གཡུང་དྲུང་བོན་གྱི་དྲྭ་རྒྱ།

གསང་བའི་དམ་ཚིག་གི་རྣམ་དབྱེ་གསལ་བ་འོད་ཀྱི་རྒྱན་ཞེས་བྱ་བ་བཞུགས་སོ།

མཛད་པ་པོ། རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན།
བླ་མ་བཀའ་དྲིན་ཅན་གྱི་ཞབས་ལ་གུས་པས་འདུད། གསང་བའི་སྔགས་འཛིན་དབང་དང་དམ་ཚིག་ལྡན། བརྒྱུད་པའི་དཔོན་གསས་རྣམས་ལ་ཕྱག་འཚལ་ལོ། དད་ལྡན་གང་ཟག་རིག་འཛིན་སར་འགོད་ཕྱིར། དམ་ཚིག་རྣམ་གྲངས་ལེགས་པར་བཤད་པར་བྱ། དེ་ལ་འདིར་གང་ཟག་རིགས་ཅན་གསང་སྔགས་ཀྱི་སྒོར་འཇུག་པ་ལ། དམ་ཚིག་གི་རྣམ་དབྱེ་ཤེས་དགོས་ཏེ། དེ་མ་ཤེས་ན་དམ་ཚིག་བསྲུང་བའི་སྤང་བླང་གི་ཁྱད་པར་མི་ཕྱེད། དེ་མ་ཕྱེད་ན་དད་དང་བརྩོན་འགྲུས་ལྡན་ཀྱང་དམ་ཚིག་ཉམས་པའི་ཕྱོགས་སུ་ལྷུང༌། དམ་ཚིག་ཉམས་ན་དབང་ཐོབ་ཀྱང་བསྐྱེད་རྫོགས་ལ་སོགས་ཀྱི་དོན་སྨིན་པར་དཀའ་བས། དམ་ཚིག་གི་རྣམ་དབྱེ་ཤེས་པ་གལ་ཆེའོ། རྩ་བའི་རྒྱུད་ལས་ཀྱང༌། སྤྱིར་ལྟ་སྤྱོད་ཐམས་ཅད་ནི། སྤྲིན་དང་ཁུ་རླང་སྐར་སྤྲིན་དང་འདྲའོ། དམ་ཚིག་འདི་ནི་ཉི་ཟླ་དང་འདྲའོ། །སྤྱིར་བོན་སྒོ་དང་ཐེག་རྒྱུད་ཐམས་ཅད་ནི། །ཤིང་གི་ལོ་འདབ་ཡལ་ག་དང་འདྲའོ། ལྷག་པར་གསང་བའི་དམ་ཚིག་འདི་ནི་དཔག་བསམ་གྱི་སྡོང་པོ་དང་འདྲའོ། སྤྱིར་གསང་སྔགས་ཀྱི་རྒྱུད་ལུང་ནི། སེམས་ཅན་གྱི་ལུས་པོ་དང་འདྲའོ། ཁྱད་པར་རྩ་བ་དང་ཡན་ལག་གི་དམ་ཚིག་འདི་ནི་སྒལ་ཚིགས་ནང་གི་སྲོག་རྩ་དང་འདྲའོ། ཞེས་སོགས་གསུངས་པས།
འདིར་གསང་སྔགས་ཀྱི་དམ་ཚིག་གི་རྣམ་བཞག་ལ་གསུམ་སྟེ། །དམ་ཚིག་གི་རྒྱུ་དང༌། །དམ་ཚིག་གི་རང་བཞིན་དང༌། །དམ་ཚིག་གི་དགོས་པའོ། །དང་པོ་ནི། །དད་མོས་གུས་པས་དབང་སྒོར་འཇུག་པ་ལ་སོགས་སོ། །གཉིས་པ་རང་བཞིན་ལ་གསུམ་སྟེ། །བསྲུང་བའི་ཡུལ་དང༌། སྲུང་བྱེད་ཀྱི་རྟེན་དང༌། །བསྲུང་བྱའི་དམ་ཚིག་གོ། །དང་པོ་ནི། །རྒྱུད་ལས། །དམ་ཚིག་བསྲུང་ཡུལ་ནི། །སྤྱིར་ནི་སྐྱེ་བཞི་འཇིག་རྟེན་དྲུག །ལམ་ལྔ་ས་གསུམ་བྱེ་བྲག་དང༌། །བདག་དང་གཞན་གྱི་འབྲེལ་བ་རྣམས། །ཞེས་གསུངས་པ་བཞིན་ནོ། ཁྱད་པར་དུ་ཡི་དམ་དང༌། །དཔོན་གསས་དང༌། །གཞལ་ཡས་དང༌། །གཤེན་མཆེད་དང༌། །ཡང་གསང་གི་ལྷ་དང་ལྔའོ། །སྲུང་བྱེད་ཀྱི་རྟེན་ནི། །རྒྱུད་ལས། །དམ་ཚིག་སྲུང་བའི་གང་ཟག་ནི། །ཀུན་བཟང་ཐུགས་ཀྱི་ཐིག་ལེ་ལས། །སེམས་ཅན་དོན་དུ་ཕྱུང་པ་ཡིས། །བོན་སྒོ་ཐེག་རྒྱུད་ལྟ་སྤྱོད་ཀྱི། །རྗེས་སུ་རྣམ་པར་འབྲེང་བ་ཡི། །འཇིག་རྟེན་དྲུག་ན་གནས་པ་ཡི། །སྲོག་གིས་བསྡུས་པའི་སེམས་ཅན་གང༌། །བག་ཆགས་སད་ནས་གཡོས་པ་ཡི། །དགའ་དད་མོས་ནས་འདུན་སྤྱོད་པའི། །གང་ཟག་རྐྱེན་གྱིས་སད་པའོ། །ཞེས་གསུངས་པ་དག་གོ། །བསྲུང་བྱའི་དམ་ཚིག་ལ་གསུམ་སྟེ། །ངོ་བོ་དང༌། །རབ་དབྱེ་དང༌། །སྐྱོན་ཡོན་ནོ། །དང་པོ་ལ་གསུམ། །སྤྱིའི་དམ་ཚིག་དང༌། །ལྷག་པའི་དམ་ཚིག་དང། །ཁྱད་པར་གྱི་དམ་ཚིག་གོ། །དང་པོ་ནི། ། ས་མ་ཡ་འབུམ་སྡེ་ཞེས་བྱ་སྟེ། །ས་མ་ཡ་ནི་གསང་བའི་མིང༌། །འབུམ་སྡེ་སྤྱི་ཡི་གྲངས་རྡོ་ཡིན། །ཞེས་གསུངས་པས། །འབུམ་སྡེ་བརྩི་བའི་ལུང་ནི། །འགྲོ་མགོན་བློ་གྲོས་ཀྱི་རྗེས་སུ་འབྲེང་སྟེ། །དེ་ཡང་དུག་ལྔ་དང་སྡིག་བཅུ་ལས་གྱེས་པའི་འབུམ་སྡེ། །ཡུལ་གྱིས་རབ་ཏུ་དབྱེ་སྟེ། །ཡུལ་ནི་དམྱལ་བ་ལ་ཚ་བའི་དམྱལ་བ་བརྒྱད། །གྲང་བའི་དམྱལ་བ་བརྒྱད། །གཉིས་ཚེ་བ་དང༌། །གཉིས་འཁོར་བ་དང་བཅོ་བརྒྱད་དོ། །ཡི་དྭགས་ཀྱི་སྡེ་གསུམ་ནི། །ཡི་དྭགས་ཕྱིའི་སྒྲིབ་པ་ཅན་དང༌། །ནང་གི་སྒྲིབ་པ་ཅན་དང༌། །སྒྲིབ་པ་ཅན་གྱི་སྒྲིབ་པ་ཅན་ནོ། །དུད་མུར་གྱི་སྡེ་གསུམ་ནི། །གནས་ན་སྦྱོང་པའི་བྱོལ་སོང་དང༌། །བར་ན་འཐུམ་པའི་བྱོལ་སོང་དང༌། །མཁའ་ལ་ཐར་པའི་བྱོལ་སོང་ངོ༌། །མི་རིགས་བརྒྱད་ནི། །གླིང་བཞིའི་མི་དང༌། །གཡུང་དྲུང་ཁྱིམ་བདུན་གྱི་མི་དང༌། །འཁོར་ལོ་དབང་བསྒྱུར་གྱི་མི་དང༌། །དྲུམ་ཤིང་བཅུད་འཐུང་གི་མི་དང༌། །མེ་ཏོག་སྦུབས་གནས་ཀྱི་མི་དང་བརྒྱད་དོ། །ལྷ་མིན་སྡེ་བརྒྱད་ནི། །ལྷ་མིན་ཐགས་བཟང་ལ་སོགས་དང༌། །བདུད་དང༌། །རྒྱལ་པོ་དང༌། །གཟའ་སྐར་དང༌། །ཀླུ་དང༌། །གནོད་སྦྱིན་དང༌། །བགེགས་དང༌། །དྲི་ཟ་དང་བརྒྱད་དོ། །གཡེན་ཁམས་སོ་གསུམ་འདིར་འདུས་སོ། །ཁྱད་པར་དུ་དམུ་དང་མཚམས་བདུད་དུ་འདུས། །གཉན་དང་ས་བདག་ཀླུ་ལ་འདུས་པ་སྟེ། །ཀུན་རིགས་ཀྱི་ལུང་གིས་དེ་ལྟར་ངེས་པར་གསུངས་སོ། །ལྷ་རིགས་ཉེར་བདུན་ནི། །འདོད་ལྷ་དྲུག་དང༌། །གཟུགས་ཁམས་བཅུ་བདུན་དང༌། །གཟུགས་མེད་སྐྱེ་མཆེད་མུ་བཞིའོ། །དེ་དག་ཀུན་བསྡོམ་པས་དྲུག་ཅུ་རྩ་བདུན་ནོ། །དེ་དག་རེ་རེ་ལ། །ལུས་དང༌། །སྲོག་དང༌། དབང་ཐང་དང༌། །ངག་དང༌། །ཡིད་དང༌། །ཡོན་ཏན་དང༌། །ཕྲིན་ལས་དང༌། །མདངས་དང༌། །རྒྱན་དང༌། །ནོར་དང་བཅུ་བཅུ་རུ་ཕྱེ་བས་དྲུག་བརྒྱ་དང་བདུན་ཅུའོ། །དེ་ཡང་མེད་པ་མ་རྟོགས་པའི་ཡུལ་དྲུག་བརྒྱ་དང་དྲུག་ཅུ་ལ། །དུག་ལྔ་དང༌། །མི་དགེ་བཅུ་ལ་བཅུར་ཕྱེ་བའི་བརྒྱ་དང་ལྔ་བཅུ་རེ་བསྲུང་བས་དགུ་ཁྲི་དགུ་སྟོང་ཚང་ངོ༌། །དེ་ལ་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་བཅུ་ལ། །སྡིག་བཅུ་ལ་བཅུ་བཅུ་རེ་ཕྱེ་བས་བརྒྱ་རེ་སྲུང་བས་སྟོང་སྟེ། །འབུམ་ཐམ་པའོ། །ཅི་ཡང་མེད་པའི་སྐྱེ་མཆེད་ལ་དུག་ལྔ་མི་བརྩི་བའི་རྒྱུ་མཚན་ནི། །ཅི་ཡང་མེད་པའི་སྐྱེ་མཆེད་ལ། །དུག་ལྔ་སྤངས་པའི་སྡིག་བཅུ་བརྩི། །ཕྱི་མ་དུག་ལྔ་སྡིག་བཅུ་བརྩི། །ཞེས་ཀུན་བཟང་གིས་གསུངས་སོ། །འོ་ན་བསྲུང་ཡུལ་དེ་དག་ལ། །ལ་ལ་གནས་དང་ཡུལ་གྱིས་བསྐལ་པ་དང༌། །ལ་ལ་ལུས་ངག་ལ་སོགས་མེད་པས་བསྲུང་བྱར་འགལ་ལོ་ཞེ་ན། །མ་ཡིན་ཏེ། །ལུང་ལ་བརྟེན་ཏེ་ཀུན་བཟང་གིས་གསུངས་པའོ། །དེ་ལྟར་མིན་ན་སངས་རྒྱས་བས་ཀྱང་མཁས་པར་འགྱུར་ཏེ། །དེའི་སྐྱོན་འགྲོ་བས་སོ། །དེས་ན་སོ་སྐྱེའི་གང་ཟག་གིས། །བསམ་གྱིས་མི་ཁྱབ་ཡེ་ཤེས་ཅན། །དེ་ཡི་མཁྱེན་པ་དཔག་ནུས་མིན། །དགོངས་གཞི་ཡོད་དེ། །སེམས་བསྐྱེད་བསྔོ་སྨོན་གྱི་ཕན་ཡོན་ཐོབ་ནུས་པ་བཞིན་ནོ། །མདོར་བསྟན་ལ་ཡུལ་དུ་སྐྱེ་བཞི་དང༌། །ལམ་ལྔ་དང༌། །ས་གསུམ་ཁམས་གསུམ་བསྲུང་ཡུལ་དུ་བསྟན་པ་རྣམས། །འགྲོ་དྲུག་ལ་སོགས་སུ་བརྩི་མི་དགོས་པའི་རྒྱུ་མཚན་ནི། །ཁམས་གསུམ་སྐྱེ་བཞི་ལམ་ལྔ་ནི། །འགྲོ་དྲུག་སྤྱི་ལ་ཁྱབ་པ་ཡིན། །ཅེས་ཀུན་བཟང་གིས་གསུང་སོ།།
།ལྷག་པའི་དམ་ཚིག་ལ། །བསྡུས་པའི་སྒོ་ནས་བཤད་པའི་གྲངས་དང༌། །རྒྱས་པའི་སྒོ་ནས་བཤད་པའི་གྲངས་གཉིས་སོ། །དང་པོ་ནི། །ལྷག་པའི་དམ་ཚིག་བསྲུང་བའི་ཡུལ་ལྔ་བཅུ་ང་གསུམ་ལ། །དུག་ལྔ་དང་སྡིག་བཅུ་གཉིས་ལ། །བཅུ་བཅུར་ཕྱེ་བའི་ཡུལ་ནི་ཉེར་བརྒྱད་དེ། །དཔོན་གསས་མན་ངག་ལུང་སྟོན་དང༌། །ལྷ་མཆོད་དགེ་བའི་སྡོང་འདེགས་དང༌། །གསས་མཁར་ལྷ་ཡི་གཞལ་ཡས་དང༌། །མཆོད་རྟེན་སྐུ་གདུང་རིང་བསྲེལ་དང༌། །གསུང་རབ་ཡི་གེ་འབྲུ་བཀོད་དང༌། །གལ་མོད་༼མདོ༽་སེལ་བའི་ངེས་རྒྱུད་དང༌། །ལུང་ནི་ཐེ་ཚོམ་གེགས་སེལ་དང༌། །མན་ངག་གསལ་བའི་འཕྲང་སེལ་དང༌། །དཀྱིལ་འཁོར་མཚོན་པའི་གཞལ་ཡས་ཁང༌། །སྔགས་ནི་གཙོ་བོར་༼འཁོར༽སྐོས་འདེབས་དང༌། །འཕྲོ་འདུ་སྦྱོང་ཐོབ་ལྷ་ཡི་འཛབ། །སྙིང་པོ་གསལ་འདེགས་རྒྱུད་བསྐུལ་མཆོག །ལྟ་བ་སེམས་ཀྱི་གནས་གཞི་སྟེ། །སྤྱོད་པ་དགེ་བའི་གཞི་མ་དང༌། །སྒོམ་པ་སེམས་ཀྱི་གསལ་འདེབས་དང༌། །དམ་ཚིག་དགེ་བའི་སྲོག་ཤིང་དང༌། །ཕྲིན་ལས་སོ་སོའི་འཇུག་སྒོ་དང༌། །རྒྱུ་ནི་ཉེར་ལེན་མཐུན་རྐྱེན་དང༌། །རྐྱེན་ནི་ལས་ཀྱི་མཚམས་སྦྱོར་དང༌། །འབྲས་བུ་མཐུན་པའི་དངོས་མཐོང་དང༌། །ཕ་མ་སེམས་ཀྱི་རྟེན་བསྐྱེད་དང༌། །བུ་ཕོ་དང༌། །བུ་མོ་དང༌། །ཚ་བོ་དང༌། །ཚ་མོ་དང༌། ། །གྲོགས་པོ་དང༌། །གྲོགས་མོ་དང༌། །གདུང་རུས་གཅིག་གིས་བསྡུས་པ་དང་ཉེར་བརྒྱད་ལ། །གོང་མ་དེ་བཞིན་དུ། །སྲོག་དང་ལུས་དང་དབང་ཐང་གསུམ། །ངག་དང་ཡིད་དང་ཡོན་ཏན་དྲུག །ཕྲིན་ལས་དང་མདངས་དང་རྒྱན་དང་ནོར་དང་བཅུ་སྟེ་བཅུར་ཕྱེ་བའི་ཉིས་བརྒྱ་དང་བརྒྱད་ཅུ་ལ། །དུག་ལྔ་དང་སྡིག་བཅུ་ལ་བཅུ་བཅུར་ཕྱེ་བའི་བརྒྱ་དང་ལྔ་བཅུ་བསྲུང་བས། །བཞི་ཁྲི་དང་ཉིས་སྟོང་ངོ༌།།
།ཞར་བྱུང་ལྷག་པ་ཉི་ཤུ་རྩ་གསུམ་ནི། །ཡུལ་གྱི་དགེ་ཆའི་གནས་སྟོན་དང༌། །ཡུལ་གྱི་འཁོས་འདིང་གཙོ་བོ་དང༌། །ཡུལ་གྱི་སྤྱི་རྗེ་རྒྱལ་པོ་དང༌། །ཁྲིམས་ཀྱི་ལས་ཆོད་བློན་པོ་དང༌། །དད་འདུན་བསྐུལ་བའི་དགེ་བསྙེན་དང༌། །སངས་རྒྱས་འབྱུང་བའི་གང་ཟག་དང༌། །རང་དང་གཞན་ལ་སློབ་པ་་་དང༌། །རང་དང་གཞན་ལ་འཆད་པ་དང༌། །ཡང་དག་དོན་ལ་བསྙེན་པ་དང༌། །དེ་ཡི་ངང་དུ་བསྒྲུབ་པ་དང༌། །དགེ་བ་ཅན་ལ་དཔྱས་འདོགས་དང༌། །སྡིག་པ་ཅན་ལ་སྨོན་འབུལ་དང༌། །དྲིན་བུ་ཅན་ལ་སྟོང་ཤོམས་དང༌། །ཁས་བླང་ཡལ་བར་གཏོང་བ་དང༌། །རི་བོའི་རྩེ་ནས་སྒྲ་གཏོང་དང༌། །རྒྱ་མཚོའི་ནང་དུ་དུག་སྤྱོད་དང༌། །ཆུ་བོ་ཉིད་ལ་གལ་བསྒྱུར་དང༌། །ནགས་ཚལ་དག་ལ་མེ་གཏོང་དང༌། །པྲ་མོ་ཧ་ཡི་འདུན་ཚོགས་འཇིག༼བཤིགས།༽ །གནས་ཀྱི་འབྲེལ་པ་གང་དག་དང༌། དུས་ཀྱི་དབང་གིས་འབྲེལ་བ་དང༌། །མཁས་བཙུན་ཆེ་བའི་གྲལ་གོང་དང་ཉེར་གསུམ་ལ། །གོང་བཞིན་དུ། །ལུས་དང་སྲོག་དང་དབང་ཐང་གསུམ། །ངག་དང་ཡིད་དང་ཡོན་ཏན་དྲུག །ཕྲིན་ལས་མདངས་དང་རྒྱན་དང་ནོར། །བཅུ་བཅུར་ཕྱེ་བ་ལས། །མི་དགེ་བ་མི་ཕྱེ་བར་རེ་རེ་ལ་བཅུར་བསྲུང་པས། །ཉིས་སྟོང་གསུམ་བརྒྱ་སྟེ། །ལྷག་པ་བཞི་ཁྲི་བཞི་སྟོང་དང༌། །སུམ་བརྒྱ་ཐམ་པ་ཡོད་པ་ཡིན། །ཅེས་པའི་དོན་ཚང་བའོ། །སྡིག་བཅུ་བྱེ་བྲག་ཕྱེ་བའི་བརྒྱ་བརྒྱ་མི་སྟོན་པ་ནི། །སྡིག་པ་བཅུ་སྤངས་བསྲུང་བར་བྱས། །གསུངས་ཤིང༌། །བརྒྱ་སྤངས་ཅེས་བྱེ་བྲག་གི་གསལ་ཁ་མ་བྱོན་པས་སོ་ཞེས་གསུངས་སོ།
།གཉིས་པ་རྒྱས་པར་བཤད་པའི་གྲངས་ནི། །དེ་ལྟར་ན་ལྔ་བཅུ་ང་བཞི་མ་ཐིམ་མོ་ཞེ་ན། །རང་དང་གཞན་ལ་འཆད་པ་གཉིས་དང༌། །རང་དང་གཞན་ལ་སློབ་པ་གཉིས་དང༌། མཁས་བཙུན་ཆེ་བའི་གྲལ་གོང་གཉིས་སུ་ཕྱེ་བས་ཚང་ངོ༌། །དེ་ལ་གཅིག་ལྷག་གོ་ཞེ་ན། །དེ་ནི་སྤྱིར་གསུམ་ལ་འདུས་པས་ང་གསུམ་དང་མི་འགལ་ལ། །དཀྱུས་ཉིད་གསལ་བས་ཀྱང་མི་འགལ་གསུངས་སོ། །དེ་མེད་ན་མདོར་བསྟན་གྱི་གྲངས་དང་འགལ་བས་སོ། །དེ་གསུམ་ལ་སུམ་བརྒྱ་བརྩིས་པས་དྲུག་བརྒྱ་དང༌། །དེའི་སྟེང་དུ་ཁྱད་པར་གྱི་བརྒྱ་དང་སུམ་ཅུ་རྩ་གསུམ་བསྣན་པས་བདུན་བརྒྱ་དང་སུམ་ཅུ་རྩ་གསུམ་ལ། །དེ་ལ་ཟས་གོས་གྲོགས་ཀྱི་བཞི་བཅུ་བསྣན་པས། །དེ་སྤྱི་རུ་དྲིལ་བ་ལ་འབུམ་དང་བཞི་ཁྲི་བཞི་སྟོང་དང༌། །བདུན་བརྒྱ་ལྔ་བཅུ་རྩ་གསུམ་ཡོད། །ཅེས་པའི་གྲངས་ཚང་བའོ།།
།གསུམ་པ་ཁྱད་པར་གྱི་དམ་ཚིག་ལ་གཉིས་ཏེ། །སྤྱིར་བསྡུ་བའི་བཤད་ཚུལ་རྩ་བའི་གྲངས་དང༌། །རྒྱས་པའི་བཤད་ཚུལ་ཁ་བསྐངས་ཀྱི་གྲངས་སོ། །དང་པོ་ནི། །ལྷག་པའི་དམ་ཚིག་རྐྱང་པ་སྟེ། །ཞེས་པའི་དོན་ནི། །སྤྱི་དང་ལྷག་པ་ལས་ཀྱང་ལྷག་པའི་གསང་བ་ཨ་དཀར་གྱི་དམ་ཚིག་ཅེས་པའི་དོན་ནོ། །ལྷག་པའི་དམ་ཚིག་གི་ལྷག་པ་མ་ཡིན་ནོ། །རྐྱང་པ་ནི་གོང་ལྟར་དབྱེ་བ་མེད་པར། །སྤང་བྱ་ལས་ཕྱེ་བ་མེད་པར་གཞུང་ཚིག་དངོས་ལྟར་བརྩི་བས་ན་རྐྱང་པ་ཞེས་བྱའོ། །ཁྱད་པར་དུ་འབྲེལ་ཡུལ་ལ་བསྲུང་བར་ཡང་གསུངས་ཏེ་བརྟགས་པར་བྱའོ། །དེ་ལ་གྲངས་ནི། །ཐེག་བརྒྱད་ལ་བདུན་ཅུ་དོན་གཉིས། །ཨ་དཀར་ལ་རེ་གཅིག་ཏུ་བརྩི་བས་ཁྱད་པར་བརྒྱ་དང་སུམ་ཅུ་རྩ་གསུམ་ཚང་ངོ༌། །དེ་དག་གང་ཞེ་ན། རྩ་བའི་དམ་ཚིག་ལྔ། །ཡན་ལག་གི་དམ་ཚིག་ལྔ། །ཉིང་ལག་ལ། །མི་ནོར་བའི་དམ་ཚིག་ལྔ། །གསང་བའི་དམ་ཚིག་བརྒྱད། །བསྒྱུར་བའི་དམ་ཚིག་ལྔ། །སྤྱད་པའི་དམ་ཚིག་ལྔ། །མཆོད་དང་སྤྱད་པའི་ཡོ་བྱད་གཉིས་སུ་དབྱེ་བས་ཚང་ངོ༌།
།མི་འདའི་དམ་ཚིག་ལྔ། །སྤང་བའི་དམ་ཚིག་ཉི་ཤུ་རྩ་གསུམ་མོ། །གཉིས་པ་རྒྱས་པའི་བཤད་ཚུལ་ནི། །གོང་དུ་བཤད་པའི་སུམ་ཅུ་རྩ་གསུམ་དེ་ལ། །ཤ་ཆང་གཉིས་ལ་བཅུ་རེ། །སྒོག་པ་དང་ཉི་ཤུ་རྩ་གཅིག །གོས་དང་གྲོགས་ལ་བཅུ་རེ་སྟེ། །ཟས་གོས་གྲོགས་ལ་བཞི་བཅུ་ཞེ་གཅིག་དང༌། །དེ་ལ་སྡིག་བཅུ་སྤང་པ་བཅུ་དང༌། །ཁྱད་པར་བརྒྱ་དང་དགུ་བཅུ་བཞི། །ཞེས་པའི་དོན་ནོ། །གཉིས་པ་རབ་དབྱེ་ལ་ལྔ་སྟེ། །གང་ལས་དབྱེ་བའི་གཞི་ནི། །གསང་སྔགས་ཀྱི་དམ་ཚིག་ཙམ་མོ། །གང་དབྱེ་བའི་ངོ་བོ་ནི། །སྤྱི་དང་ཁྱད་པར་ལྷག་པའི་དམ་ཚིག་གོ། །གང་གིས་འབྱེད་པའི་རྒྱུ་མཚན་ལ། །དམིགས་ཡུལ་དང༌། །རྟེན་དང༌། །ངོ་བོའི་སྒོ་ནས་དབྱེ་བའོ། །དང་པོ་ནི། །འགྲོ་དྲུག་ཀུན་ལ་དམིགས་ནས། །དུག་ལྔ་དང་སྡིག་བཅུ་ལ་སོགས་བསྲུང་བ་སྤྱིའི་དམ་ཚིག །དེ་ལས་ཀྱང་བཀའ་ལ་སོགས་ཀྱི་འབྲེལ་བ་དམིགས་ནས་དུག་ལྔ་སྡིག་བཅུ་ལ་སོགས་བསྲུང་བ་ལྷག་པའི་དམ་ཚིག་དང༌། །དེ་ལས་ཀྱང་ལྷ་དཔོན་གསས་མཆེད་གྲོགས་གཞལ་ཡས་ཡང་གསང་གི་ལྷ་ལ་དམིགས་ནས། །རྩ་བ་དང་ཡན་ལག་ཏུ་བསྲུང་བས་ཁྱད་པར་གྱི་དམ་ཚིག་དང་གསུམ་དུ་དབྱེའོ།།
།གཉིས་པ་རྟེན་ལ་ལྟོས་ཏེ་དབྱེ་བ་ནི། །སྤྱིར་གསང་སྔགས་ཐེག་པ་ཆེན་པོ་ཉམས་སུ་ལེན་པ་ལས་ལྟོས་ཏེ་སྤྱིའི་དམ་ཚིག་དང༌། །དེ་ལས་ཀྱང་དངོས་སུ་གཞན་དོན་སྒྲུབ་པ་ལ་ལྟོས་ན་ལྷག་པའི་དམ་ཚིག་དང༌། །བྱེ་བྲག་ཏུ་གསང་སྔགས་ཀྱི་སྙིང་པོ་དྲིལ་ནས་སྒྲུབ་པ་ལ་ལྟོས་ནས་ཁྱད་པར་གྱི་དམ་ཚིག་དང་གསུམ་དུ་དབྱེ་བའོ།
།གསུམ་པ་ངོ་བོའི་སྒོ་ནས་དབྱེ་བ་ནི། །དུག་ལྔ་སྡིག་བཅུ་བསྲུང་བ་སྤྱིའི་དམ་ཚིག་དང། །དུག་ལྔ་དང་སྡིག་བཅུ་ཤས་ཆེར་བསྲུང་བ་ལྷག་པའི་དམ་ཚིག་དང༌། །རྩ་བ་ལྔ་ཡན་ལག་དང་བཅས་ཏེ་བསྲུང་བ་ཁྱད་པར་གྱི་དམ་ཚིག་གིས་དབྱེའོ། །དེ་ཡང་དཔེར་ན་གྱང་དང་ཞལ་དང་རི་མོ་ལྟར་རོ། །ཇི་ལྟར་དབྱེ་བའི་དོན་ནི། །སྤྱིར་རིལ་པོ་གཅིག་དང་ལྡོག་པ་ཐ་དད་ཅི་རིགས་སུ་ཡོད། །ཇི་སྙེད་དབྱེ་བའི་གྲངས་ནི། །རྒྱུ་མཚན་གྱི་ཤུགས་ཀྱིས་ངེས་སོ། །བྱེ་བྲག་གི་གྲངས་ནི་ལུང་ལ་བརྟེན་ནས་ངེས་སོ། །དེ་དག་གི་གྲངས་ཡང་རྩ་བའི་བསྡུས་བའི་ཆ་ནས་འབུམ་ཕྲག་གཅིག་དང༌། །ཁྲི་ཕྲག་བཞི་དང༌། །སྟོང་ཕྲག་བཞི་དང༌། །བརྒྱ་ཕྲག་བཞི་དང༌། །བཅུ་ཕྲག་བདུན་དང༌། །བཅུ་ཕྲག་བཞིའོ། །འབྲིང་དུ་བཤད་པ་ལྟར་ན། །འབུམ་དང་བཞི་ཁྲི་བཞི་སྟོང་དང༌། །བདུན་བརྒྱ་བདུན་ཅུ་རྩ་གསུམ་ཡོད་གསུངས་པ་བཞིན་ནོ། །རྒྱས་པ་ལྟར་ན། །འབུམ་དང་བཞི་ཁྲི་བཞི་སྟོང་དང༌། །བདུན་བརྒྱ་དགུ་བཅུ་གོ་བཞིར་ཡོད། །དེ་ཡང་རྒྱས་བསྡུས་ནི་ཚིག་དངོས་སུ་མི་གསལ་བ། །འབྲིང་པོ་གསལ་བར་བྱུང་ངོ༌། གསུམ་པ་སྐྱོན་ཡོན་ལ་གཉིས། །བསྲུངས་བའི་ཡོན་ཏན། །ཉམས་སམ་མ་བསྲུང་བའི་ཉེས་སྐྱོན་ནི། །དང་པོ་ནི། །བསྲུང་ན་ཐུབ་པའི་ཡོན་ཏན་གྱིས། །ལུས་ཀྱི་དམ་ཚིག་མ་ཉམས་ན། །འདིར་ཡང་ཚེ་རིང་ནད་མེད་ཅིང༌། །ཡིད་འོང་གྲོགས་ནི་ཀུན་དང་ལྡན། །ཡོ་བྱད་ཕུན་སུམ་ཚོགས་པར་འགྱུར། །ཕྱི་མ་ལྷ་སྐུ་ཕྱག་རྒྱ་ཐོབ། །ངག་གི་དམ་ཚིག་མ་ཉམས་ན། །འདིར་ཡང་སེམས་ཅན་ཐམས་ཅད་ལ། །སྙན་པའི་དབྱངས་དང་ལྡན་པ་དང༌། །འགྲོ་བ་ཀུན་ལ་བཀའ་བཙན་ཞིང༌། །ཀུན་དང་མཐུན་ཅིང་སྔགས་དང་ལྡན། །བདེན་པའི་ཚིག་ལ་ཀུན་སྤྲོ་འགྱུར། །ཕྱི་མར་གསུང་རབ་སྡེ་རྒྱུད་ཀྱང༌། །རྒྱ་མཚོ་ལྟ་བུར་སྒྲོགས་པར་གྱུར། ཐུགས་ཀྱི་དམ་ཚིག་མ་ཉམས་ན། །འདིར་ཡང་ཡིད་ལ་བློ་འཁྲུལ་མེད། །ཀུན་དང་ཡིད་མཐུན་བསམ་པ་འགྲུབ། །སྐྱེ་བ་མི་བགྲང་མངོན་སངས་རྒྱས། །ཞེས་སོགས་གསུངས་པ་བཞིན་ནོ། །གཉིས་པ་ལ་གཉིས། །ཉེས་སྐྱོན་དངོས་དང༌། །བཅོས་པའི་ཐབས་སོ། །དང་པོ་ནི། །གསང་བའི་དམ་ཚིག་འདི་མ་བསྲུང་སམ་ཉམས་ན། །ལྟ་བའི་སྲོག་ཆད། །སྤྱོད་པའི་དྲོད་ཡལ། །དགོངས་པའི་མདངས་ཤོར། །རྟོགས་ཚད་ཀྱི་རྒྱུན་ཆད་དེ་འཇིག་རྟེན་དྲུག་གི་གནས་སུ་ཡང་ནས་ཡང་དུ་འཁོར་བ་དང༌། །བདེ་བ་དང་ཐར་པའི་ལམ་རྒྱུན་འགགས་པ་དང༌། །ངན་སོང་དང་གཅོད་སྦྱང་གི་ལས་རྩུབ་མོ་རྣམས་ཉམས་སུ་མྱོང་བར་འགྱུར་རོ། །འདིར་ཡང་སྨྱོ་བ་དང༌། །འབོགས་པ་དང༌། །དབང་པོའི་སྒོ་འགགས་པ་དང༌། །རང་དབང་མེད་པར་སྲིན་པོ་བགེགས་ཀྱིས་དབང་དུ་འགྱུར་ཏེ། །འཁོར་ཉམས་པ་དང༌། །ལོངས་སྤྱོད་རབ་ཏུ་མི་རྟག་པར་འགྱུར་རོ། །ཞེས་སོགས་གསུངས་པ་བཞིན་ནོ། །གཉིས་པ་ཉམས་ན་བཅོས་ཐབས་ལ། །རྩ་བ་ཡན་ལག་གསོ་བ་ཡང་གསུངས་ཀྱང༌། །ཐེག་པ་ཕྱི་ནང་གཉིས་ཀའི་ལུགས་ལ། །ཡན་ལག་ལ་གསོ་བྱར་ཡོད་པ་ནི་སྤྱི་དང་མཐུན་ལ། །རྩ་བ་ཕམ་པ་དང་ལྟུང་བ་ཆེན་པོ་བྱུང་བ་ལ། །གསོ་བ་ཡོད་མེད་ལ་མི་མཐུན་ཏེ། །སོ་ཐར་ལ་གསོ་བས་མི་ཐུབ་པས་བསྐྱར་དགོས་པར་བཤད་ལ། །གསང་སྔགས་ཨ་དཀར་བས་གསོ་བས་དག་པར་འདོད་ལ། །བླ་མེད་པས་མི་དགོས་པར་བཞེད་དེ། །རྩ་བའི་རྒྱུད་ལས། །ཐེག་པ་འོག་མའི་ཚུལ་ཁྲིམས་རྣམས། །ཉམས་ན་སྡོང་པོ་ཆེན་མེས་ཚིག་ལ། །དཀའ་བས་བྱི་དོར་བྱས་གྱུར་ཀྱང༌། །ལོ་འབྲས་སྔོན་པོ་མི་འབྱུང་བཞིན། །དེ་ལ་གསོ་བའི་ཐབས་མ་བསྟན། །ཁྱད་པར་བསྲུང་བའི་དམ་ཚིག་ནི། །ཡེ་བསྲུང་ཆེན་པོའི་དོན་རྟོགས་པས། །གསེར་རྡོ་མེ་རུ་བསྲེག་པ་བཞིན། །གསོ་བར་དགོས་པ་ངས་མ་བཤད། །ཨ་དཀར་གསང་པའི་དམ་ཚིག་ནི། །དཔེར་ན་མེ་ལོང་གཡས་བསྒྲིབས་སམ། །རིན་ཆེན་བུམ་པ་ཞོམ་པ་བཞིན། །བསྲང་ཞིང་ཕྱིས་པས་སོབ་པ་ལྟར། །ཐབས་དང་རྫུ་འཕྲུལ་ཁྱད་པར་གྱིས། །ལྟ་དགོངས་སྤྱོད་པ་རླབས་ཆེན་གྱིས། །མཆོད་ཚོགས་བཤམས་ནས་བསྲུང་ཐུབ་ན། །ཉེས་ལྟུང་མེད་པར་ང་ཡིས་བཤད། ཅེས་གསུངས་པས། །གསང་སྔགས་ཨ་དཀར་ཐེག་པ་རྣམས། །ལྟ་དགོངས་ཨ་ཅང་ཆེ་སྟེ། །ཚོགས་དང་བཤགས་པ་ལ་འབད་པར་བྱའོ།
།གསུམ་པ་དགོས་པ་ནི། །དེ་ཁོ་ན་ཉིད་ཀྱི་དོན་རྟོགས་ན། །བདག་དོན་ལྷུན་གྱིས་གྲུབ་ཅིང་གཞན་དོན་མཐར་ཕྱིན་པ་ལ་སོགས་ཀྱི་དགོས་པ་ཡོད་དེ། །དམ་ཚིག་བསྲུང་བའི་དགོས་པ་ནི། །ཐེག་པ་ཆེན་པོ་གསང་བ་དང༌། །ཡང་གསང་རབ་ཏུ་གསང་བ་ཡི། །།དམ་ཚིག་དག་གི་རང་ངོས་ནས། །ཆགས་སྡང་ལྔ་ལས་བསྐྱེད་པ་ཡིས། །དྲག་རྩུབ་ལས་རྣམས་གང་སྤྱོད་ཀྱང༌། །སྤྱོད་ཆག་སྤྱོད་ལ་མི་ཆགས་ཤིང༌། །ཆགས་ལ་དམིགས་པ་མེད་པ་དང༌། །མི་ཉམས་ཉམས་ཀྱང་འགལ་མེད་པའི། །བསྲུངས་དེ་མ་བསྲུང་བསྲུང་འགྲུབ་པའི། །ཆེད་དང་དབང་གི་དེ་ཉིད་དོ། །ཞེས་སོགས་གསུངས་པ་བཞིན་ནོ། །གནས་སྐབས་སུ་བཤད་པའི་དགོས་པ་ཡང༌། །དམ་ཚིག་གི་ངོ་བོ་དང་རང་བཞིན་དང་སྐྱོན་ཡོན་ལ་སོགས་རྣམ་དབྱེ་ཤེས་ན། །དམ་ཚིག་གི་རྒྱུའི་གཙོ་བོ། །དབང་སྒོར་ལེགས་པར་བརྟག་ཅིང༌། །བླ་མ་དང་བླ་མ་དམ་པའི་ཁྱད་པར་ཤེས་ནས། །བླ་མ་དམ་པ་བསྟེན་པ་ལ་སོགས་ཀྱི་དགོས་པ་ཡོད་དོ། །དབང་དམ་ཚིག་གི་ཁྱད་པར་མི་ཕྱེད་པའི་གསང་སྔགས་པ་ཡིན་པར་རློམ་པ་ནི། །མིག་མེད་གཡང་ཁར་བཞག་ན་ལྟུང་བ་བཞིན་ཏུ་དད་པ་དང་བརྩོན་འགྲུས་ལྡན་ཀྱང་འགལ་ལྟུང་གི་ཕྱོགས་སུ་འགྲོ་བར་འགྱུར་རོ། །རི་བོང་ཅལ་གྱིས་རྒྱུག་པ་བཞིན། །དོན་མེད་ལག་སྟོང་འབུད་ཉེན་ཡོད་པས་བག་ལྡན་མཛོད། །དབང་གི་ལས་ནི་དམ་ཚིག་ལ་གནས་པ་ཡིན། །དམ་ཚིག་དང་ལྡན་པའི་སྐྱེས་བུ། །གསང་སྔགས་ཟབ་མོ་ལ་བརྟེན་པ་ནི། །ཚེ་འདིར་སངས་རྒྱས་ཐོབ་པའོ། །དེའི་ཕྱིར་དམ་ཚིག་ལ་རབ་ཏུ་གནས་པར་མཛོད་ཅིག །སྤྱི་ཡི་དམ་ཚིག་འབུམ་སྡེ་ལ། །ལྷག་པ་བཞི་ཁྲི་བཞི་སྟོང་དང༌། །བརྒྱ་ཕྲག་དྲུག་ཏུ་རྣམ་པར་དབྱེ། །ཁྱད་པར་བརྒྱ་དང་དགུ་བཅུ་བཞི། །དེ་དག་ཀུན་ལ་འབུམ་ཕྲག་གཅིག །ཁྲི་ཕྲག་བཞི་དང་སྟོང་ཕྲག་བཞི། །བརྒྱ་ཕྲག་བདུན་དང་དགུ་བཅུ་བཞི། །རབ་ཏུ་རྣམ་པར་དབྱེ་བ་ཡིན། །བསྡུས་པའི་ཚིགས་སུ་བཅད་པའོ། །རྒྱལ་བའི་ལུང་དང་མཁས་པའི་བཀའ། །དཔང་པོར་བཞག་ནས་རྒྱུད་ཀྱི་དོན། །ལེགས་པར་བསྡུས་ཏེ་གོ་བདེ་བར། །རང་གཞན་ཕྱིར་དུ་བརྩོན་པས་བསྡེབས། །གལ་ཏེ་ནོངས་སྲིད་གང་ཡིན་པ། །སྐྱབས་ཡུལ་གཉན་ལ་རབ་ཏུ་བཤགས། །དགེ་བས་འགྲོ་བ་ཇི་སྙེད་པ། །ཡེ་བསྲུང་ཆེན་པོའི་དོན་ལྡན་ནས། །འགྲོ་ལ་ཐུགས་རྗེའི་རྒྱུན་འབྱུང་ཤོག །ཅེས་པའི་ཚུལ་འདི་ནི་གཤེན་གྱི་དྲང་སྲོང་ཤེས་རབ་རྒྱལ་མཚན་གྱིས། །བཀྲ་ཤིས་སྨན་རིའི་ཁྲོད་དུ་སྦྱར་བ་དགེའོ། །དགེའོ། །དགེའོ།། །།