གཡུང་དྲུང་བོན་གྱི་དྲྭ་རྒྱ།

རྒྱལ་སྤྱིའི་བོད་ཀྱི་རིས་མེད་ཆོས་བརྒྱུད་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་བཞི་པ་དེ་བྱང་ཨ་རིའི་ཁེ་ལི་ཕོར་ནི་ཡར་ཚོགས་པ།

IMG_2555རྒྱལ་སྤྱིའི་བོད་ཀྱི་རིས་མེད་ཆོས་བརྒྱུད་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་བཞི་པ་དེ་ཕྱི་ཟླ་༦ཚེས་ ༡༡།༡༢ ཏེ་ཉིན་གཉིས་རིང་ལ་ཁེ་ན་ཌ་དང་ཨ་རིའི་ནང་བཞུགས་ཆོས་བརྒྱུད་རིས་མེད་ཀྱི་བླ་སྤྲུལ་དགེ་བཤེས་ཁག་ཅིག་བྱང་ཨ་རིའི་ཁེ་ལི་ཕོར་ནི་ཡའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཁང་སྡེ་བཞི་ཕུན་ཚོགས་གླིང་དུ་ཚོགས་ཡོད་འདུག ཚོགས་འདུའི་ཉིན་དང་པོར་ས་གནས་ཀྱི་ཆུ་ཚོད་༩ཐོག་ཏུ་ལྷན་ཚོགས་ཀྱི་ཚོགས་གཙོ་སྨན་རིའི་དགེ་བཤེས་བསྟན་འཛིན་དབང་རྒྱལ་རིན་པོ་ཆེ་ནས་སྣང་གསལ་མར་མེ་ཞལ་འབྱེད་གནང་སྟེ་ཚོགས་བཅར་བ་ལྷན་ནས་འཕྲལ་ཕུག་ཀུན་ཏུ་དགེ་བའི་ཞལ་འདོན་གསུངས།

དེ་ནས་ཚོགས་གཙོས་ཚོགས་འདུའི་ངོ་སྤྲོད་དང་འབྲེལ་བའི་གསུང་བཤད་གནང་། བྱང་ཨ་རིའི་ཁེ་ལི་ཕོར་ནི་ཡའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་དཀོན་མཆོག་བཀྲ་ཤིས་ལགས་ཀྱིས་གསུང་བཤད་གནང་། ཁོང་གིས་ཚོགས་འདུ་འདི་བཞིན་ས་གནས་བོད་རིགས་མི་མང་གི་ལངས་ཕྱོགས་དང་མཐུན་པ་ཞིག་ཡིན་པ་དང་། བོད་ཀྱི་ཆོས་བརྒྱུད་ཁག་སྔར་ལྷག་ཐུགས་མཐུན་དམ་གཙང་ཡོང་བའི་རླབས་ཆེན་གྱི་ལས་འགུལ་དེ་ས་གནས་འདི་ནས་འགོ་འཛུགས་གནང་ཐུབ་པ་བྱུང་བ་དེ་ང་ཚོ་ས་གནས་ངོས་ནས་སྤོབས་པ་སྐྱེ་འོས་པ་ཞིག་རེད་ཅེས་དང་།
ང་ཚོའི་ས་གནས་ངོས་ནས་སྔར་ནས་ཚང་མ་ལ་འདྲ་མཉམ་བྱེད་ཀྱི་ཡོད་ལ། ལྷན་ཚོགས་འདི་ལ་རྒྱབ་སྐྱོར་མུ་འཐུད་བྱ་རྒྱུ་ཡིན། ཚོགས་གཙོ་སྨན་རིའི་དགེ་བཤེས་བསྟན་འཛིན་དབང་རྒྱལ་རིན་པོ་ཆེ་ནས་བོད་ཀྱི་སློབ་གྲའི་ཆེད་དུ་དཔལ་འབྱོར་གྱི་རོགས་སྐྱོར་གནང་གི་ཡོད་པས་ཁོང་ལ་དམིགས་བསལ་ས་གནས་བོད་རིགས་མཐུན་ཚོགས་ངོས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་གསུངས།
དེ་ནས་ཚོགས་གཞོན་པ་མཁན་པོ་བྱམས་པ་མཆོག་གི་ཚོགས་འདུའི་དབུ་འཛུགས་གནང་ནས་གྲོས་གཞི་རྣམས་རིམ་བཞིན་བགྲོ་གླེང་གནང་། ཕྱི་ཉིན་སྔ་དྲོ་ཆུ་ཚོད་༩ཐོག་ཚོགས་གཙོ་དགེ་བཤེས་བསྟན་འཛིན་དབང་རྒྱལ་ནས་ཚོགས་འདུའི་སྟངས་འཛིན་གནང་སྟེ་བགྲོ་གླེང་གནང་། ཉིན་རྒྱབ་མཚན་སྒྲོགས་སྤྲུལ་སྐུ་རིན་པོ་ཆེ་ཚོགས་འདུའི་སྟངས་འཛིན་གནང་སྟེ་གྲོས་གཞིའི་ཐོག་ལ་བགྲོ་གླེང་མུ་མཐུད་གནང་ཡོད་འདུག

ཚོགས་འདུའི་བརྗོད་གཞི་གཙོ་བོ་ནི་༧གོང་ས་མཆོག་གི་དགོངས་གཞི་འགན་ཁུར་གསུམ་གྱི་ནང་ནས་ཆོས་ལུགས་མཐུན་སྒྲིལ་གྱི་དགོངས་པ་དང་བླང་ཐོག ཨ་རི་གཙོས་པའི་ནུབ་ཕྱོགས་སུ་གནས་འཁོད་བོད་བརྒྱུད་ཆོས་ལུགས་ཁག་གི་བླ་མ་རྣམས་མཐུན་སྒྲིལ་དང་ནུབ་ཕྱོགས་སུ་ནང་ཆོས་དར་སྤེལ་གཏོང་ཕྱོགས་སྐོར་དང་། དེའི་སྐོར་ལ་དཀའ་ངལ་དང་ཉམས་མྱོང་གི་བསླབ་བྱ་སྤེལ་རེས་དང་། ཆོས་ཁྲིད་གནང་མཁན་རྣམ་པས་ཆོས་ཁྲིད་ཀྱི་ཞོར་ནས་ཆོས་བརྒྱུད་གཞན་ལ་སྐྱོན་བརྗོད་དང་ཟུར་ཟ་མི་ཡོང་བ་གཟབ་གནན་གནང་གལ་ཆེ་བ་དང་། ཆོས་བརྒྱུད་ཁག་གི་བླ་མ་དགེ་རྒན་རྣམ་པས་བོད་ཕྱི་ནང་གང་སར་བོད་ཀྱི་ཆོས་བརྒྱུད་ཁག་ལ་ཤེས་རྟོགས་དང་མཐུན་ལམ་ཡོང་བའི་ལངས་ཕྱོགས་འཛིན་རྒྱུ་དེ་དགེ་མཚན་ཆེ་སྐོར་གླེང་སློང་ཤུགས་ཆེན་གནང་།
དེ་འབྲེལ་ལྷན་ཚོགས་འདིའི་ཐོག་ནས་བོད་ཕྱི་ནང་གཉིས་ཀར་འཕྲིན་ཕྲན་དྲ་ལམ་གྱི་བརྒྱུད་ནས་དུས་རབས་ཉེར་གཅིག་པའི་འགྲོས་དང་སྒོ་བསྟུན་ཏེ་བོད་ཀྱི་ཆོས་བརྒྱུད་ཁག་ཕན་ཚུན་མཐུན་ལམ་དང་གོ་རྟོགས་སྔར་ལྷག་ཡོང་བའི་ལས་དོན་སྒྲུབ་བཞིན་ཡོད་པ་དེ་ཕན་རླབས་ཆེན་པོ་ཞིག་འབྱུང་བཞིན་ཡོད་པ་དང་དེའི་ཐོག་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་དང་། ཆོས་བརྒྱུད་རིས་མེད་ཚོགས་པ་འདི་མུ་མཐུད་ཡར་རྒྱས་གཏོང་ཕྱོགས་སྐོར་བཅས་དོན་ཚན་ལྔ་ཅན་གྱི་གྲོས་གཞི་ལ་ཚོགས་བཅར་བ་རྣམས་ཀྱིས་ཉིན་གཉིས་རིང་བགྲོ་གླེང་ལྷུག་པོ་གནང་ཡོད་པ་རེད།
ཐེངས་འདིའི་རྒྱུན་ལས་གསར་རྙིང་བརྗེ་ལེན་དེ་འཕྲིན་ཕྲན་ཚོགས་པ་བརྒྱུད་བགྲོ་གླེང་གང་འཚམ་རེ་གནང་སྟེ་གང་མགྱོགས་ཀྱིས་ཐག་གཅོད་བྱ་རྒྱུ་བཅས་ཀྱི་གྲོས་མཐུན་བྱུང་ནས་རྗེས་མའི་ཚོགས་འདུ་དེ་ཨ་རིའི་ས་གནས་སི་ཨེ་ཊེལ་ལ་ཚོགས་གཏན་ཁེལ་ནས་ཚད་མེད་ཡོན་ཏན་སྨོན་ལམ་གྱིས་མཚམས་སྦྱར་ནས་ལྷན་ཚོགས་ཀྱི་ཚོགས་གཞོན་མཁན་པོ་བྱམས་པ་ལགས་ཀྱིས་ཚོགས་འདུའི་མཇུག་སྡོམ་གནང་སྟེ་རིས་མེད་ཆོས་བརྒྱུད་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་བཞི་པ་དེ་རྒྱལ་ཁའི་ངང་ལེགས་གྲུབ་བྱུང་བ་བཅས་ཀྱི་གནས་བསྡུས།།