་དང༌། གཞི་རང་འབྱུང་ཡེ་ཤེས། དོན་ཐིག་ལེ་ཉག་གཅིག གསལ་བ་རང་རིག་མྱོང་བ། མཆོག་གི་གྲུབ་མཐའི་རང་གཞུང་སོགས་གསང་མཆོག་མ་རྒྱུད་ཀྱི་གཞི་ཡེ་སངས་རྒྱས་པའི་ རྒྱུད་ཀྱི་ཡེ་ཤེས་ཐིག་ལེའི་དཀའ་གནད་དག་གཏན་ཕབ་གནང་ཡོད། གཉིས་པ། སྨིན་ལམ་རིན་པོ་ཆེ་སྲོག་ཤིང་གི་འགྲེལ་བའི་མཆན་འགྲེལ་ལོག་རྟོག་ངན་རྡུལ་སེལ་ བའི་ཁབ་ལེན་རྡོ་ཡི་མཚོན་ཆ། ཞེས་པའི་ནང་དུ་གཙོ་བོ་རྒྱལ་གཤེན་མི་ལུས་བསམ་ལེགས་ཀྱིས་མཛད་པའི་མ་རྒྱུད་ རྒྱུད་གསུམ་གྱི་འགྲེལ་བའི་ནང་གི་དམ་ཚིག་ཐིག་ལེའི་མཆན་འགྲེལ་ཞིག་བཀོད་ཡོད་པ་ ཡིན་ལ། དེའི་ནང་དུ་ཡང་སྨིན་ལམ་དང༌། སྨོན་ལམ་སྨིན་ལམ་གྱི་འཇུག་སྒོ། དམ་ཚིག་སྨིན་པའི་སྲོག་ཤིང༌། དངོས་པོ་སྨིན་པའི་རྟེན་གནས་བཅས་ལ་མཆན་འགྲེལ་གྱི་ཚུལ་དུ་ཁུངས་ལྡན་རྒྱུད་ལུང་ དག་གཞི་བཞག་ནས་རྒྱས་མཛད་གནང་ཡོད། གསུམ་པ། མ་རྒྱུད་ལམ་དྲུག་བར་དོའི་རྣམ་བཤད། ཅེས་པའི་ནང་དུ་ཡང་གནས་པའི་བར་དོའི་སྐབས་སུ་ཆགས་མེད་དྲུག་ལ་སྦྱོང་ཚུལ་འཆི་ ཁའི་བར་དོ་དང༌། གནས་པའི་བར་དོའི་སྒྲ་བཤད་སོགས་བཀོད་ཡོད་པ་འདི་ཡང་ཁོང་གིས་གཞུང་ཐོག་ནས་དཔེ་ ཁྲིད་ལན་འགའ་བྱས་ཀྱང་བློ་རངས་པའི་བཤད་པ་མ་བྱུང་ནས། གཞུང་ལ་ནན་གྱིས་དཔྱད་དེ་བྲིས་པ་ཡིན་གསུངས་ཡོད། བཞི་པ། རྒྱལ་གཤེན་མི་ལུས་བསམ་ལེགས་ཀྱི་མགུར་ཆེན་གཤེན་གླུ་ཞེས་བྱ་བའི་འགྲེལ་བ་ཚངས་ པའི་དབུ་རྒྱན་ཞེས་པའི་ནང་དུ་ཡང་གསང་མཆོག་ཐུགས་རྗེ་ཉི་མའི་བཀའ་ཡི་བསྡུ་བ་པོ་ རྒྱལ་གཤེན་མི་ལུས་བསམ་ལེགས་སྐུ་འཁྲུངས་ནས་ཐོས་བསམ་སྦྱངས་ལུགས་དང༌། བར་དུ་གསང་སྔགས་བསྒོམ་ལུགས། ཐ་མར་སངས་རྒྱས་ལུགས་བཅས་གཤེན་གླུ་ལ་འགྲེལ་བ་ཞིབ་རྒྱས་སུ་གསུངས་ཡོད། མཐར་འཇིགས་པ་བརྒྱད་སྐྱོབས་ཀྱི་རྣམ་བཤད། ཅེས་པའི་ནང་དུ་འཇིགས་པ་བརྒྱད་ལས་སྐྱོབས་ཚུལ་སོགས་རྒྱུད་དོན་བཞིན་བྲིས་གནང་ མཛད་ཡོད་པའོ། །

གསུང་པོད་བཅུ་གཉིས་པ།

ཟིན་བྲིས་དང་ཆོག་ཁྲིགས་ཀྱི་སྐོར། གསུངས་པོད་འདིའི་ནང་དུ་ཕལ་ཆེ་བ་གསང་སྔགས་ཀྱི་ལག་ལེན་དང་འདོན་ཆོག་སོགས་ཀྱི་ སྐོར་ཏེ། དཔལ་ལྡན་སྨན་རིའི་སྒྲུབ་པ་བཅུ་གཉིས་ཀྱི་བཅའ་སྒྲིག་གི་སྐོར་དང༌། དཔལ་ལྡན་བླ་མར་བརྟན་བཞུགས་འབུལ་ཚུལ་གྱི་ཟིན་ཐོ། སྐུ་གསུང་ཐུགས་རྟེན་འབུལ་བའི་ཚིག་ཕྲེང༌། བདེ་སྨོན་འཕྲིན་བཅོལ། སྨོན་ཚིག་བླ་ཆེན་དགོངས་རྒྱན་སོགས་པོད་འདིར་སྐབས་ངེས་མེད་དུ་བརྩམས་པའི་ གསུངས་ཐོར་བུའི་སྐོར་བདུན་ཅུ་ལྷག་ཅིག་བཀོད་ཡོད་པས་འདིར་དེ་དག་རེ་རེ་བཞིན་ ངོ་སྤྲོད་བྱེད་པར་ཡིག་ཚོགས་ལ་ཧ་ཅང་དྭོགས་པས་ཡིན། །

གསུང་པོད་བཅུ་གསུམ་པ།

རྫོགས་ཆེན་གྱི་སྐོར། འདིར་དང་པོ། ཇི་བཞིན་ཉིད་ཀྱི་སྐྱེ་མཆེད་ལ་རྩོད་སྤོང་སྨྲ་བའི་སེང་གེའི་མཆན་འགྲེལ་ལུང་ དོན་རབ་གསལ་སྒྲོན་མེ། ཞེས་པ་འདི་གཙོ་བོ་ཐེག་པའི་རིམ་པ་མངོན་དུ་བཤད་པའི་མདོ་རྒྱུད་ཀྱི་ཆ་ལག་ཇི་ བཞིན་ཉིད་ཀྱི་སྐྱེ་མཆེད་ཀྱི་རྩོད་སྤོང་རྒྱལ་བས་བཀའ་བསྩལ་བ་དེ་ལ་མཆན་འགྲེལ་ གནང་ཡོད་པ་ཞིག་ཡིན། གཉིས་པ། རྗེ་ཏ་པི་ཧྲི་ཙའི་གསོལ་འདེབས་ཀུན་བཟང་ཐུགས་སྤྲུལ་མའི་འགྲེལ་བ་མདོར་བསྡུས་ ཤིག་བཀོད་པ་ཡེ་ཤེས་རབ་འཕེལ། ཞེས་པའི་ནང་དུ་གཙོ་བོ་སྐུ་ཡི་ཆ་བྱད་ཀྱི་བརྡ་དོན་དང༌། གཞི་ཡི་གནས་ལུགས། འཁོར་འདས་ཀྱི་གྲོལ་འཁྲུལ། སྒྲ་འོད་ཟེར་གསུམ་གྱི་སྐྱོན་ཡོན། འགྲོ་བློའི་མུན་པ་བསལ་ཚུལ། འཁོར་འདས་སེམས་སུ་གྲོལ་ཚུལ། འབྲས་བུ་སྐུ་གསུམ་ཐོབ་ཚུལ་སོགས་ཞིབ་ཅིང་ཕྲ་བས་བཀོད་ཡོད། གསུམ་པ། བྱང་སེམས་གབ་པའི་གཞུང་གི་སྤྱི་ཆིངས་རིག་པའི་ལམ་བཟང༌། ཞེས་པའི་ནང་དུ་གཙོ་བོ་རྗེ་ཡི་གབ་འགྲེལ་ཀུན་བཟང་གི་དགོངས་པ་གསལ་བྱེད་ཉི་མའི་ དཀྱིལ་འཁོར་གྱི་དགོངས་པ་བཀྲལ་ཏེ་ལུང་དགུའི་གོ་རིམ་ལ། གཞི་ཤས་ཆེར་གྱི་དབང་དུ་བྱས་པ་གསུམ་དང༌། ལམ་ཤས་ཆེར་གྱི་དབང་དུ་བྱས་པ་གསུམ། འབྲས་བུ་ཤས་ཆེར་གྱི་དབང་དུ་བྱས་པ་གསུམ་སྟེ་དགུ་ཡི་གོ་དོན་དང་གནད་རྣམས་དོན་ བསྡུས་སུ་བྱས་ཏེ་མཛད་ཡོད། བཞི་པ། དྭོགས་སེལ་འགའ་ཞིག་གླེང་བའི་ལེའུ་རིན་ཆེན་གཙག་བུ། ཞེས་པའི་ནང་དུ་གཞི་དངོས་པོ་གཤིས་ཀྱི་འདུག་ཚུལ་དང༌། སྣང་བ་འཆར་ཚུལ། ལྷན་སྐྱེས་མ་རིག་པ་སྐྱེས་ཚུལ་སོགས་དྲི་མེད་ལུང་རིག་ཟུང་འབྲེལ་གྱིས་བྱི་དོར་ དང་བཅས་ཏེ་མཛད་ཡོད་འདུག ལྔ་པ། བོན་སྒོའི་སྤྱི་དོན་ཤ་རིའི་གལ་མདོའི་རྣམ་བཤད་རིག་ལམ་གསལ་བའི་ཉི་མ། ཞེས་པ་འདི་ལོ་པཎ་ཤ་རི་དབུ་ཆེན་གྱིས་མཛད་པའི་བོན་སྒོའི་ཐེག་རིམ་རྣམས་ཀྱི་ བརྗོད་དོན་ཡང་སྙིང་གཏན་ཚིགས་ཀྱི་སྒོ་ནས་གཏན་ལ་དབབ་ཅིང་བརྗོད་དོན་འཁྲུལ་མེད་ དུ་ངེས་བྱེད་གལ་མདོའི་ཏན་ཏྲ་ཞེས་རྒྱུད་ཀྱི་ཚུལ་དང་མིང་ནི་ཉི་མའི་དཀྱིལ་ འཁོར་ཞེས་བྱ་བ་དེའི་ཚུལ་བསྡུས་འགྲེལ་ཞིག་བཀོད་ཡོད་པ་ཡིན་གསུངས་ཡོད་ལ། དེའི་གཞུང་དོན་དུ་ཡང་དང་པོ་ལོ་རྒྱུས་ཀྱི་ལེའུ་དང༌། ཀུན་འབྱུང་གཞི་ཡི་ལེའུ། འཁོར་བའི་ཉེས་སྐྱོན་བསྟན་པའི་ལེའུ་སོགས་གཞུང་གི་དོན་ལ་བསྡོམས་ལེའུ་བཅུ་བཞི་ ཡོད་ལ། དེ་དག་དོན་རེ་རེ་བཞིན་ཞིབ་རྒྱས་སུ་བཀོད་ཡོད་པ་བཅས་པོད་བཅུ་གསུམ་པ་འདིར་བླ་ མེད་རྫོགས་པ་ཆེན་མོའི་བོན་སྐོར་བཅས་རྩོམ་ཁག་ལྔ་ཙམ་བཀོད་ཡོད། །

གསུང་པོད་བཅུ་བཞི་པ།

02ཐོར་རྩོམ་ཕྱོགས་བསྒྲིགས། གསུང་པོད་འདིའི་ནང་དུ་བོན་གྱི་ཆོ་ག་ཕྱག་ལེན་གྱི་སྐོར་དང༌། མདོ་དོན་ལོག་རྟོག་སེལ་བྱེད། འབུམ་གྱི་བཤད་པ། བདེ་ཆེན་རྒྱལ་པོའི་འགྲེལ་པ། མ་རྒྱུད་ཀྱི་འཕོ་བའི་ཟིན་ཐོ། གཟུངས་གཞུག་གི་ལག་ལེན། མཇུག་ཏུ་ཐུན་མོང་མ་ཡིན་པའི་བོན་གྱི་ཕྱག་མཚན་རྣམས་ཀྱི་དཔེ་རིས་ཀྱང་བྲིས་གནང་ ཡོད་པ་བཅས་སོ༌། གསུང་པོད་བཅུ་བཞི་པ་འདི་ཉིད་ཉེ་སྔར་ཉིས་སྟོང་བརྒྱད་ལོའི་ཟླ་བདུན་པའི་ནང་དུ་ སི་ཁྲོན་དཔེ་སྐྲུན་ཚོགས་པ་དང་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་ བསྐྲུན་པ་ཞིག་ཡིན། །
མདོར་ན་སློབ་དཔོན་བསྟན་འཛིན་རྣམ་དག་མཆོག་གི་མཛད་རྗེས་དང་ཁོང་གི་གསུང་རྩོམ་ཕྱོགས་བསྒྲིགས་ཀྱི་ནང་དོན་དང་ཁྱད་བོན་རགས་བསྡུས་ཤིག་མཚམས་སྦྱོར་ཞུས་གྲུབ་སྟེ། མཇུག་ཏུ་ང་ཚོས་ཁོང་གི་ཞང་བོད་མི་རིགས་ཀྱི་རིག་གཞུང་དར་སྤེལ་རྒྱུན་འཛིན་དང༌། རྒྱལ་རབས་ལོ་རྒྱུས་སོགས་གྲུབ་མཐའི་ཕྱོགས་ཞེན་གྱིས་མ་ལྷད་པར་དྲངས་བདེན་གྱི་སྨྱུག་རྒོད་དམ་དུ་བསྣམས་བཞིན་གསུང་པོད་རི་བོའི་གདོས་དང་མཉམ་པ་ཞིག་བརྩམས་ གནང་མཛད་པ་དང༌། ལྷག་པར་དུ་སྐུ་ཚེ་གང་བོར་གཞན་དོན་ཁོ་ན་སྒྲུབ་པའི་རྒྱལ་སྲས་བླ་མེད་ཀྱི་ སྤྱོད་པ་ལ་སློབ་སྦྱོང་དང་རྗེས་སུ་ཡི་རངས་བྱ་བ་ནི་ང་ཚོ་ཐུན་མོང་གི་ལས་འགན་སེམས་སོ།།
ངོ་སྤྲོད་ཞུ་བ་པོ་མར་ནང་ཚང་ཁྲི་གཡུང་དྲུང་།