གཡུང་དྲུང་བོན་གྱི་དྲྭ་རྒྱ།

རྙིང་མའི་རྫོགས་ཆེན་གྱི་བྱུང་ཁུངས་བརྒྱུད་པའི་བླ་མའི་སྐོར་ཇི་ལྟར་ཡིན་ཚུལ་རོབ་ཙམ་བརྗོད་པ།

IMG_5225སྟོན་པ་ཤཱཀྱ་ཐུབ་པ་སྐུ་མི་རྟག་མྱ་ངན་ལས་འདས་ནས་ལོ་སུམ་བརྒྱ་དང་དྲུག་ཅུ་ཕྱིན་དུས། ཨོ་རྒྱན་གྱི་ཡུལ་དྷ་ན་ཀོ་ཤའི་གླིང་བྱ་བ་ན། སུ་དྷ་ར་མར་འབོད་པའི་དགེ་སློང་མ་ཞིག་ལས་ཕ་སུ་ཡིན་ངོས་བཟུང་མེད་པའི་ཁྱད་དུ་འཕགས་པའི་སྲས་པོ་ཞིག་འཁྲུངས་སོ། ཁྱེའུ་དེ་ཆེར་སྐྱེས་ནས་ལོ་བདུན་ཙམ་ན་ཨུ་པ་རཱ་ཛ་ཞེས་པའི་རྒྱལ་པོ་ཞིག་ལ་མཆོད་གནས་པཎྜི་ཏ་ལྔ་བརྒྱ་ཡོད་པས་དེར་ཕེབས་ནས་དྲི་བ་གང་དྲིས་ཀྱང་ཁྱེའུས་དྲི་ལན་ཐོགས་པ་མེད་པར་གནང་བས་མཁས་པ་ཀུན་གྱི་ཐུགས་དགྱེས་པར་མཛད། རྒྱལ་པོ་ཡང་དགྱེས་ནས་ཁྱེའུའི་མཚན་ལ་དགའ་རབ་རྡོ་རྗེ་གསོལ། དེ་ནས་ལོ་སོ་བདུན་བར་མཚམས་ལ་བཞུགས་ནས་ཏིང་ངེ་འཛིན་བསྒྲུབས། དེ་ནས་ཕྱག་ན་རྡོ་རྗེ་ལ་རང་བཞིན་རྫོགས་པ་ཆེན་པོའི་ཆོས་གསན་ནས་དེ་དག་གླེག་བམ་ན་བཀོད་དེ་མཁའ་འགྲོ་མ་རྣམས་ལ་གཏད། དེ་རྗེས་འཇམ་དཔལ་བཤེས་གཉེན་གྱིས་དགའ་རབ་རྡོ་རྗེ་དང་མཇལ་ནས་ལོ་བདུན་ཅུ་དོན་ལྔའི་བར་དུ་རྫོགས་པ་ཆེན་པོའི་ཆོས་ཉན་པར་མཛད། དེ་ནས་སློབ་དཔོན་དགའ་རབ་རྡོ་རྗེ་ཟག་ཕུང་མི་མངོན་པར་བྱས་ནས་མྱ་ངན་ལས་འདས་སོ།

དེ་དུས་སྟོན་པ་ཤཀྱཱ་ཐུབ་པ་མྱ་ངན་ལས་འདས་ནས་ལོ་ལྔ་བརྒྱ་དང་བཞི་ཅུ་ཞེ་བཞི་སོང་བར་བཤད་པས། དེ་ལྟར་ན་དགའ་རབ་རྡོ་རྗེ་དགུང་ལོ་བརྒྱ་དང་བརྒྱད་ཅུ་གྱ་བཞི་བཞུགས་པར་གསལ། དེ་ནས་འཇམ་དཔལ་བཤེས་གཉེན་གྱིས་ལོ་བརྒྱ་དང་རྩ་དགུའི་བར་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་པར་གྲགས། དེ་ནས་རྒྱ་ནག་ནས་ཤྲཱི་སེངྷ་ཞེས་བྱ་བ་དེ་རྒྱ་གར་ལ་ཕེབས་ནས་སློབ་དཔོན་འཇམ་དཔལ་བཤེས་གཉེན་དང་མཇལ། དེ་ཡང་ཤྲཱི་སེངྷ་ལོ་བཅོ་ལྔ་ནས་བཅོ་བརྒྱད་བར་ལོ་གསུམ་རིང་རིག་པའི་གནས་ལྔ་ལ་མཁས་པར་སྦྱངས། དེ་ནས་ལོ་བདུན་རིང་གསང་སྔགས་ལ་དཔྱིས་ཕྱིན་པར་སྦྱངས། དེ་ནས་ལོ་བདུན་ཅུ་རྩ་གཉིས་བར་ལ་དོན་མེད་སྟོང་པར་འདུག་ཅེས་བཤད་པས་དེའི་རིང་ཆོས་ཕྱོགས་ཀྱི་བྱ་བ་གང་ཡང་མ་མཛད་པར་འཇིན་རྟེན་གྱི་བྱ་བྱེད་ལ་གཡེང་བར་སེམས། དེ་ནས་རྒྱ་ནག་པོ་སོ་ཡར་ཞེས་བྱ་བར་རབ་ཏུ་བྱུང་ནས་ལོ་སུམ་ཅུར་ཁྲིམས་སྲུང་བར་བཤད། དེ་ནས་རྒྱ་གར་ལ་འགྲོ་རྒྱུའི་ཐུགས་དགོངས་འཁྲུངས་ཀྱང་ལོ་བཅུ་ཙམ་ཕྱིར་འགྱངས་སོ། དེ་ནས་ལོ་གསུམ་རིང་རྫུ་འཕྲུལ་ཞིག་བསྒྲུབས་པས་གྲུབ་བོ།། དེ་ནས་རྒྱ་གར་ལ་ཕྱིན་ནས་འཇམ་དཔལ་བཤེས་མཉེན་དང་མཇལ། དེ་དུས་ཁོང་དགུང་ལོ་བརྒྱ་ལྷག་ཕྱིན་པར་མངོན། དེར་ལོ་ཉེར་ལྔའི་རིང་གདམས་པ་ཞུས། དེ་ནས་འཇམ་དཔལ་བཤེས་གཉེན་ཕུང་པོ་ལྷག་མ་མེད་པར་མྱ་ངན་ལས་འདས་སོ།།

དེ་དུས་སྟོན་པ་ཤཀྱཱ་ཐུབ་པ་མྱ་ངན་ལས་འདས་ནས་ལོ་བརྒྱད་བརྒྱ་དང་སུམ་ཅུ་ཕྱིན། དགའ་རབ་རྡོ་རྗེ་འདས་ནས་ལོ་ཉིས་བརྒྱ་དང་བརྒྱད་ཅུ་གྱ་དྲུག་ཕྱིན། དེས་འཇམ་དཔལ་བཤེས་གཉེན་དགུང་ལོ་མ་མཐའ་བཞི་བརྒྱ་ལ་ཉེ་བ་བཞུགས་ཡོད་པར་དཔོག་ཐུབ། དེ་ནས་ཤྲཱི་སེངྷ་ཕྱིར་རྒྱ་ནག་ལ་ཕེབས་སོ།། དེ་རྗེས་རྒྱ་གར་པ་བི་མ་ལ་མི་ཏྲ་རྒྱ་ནག་ལ་ཕེབས་ནས་ཤྲཱི་སེངྷ་དང་མཇལ་ནས་ལོ་ཉི་ཤུའི་བར་སྙན་རྒྱུད་ཀྱི་མན་ངག་ཞུས། འོན་ཀྱང་དཔེ་རྣམས་མ་གནང་བར་བཤད། དེ་ནས་བི་མ་ལ་མི་ཏྲ་རྒྱ་གར་དུ་ཚུར་ཕེབས། དེ་རྗེས་ཛྙཱ་ན་སུ་ཏྲ་ཡང་རྒྱ་ནག་ལ་ཕེབས་ནས་ཤྲཱི་སེངྷ་དང་མཇལ་ནས་ལོ་དགུའི་བར་དུ་སྙན་རྒྱུད་ཀྱི་གདམས་པ་ཞུས། བྱང་ཆུབ་ཤིང་དྲུང་ནས་དཔེ་རྣམས་བཏོན་ནས་གནང་། སྤྲོས་པ་མེད་པའི་དབང་རྣམས་རྫོགས་པར་མནོས། དེ་ནས་ཤྲཱི་སེངྷ་ཕུང་པོ་ལྷག་མ་མེད་པར་མྱ་ངན་ལས་འདས། ཛྙཱ་ན་སུ་ཏྲ་རྒྱ་གར་ལ་ཚུར་ཕེབས་ནས་བི་མ་ལ་མི་ཏྲ་དང་ལྷན་དུ་འཛོམས་ནས་བི་མས་ཛྙཱ་ན་སུ་ཏྲ་ལ་སླར་ཡང་ལོ་བཅུ་བཞིའི་བར་དུ་གདམས་པ་ཞུས་པར་བཤད། དེ་ནས་ཛྙཱ་ན་སུ་ཏྲ་ཕུང་པོ་ལྷག་མེད་དུ་མྱ་ངན་ལས་འདས་སོ། དེ་དུས་སྟོན་པ་ཤཀྱཱ་ཐུབ་པ་མྱ་ངན་ལས་འདས་ནས་ལོ་དགུ་བརྒྱ་དང་དགུ་ཅུ་རྩ་བཞི་ཕྱིན་ཡོད། དེ་ནས་ལོ་བརྒྱད་ཅུ་གྱ་དྲུག་སོང་མཚམས་བི་མ་ལ་མི་ཏྲ་བོད་ལ་ཕེབས་ནས་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་དང་མཇལ།

སྐབས་དེར་བི་མ་ལ་མི་ཏྲ་དགུང་ལོ་སུམ་བརྒྱ་ཡིན་པ་དང་སྟོན་པ་ཤཀྱཱ་ཐུབ་པ་མྱ་ངན་འདས་ནས་ལོ་སྟོང་དང་བརྒྱད་ཅུ་ལོན་པར་གྲགས། བི་མ་ལ་མི་ཏྲ་ལོ་བཅུ་གསུམ་བོད་ལ་བཞུགས་པར་གསལ། མཐར་ཁོང་གིས་དཔེ་ཆ་རྣམས་གཏེར་ལ་སྦས་རྗེས་རྒྱ་ནག་ལ་ཕེབས་པར་བཤད། དེ་རྗེས་སྟོན་པ་ཤཀྱཱ་ཐུབ་པ་མྱ་ངན་ལས་འདས་ནས་ལོ་སྟོང་དང་སུམ་བརྒྱ་ལྔ་བཅུ་ང་བརྒྱད་ཕྱིན་དུས་ལྡང་མ་ལྷུན་གྱིས་རྒྱལ་མཚན་གྱིས་གོང་དུ་སྦས་པའི་དཔེ་རྣམས་གཏེར་ལས་བཏོན། གཏེར་སྦས་ནས་མ་བཏོན་བར་ལོ་༢༦༥སོང་འདུག་ཀྱང་དུས་རབས་ག་དུས་ཡིན་མིན་དཔྱད་དགོས། དེས་ན་དགའ་རབ་རྡོ་རྗེ་འཁྲུངས་ནས་བི་མ་ལ་མི་ཏྲས་བོད་དུ་སྙན་རྒྱུད་ཀྱི་དཔེ་རྣམས་གཏེར་ལ་སྦས་པའི་བར་ལོ་༧༣༣ཕྱིན་ཡོད། དེའི་རིང་བླ་རབས་བཞི་སོང་བ་ནི། དགའ་རབ་རྡོ་རྗེ་དང་། འཇམ་དཔལ་བཤེས་མཉེན། ཤྲཱི་སེངྷ། བི་མ་ལ་མི་ཏྲ་བཅས་སོ། ཛྙཱ་ན་སུ་ཏྲ་ནི་བི་མ་དང་དུས་མཉམ་ཡིན་པས་བླ་རབས་ལོགས་སུ་བགྲང་མེད། བི་མ་ལ་མི་ཏྲ་ནི་དུས་རབས་བརྒྱད་པའི་ནང་དུ་ལོ་རྒྱུས་ཐོག་ཏུ་བྱུང་བའི་མཁས་པ་ཞིག་ཡིན་པ་ཡོངས་གྲགས་རེད། ལོ་བདུན་བརྒྱ་ལྷག་གི་རིང་བླ་རབས་བཞི་རིམ་པས་འགྲོ་ཚུལ་འདི་ནི་དངོས་གཙོ་རིག་པ་བའི་དཔྱད་ཚུལ་ལ་གཞིགས་ན་ཡོང་ཡག་མེད་པ་རེད་སྙམ།

འོན་ཀྱང་དག་སྣང་དད་པའི་སྣང་ངོར་འགལ་འདུ་འགྲོ་བའི་རྒྱུ་མཚན་གང་ཡང་བརྗོད་དུ་མེད་པས་རུང་སྙམ། དོན་དངོས་ཐོག་དངོས་གཙོ་རིག་པའི་ལམ་ནས་རྙིང་མའི་རྫོགས་ཆེན་ལ་ཞིབ་འཇུག་དཔྱིས་ཕྱིན་པ་ཞིག་གནང་ན་དུས་རབས་བརྒྱད་པའི་ཡན་ལ་བླ་རབས་བཞི་ལས་མ་སོང་བས་དེའི་ལོ་རྒྱུས་ཕུགས་ཐག་རིང་པོ་ཞིག་འདེད་དུ་མེད་པར་སྙམ་པས་དཔྱོད། རྙིང་མའི་རྫོགས་ཆེན་གྱི་ཕུགས་ནི་དགའ་རབ་རྡོ་རྗེ་རང་ལ་གཏུགས་དགོས་པ་ལས་སྟོན་པ་ཤཀྱཱ་ཐུབ་པ་ལ་ཐུག་པའི་ཚུལ་མ་གསལ། དེ་ཡང་དགའ་རབ་རྡོ་རྗེའི་གོང་དུ་སྟོན་པ་བཅུ་གཉིས་སོང་བར་བཤད་ནས། དེའི་ཐ་མ་དེ་ཤཀྱཱ་ཐུབ་པ་བགྲང་ཡང་ཁོང་གིས་ཆོས་འཁོར་བསྐོར་ཚུལ་ནི། སྟོན་པ་ཕུན་སུམ་ཚོགས་པ་ཤཱཀྱ་ཐུབ་པས། འཁོར་རྣམ་པ་བཞི་ལ། ཆོས་ཕུན་སུམ་ཚོགས་པ་བདེན་པ་བཞིའི་ཆོས་ཀྱི་འཁོར་ལོ་ལན་བཅུ་གཉིས་སུ་བསྐོར་ཏེ། ཞེས་པ་ཙམ་ལས་རྫོགས་ཆེན་གསུང་པའི་ཚུལ་གང་ཡང་མ་གསལ་བ་མ་ཟད། ཤཀྱཱ་ཐུབ་པ་འདས་ནས་ལོ་སུམ་བརྒྱ་དང་དྲུག་ཅུའི་རྗེས་སུ་དགའ་རབ་རྡོ་རྗེ་གཞི་ནས་འཁྲུངས་པར་བཤད་ཚུལ་ལ་གཞིགས་ན་དེ་གཉིས་བླ་སློབ་ཀྱི་འབྲེལ་བ་རྩ་བ་ནས་ཡོད་ཁུངས་མེད། བརྒྱུད ཚུལ་གཞན་ཞིག་ནི་སྟོན་པ་རྡོ་རྗེ་འཆང་གིས་རྡོ་རྗེ་སེམས་པ་དང་ཕྱག་ན་རྡོ་རྗེ་གཉིས་ལ་བརྒྱུད། ཕྱག་ན་རྡོ་རྗེས་དགའ་རབ་རྡོ་རྗེ་ལ་བརྒྱུད་ཚུལ་གསལ། དེ་ཡང་རྡོ་རྗེ་འཆང་ནི་སྟོན་པ་བཅུ་གཉིས་ཀྱི་དང་པོ་དེ་ཡིན་པ་ལས་ཤཀྱཱ་ཐུབ་པ་མིན། ཕྱག་ན་རྡོ་རྗེ་ནི་ཡི་དམ་གྱི་ལྷ་ལྟ་བུ་ཞིག་ལས་ལོ་རྒྱུས་དང་ལྡན་པའི་མི་སྣ་ཞིག་མིན། དེས་ན་རྙིང་མའི་རྫོགས་ཆེན་གྱི་སློབ་དཔོན་ཐོག་མ་དེ་དགའ་རབ་རྡོ་རྗེ་རང་ལ་ངོས་བཟུང་ན་ལུང་རིགས་གང་གིས་ཀྱང་གནོད་པ་མེད་པར་སེམས། ཚོད་དཔག་བྱས་ན་ཁོང་དུས་རབས་དྲུག་བདུན་ཙམ་ན་བྱོན་པར་སྙམ།

དཔྱད་གཞིའི་ཡིག་ཆ།

ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཀྱི་གསུང་འབུམ་བཞུགས།

དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་ནས་བསྒྲིགས།

ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་།

མེས་པོའི་ཤུལ་བཞག ༡༠༨ དེབ་གསུམ་པ་ཤོག་ངོས་༡༡༤ནས་༢༢༠བར།

མེས་པོའི་ཤུལ་བཞག ༡༡༤ དེབ་དགུ་པ་ཤོག་ངོས་༨ནས་༤༢བར།

མཛད་པ་པོ་གངས་སེང་།