གཡུང་དྲུང་བོན་གྱི་དྲྭ་རྒྱ།

འཕྱོང་ཆེན་སྡེ་དགུའི་སྐོར་གྱི་དཔྱད་གཏམ་ལུང་རིག་ཉི་ཟེར།

IMG_0103འདིར་གསང་སྔགས་སྤྱི་སྤུངས་གི་འཕྲིན་ལས་གྱི་གོ་རིམ་ཉམས་སུ་ལེན་ཚུལ་ལ་བསྙེན་པའི་གཞི་མ་སྒོ་དགུ་དང་སྒྲུབ་པའི་ཡན་ལག་བཅོ་བརྒྱད་ལས་ཀྱི་འཕྱོང་ཆེན་སྒོ་དགུ་དང་གསུམ་ཡན་ལག་སུམ་བཅུ་སོ་དྲུག་ཡོད་པ་ལས་འདིར་ལས་མཐའ་འཕྱོང་དགུ་ནི།    གསལ་བྱེད་མེ་ལོང་པྲ་ཡི་འཕྱོང་དང་། མཁའ་ཀློང་རབ་འབྱམས་བསྐང་བའི་འཕྱོང་། དབལ་མོ་ལས་ཀྱི་ཐིག་ལེའི་འཕྱོང་། ཉི་ཟེར་ཞགས་པ་འདུར་གྱི་འཕྱོང་།     ལས་བཞི་རྒྱུན་ལྔ་སྦྱིན་སྲེག་གི་འཕྱོང་།   ས་མ་ཡ་འབུམ་སྡེ་དམ་ཚིག་གི་འཕྱོང་། འོད་ཟེར་འཁྱིལ་བ་སྨན་གྱི་འཕྱོང་། ཐིག་ལེ་དགུ་བ་དབྱིངས་ཆེན་དགོངས་པའི་འཕྱོང་། ཡེ་ཤེས་རྩེ་རྒྱལ་ལྟ་བའི་འཕྱོང་དང་ དགུའོ། ཡང་ན་ལྟ་བ་དང་། ཉམས། སྨན། དབང། སྦྱིན་སྲེག འདུར། མཐུ། བསྐང་བ། པྲ་དང་དགུའོ།
དེས་ན་སྤྱིའི་སྒྲ་དོན་དང་། བྱེ་བྲག་སོ་སོར་བཤད་པ་གཉིས་ལས། དང་པོ་ལས་ཀྱི་འཕྱོང་ཆེན་སྒོ་དགུ་ཞེས་པའི་འགྲོ་བ་སོ་སོའི་བློ་སྟོབས་དང་བསྟུན་པའི་སྒོ་ནས་གནས་སྐབས་དང་མཐར་ཐུག་གི་སྡུག་བསྔལ་ལས་སྐྱོབས་པར་བྱེད་པའི་སྒོ་གསུམ་གྱི་སྦྱོད་པ་ཞིག་ལ་ལས་ཞེས་བྱའོ།   འཕྱོང་ཞེས་པ་ནི་འབྲི་ཚུལ་མི་འདྲ་བ་གཉིས་ཡོད་འདུག་པས། ཕ་འཕྱོང་ཞེས་པ་འདིའི་སྒྲ་ནི།   ཁང་པའི་ཟུར་དང་། སྐྱོང་གི་བརྡ་རྙིང་སོགས་ལ་འཇུག་པ་དང་། ཆ་མཆོང་ཞེས་པའི་སྒྲ་ནི་རིན་པོ་ཆེ་ནུས་པས་གཟའ་ནད་དང་གདོན་གཟེར་སོགས་ལ་ཕན་པ་ཞིག་ལ་འཇུག་པ་དང་། ཡང་ན་ས་ངོས་ནས་ཡར་ལྡིང་བ་ལ་སོགས་ཚིག་གྲོགས་སྦྱར་ན་འཇུག་ཡུལ་མང་དུ་ཡོད་ཀྱང་རེ་ཞིག་འདིར་མི་སྤྲོས་སོ། སྐབས་འདིར་འཕྱོང(སྐྱོང)ཞེས་པའི་གོ་བར་འགྲེལ་ན་སྤྱིར་སྐྱོང་ཚུལ་དེ་ལ་འགྲོ་བ་གཞན་སྐྱོང་བ་དང་རང་གི་དོན་སྐྱོང་བ་གཉིས་ལས་དང་པོ་པྲ་ལྟས་སོགས་དང་ཐར་གླུད་རྫུ་འཕྲུལ་འདུར་དང་སྦྱིན་པ་སོགས་ཀྱིས་འགྲོ་བ་གཞན་སྐྱོང་བ་དང་། གཉིས་པ་ནི་དམ་ཚིག་དང་དམ་རྫས་ཐིག་ལེ་དང་ལྟ་བ་ལ་སོགས་རང་རྒྱུད་ལ་ཉམས་ཀྱིས་སྐྱོང་བས་ནའོ།    གོང་གི་མཆོང་ཞེས་པའི་སྒྲ་འཇུག་སའི་རིན་པོ་ཆེ་དེ་གཟའ་ནད་དངགདོན་གཟེར་སོགས་སེལ་བའི་ནུས་ལྡན་ཞིག་ཡིན་པའི་རྒྱུ་མཚན་གྱིས་བཏགས་པའི་དབང་དུ་བྱས་པ་ཡིན་ན་མཆོང་ཞེས་པའི་སྒྲ་དེ་མི་མཐུན་ཕྱོགས་འཇོམས་པའི་ཆ་ནས་བཏགས་པའི་སྒྲ་ཞིག་ཡིན་ལས་ཆེ།    ཡང་ན་དེའི་ཆ་ལག་སམ་དེའི་སྐོར་དེའི་ཡན་ལག་སོགས་ལ་འཇུག་པའི་རྣམ་པ་ཞིག་འདུག་ཅིང་མཐའ་གཅིག་ཏུ་འདི་ཞེས་ངོས་འཛིན་པར་དཀའོ། གང་ཟག་བློ་རབ་འབྲེང་ཐ་མ་དགུའི་ཐེག་པའི་སྒོ་སོ་སོར་བསྟུན་ནས་བསྟན་པས་ན་སྒོ་དགུ་ཞེསོ། གཉིས་པ་བྱེ་བྲག་སོ་སོར་བསྟན་པ་ལ།
དང་པོ་གསལ་བྱེད་མེ་ལོང་པྲ་ཡི་འཕྱོང་ཞེས་པ་ནི། ཕྱྭ་གཤེན་ཐེག་པའི་སྤྱོད་པའི་འཕྲིན་དང་རྗེས་སུ་བསྟུན་ཏེ་དེ་ཡང་རྙེད་བཀུར་དང་སྙན་གྲགས་ཀྱི་ཆེད་དུ་མ་ཡིན་པར་གཞི་བརྩེ་བ་སྙིང་རྗེ་ཆེན་པོ་དང་མ་བྲལ་བའི་སྒོ་ནས་པྲ་ལྟས་ལ་སོགས་ཀྱིས་ལྷ་ཡིས་ཕན་པ་དང་འདྲེ་ཡིས་གནོད་པ་སོགས་འཇིག་རྟེན་འདིའི་བདེ་སྡུག་ལེགས་ཉེས་ཀྱི་རྣམ་པ་སྔར་ཅི་བྱུང་དང་ཕྱེས་འབྱུང་འགྱུར་གྱི་མཚན་མ་སོགས་མེ་ལོང་གི་གཟུགས་བརྙན་དང་མཐེ་བོང་ལ་བརྟེན་ནས་བརྟག་པའི་ཐབས་སམ་མོ་ཞིག་གིས་གསལ་བར་བསྟན་པས་ནའོ། གཞན་ཡང་མོ་དང་རྩིས་གཏོ་དང་དཔྱད་སོགས་ཀྱི་སྒོ་ནས་འགྲོ་དོན་མཛད་པ་ཡོད་ཀྱང་འགལ་བ་མེད་པར་སེམསོ།     དེ་ལ་ཡང་ཀུན་གཞི་བྱང་ཆུབ་གྱི་སེམས་ངོ་འཕྲོད་པའི་རྟོགས་པ་རབ་དང་། ལས་རྒྱུ་འབྲས་དང་སྐྱེ་བ་སྔ་ཕྱི་ལྷ་འདྲེའི་ཆོ་འཕྲུལ་གྱིས་བསླུ་བ་དང་ཡི་དམ་བོན་སྐྱོང་གི་ཉམས་སོད་དངོས་གྲུབ་སྟེར་བ་དང་བདུད་ཀྱི་ལུང་ལོག་ལས་སོགས་མ་འདྲེས་པར་བྱེ་བྲག་ཕྱེད་པས་བསླུར་མ་ཚུགས་པ་འབྲེང་དང་། རྫས་ཀྱི་ནུས་པ་དང་མཚན་ལམ་སོགས་ལ་བརྟེན་ནས་མཐོང་བ་ནི་ཐ་མ་སྟེ་དེ་ལྟར་སྒྲུབ་པའི་གཤེན་པོ་ལ་རབ་འབྲེང་ཐ་གསུམ་གྱི་རྣམ་པ་རེ་ཡོད་པར་བཤད་དེ།     སྤྱི་སྤུངས་དོན་རྒྱུད་ལས། འདོད་པའི་ཕྱོགས་སྤང་བཟང་ངན་དྲང་སྨྲས་ན། ཀུན་རྫོབ་གཞན་ཕན་དོན་དང་འགལ་མི་འགྱུར་ཞེས་གསུངས་སོ།    གཉིས་པ་མཁའ་ཀློང་རབ་འབྱམས་བསྐང་བའི་འཕྱོང་ཞེས་པ་ནི་སྔོན་རྒྱལ་མུ་ཁྲི་བཙན་པོས་ཡེ་ཤེས་ཀྱི་ལྷ་དང་། རྫུ་འཕྲུལ་གྱི་ལྷ་དང་། ལས་ཀྱི་ལྷ་རྣམས་སྒྲུབ་པས། གྲུབ་པའི་སྟོབས་མཉེས་ཏེ། མཐུ་དང་རྫུ་འཕྲུལ་གྱི་སྟོབས་གྲུབ་ཙམ་ན། རྒྱལ་པོ་ལ་སེམས་ཀྱི་རློམས་པ་སྐྱེས་སྟེ། དུས་དེ་ཙམ་ན་ཤེར་གྱི་བུ་ཆུང་ཞིག་མདུན་དུ་བྱོན་ནས་རྒྱལ་པོའི་ང་བོ་གཞོམ་པས་རྒྱལ་པོ་འགྱོད་པ་སྐྱེས་ཏེ། མཁའ་ཀློང་རབ་འབྱམས་དཔག་ཏུ་མེད་པའི་བཤགས་པ་ཕུལ་ཞིང་ཐུགས་དམ་བསྐང་བས་ནའོ། དེས་ན་སྒྲུབ་པའི་གཤེན་པོ་རང་ཉིད་ཀྱི་ཕུང་པོའི་ཁམས་དང་། ལས་དཀར་པོའི་དགེ་བ་ལ་བར་དུ་གཅོད་པའི་ལྷ་མ་སྲིན་སྡེ་བརྒྱད་གདུག་པ་ཅན་རྣམས་དང་། སྔར་གྱི་ལན་ཆགས་བརྙེགས་པའི་ནད་བདག་དང་ཆམ་བདག་ཡམ་བདག་རྣམས་ལ་སྣང་གཤེན་ཁོ་ནའི་བྱ་སྤྱོད་ཀྱི་རྗེས་སུ་མ་སོང་བར་སྣང་གཤེན་གྱི་ཐེག་པ་དང་རྗེས་སུ་མཐུན་པའི་སྒོ་ནས་ཡོན་དང་གླུད་སོགས་བསྔོ་བ་ལ།   གླུད་དེ་ལ་ཡང་ལུས་ངག་ཡིད་གསུམ་གྱི་གླུད་གཙོར་བྱས་པའི་རྫས་དང་ཡོ་བྱེད་ལ་སོགས་དངོས་སུ་འབྱོར་བ་དང་ཡིད་ལས་སྤྲུལ་བ་ལ་སོགས་ཀྱིས་ཉམས་ཆག་སྐོང་ཞིང་ལན་ཆག་འཇལ་བར་བྱེད་པ་སྟེ་རྗེས་སུ་ཕྱྭ་གཡང་སྐྱབས་ཤིང་རྫོགས་རིམ་གྱིས་རྗེས་གདབ་པའོ། གཞན་ཡང་དཀར་བགེགས་སྐང་མདོས་བསང་སོགས་ཀྱང་འདིའི་ཁོངས་སུ་འདུསོ་ཞེས་གསུངས་སོ།
གསུམ་པ་དབལ་མོ་ལས་ཀྱི་ཐིག་ལེའི་འཕྱོང་ནི་འཕྲུལ་གཤེན་ཐེག་པ་དང་མཐུན་པར་འཕྲུལ་གཤེན་རྐྱང་པའི་དབང་དུ་མ་སོང་བར་རྫུ་འཕྲུལ་བཅུ་གསུམ་དང་(དེ་ཡང་རྫུ་འཕྲུལ་བཅུ་གསུམ་སྡེ་ཚན་གསུམ་དུ་ཕྱེས་པའི་དང་པོ་དགྲ་ལ་དམིགས་པའི་རྫུ་འཕྲུལ་ བདུན་ནི། གསེད་གསོ་གཉིས་དང་། དབབ་སྤྱད་གཉིས། ལྟས་ངན་དང་ཆོ་འཕྲུལ་གཉིས། ཇག་འཆིང་དང་བདུནོ། བགེགས་ལ་དམིགས་པ་བཞི་ནི། མནན་གཟིར་གཉིས་དང་། བཀར་སྲེག་གཉིས་དང་བཞིའོ། བོན་ཉིད་ལ་དམིགས་པ་གཉིས་ནི་བདག་དོན་དང་གཞན་དོན་གཉིས་སོ། འགྲེལ་བ་ཡིད་བཞིན་རྣམ་པར་བཀོད་པའི་རྒྱན་ལས་དོན་གྱི་སྒྲུབ་པ་དང་། སྣོད་བཅུད་དབང་བསྒྱུར་དང་། སེམས་པ་སྐུ་རྫོགས། འདོད་སྤྱོད་རོལ་བ། ཕྱག་རྒྱ་སྐུ་རྫོགས། ཐིག་ལེ་མྱུར་མགྱོགས། དབལ་མོ་སྡེ་གསུམ། སྣ་ཚོགས་པའི་ལས། ཕུད་སྦྱང་བ། དམར་ལམ། བྲོ་དང་བཅུ་གསུམ་ཞེས་གསུངས་ཤིང་བཅུ་གསུམ་གྲངས་མ་ཚང་པར་སེམས་སོ།)སྲུང་ཟློག་བསད་གསུམ་མནན་སྲེག་འཕང་གསུམ་སོགས་ཀྱི་སྒོ་ནས་སངས་རྒྱས་ཀྱི་བསྟན་པ་དང་སེམས་ཅན་གྱི་འགྲོ་དོན་ལ་གནོད་ཅིང་འཚེ་བར་བྱེད་པའི་བསྒྲལ་བའི་ཞིང་བཅུ་རུ་གྱུར་བའི་སྡིག་ཆེན་དམ་ཉམས་རྣམས་ཞེ་སྡང་གཉེན་པོ་ཞེ་སྡང་གི་ལྷ་རུ་སྦྱང་སྟེ་རྣམ་ཤེས་བོད་ཉིད་ཀྱི་དབྱིངས་སུ་བསྒྲལ་བར་བྱེད་བའོ།

བསྒྲལ་བའི་ཞིང་བཅུ་ནི་གཡུང་དྲུང་གསང་བའི་རྒྱུད་ལས། གང་ཞིག་བསྒྲལ་བའི་དངོས་པོ་ནི། བསྒྲལ་བར་བྱ་བའི་ཞིང་བཅུ་སྟེ། སངས་རྒྱས་སློབ་དཔོན་སྐུ་དགྲ་དང་། དམ་ཚིག་ཉམས་དང་དམ་ལས་ལོག དམ་ལ་འཁུ་དང་སྒྲུབ་པ་ལ། བར་དུ་གཅོད་པར་བྱེད་པ་དང་།   སེམས་ཅན་ཡོངས་ལ་གནོད་པ་ནི། ད་ལྟ་ཉིད་དུ་བྱེད་པ་དང་། གཡུང་དྲུང་བསྟན་ལ་སྡང་བ་དང་། དམྱལ་བ་ཡི་དྭགས་བྱོལ་སོང་སྟེ།   ཞིང་བཅུ་དག་ཏུ་ཤེས་པར་བྱ་ཅེས་སོ། འགུ་ཡ་སྲོག་འཛིན་ལས་བསྒྲལ་བར་བྱ་ བའི་ཞིང་བཅུ་ནི། བསྟན་པའི་སྤྱི་དགྲ  བླ་མའི་སྐུ་དགྲ  སྒྲུབ་གཤེན་གྱི་སྒོས་དགྲ  བསྟན་པ་ཁྱད་དུ་གསོད་པ།  བཀའ་དང་དམ་ལ་འགལ་བ།  གཤེན་གྱི་ཀོར་ལ་རློམས་པ། མ་ཉེས་བསྟབས་ལ་བཅོལ་པ། བྱང་ཆུབ་སྒྲུབ་པ་ལ་བར་གཅོད་བྱེད་པ།      སེམས་ཅན་ཡོངས་ལ་གནོད་པ། སྲིད་པའི་གཏོ་ལ་འགལ་བ་དང་བཅུའོ། དེས་ན་བསྒྲལ་ཞེས་དེ་ཡང་ཕལ་དང་ཕལ་ཀྱིས་བསད་གཏུབ་བྱས་པ་བཞིན་མ་ཡིན་པར་ཐུགས་ཚད་མེད་བཞིའི་ངང་ལས་མ་མཡོས་པར་བསམ་པ་བཟང་ལ་སྦྱོར་བ་རྩུབ་པའི་ལས་ཀྱིས་བསྒྲལ་དགོས་པ་ཡིན་དེ་གབ་པའི་གསང་བའི་རྒྱུད་ ལས། མ་བསྟོད་པར་མི་སྐུལ། མ་སྐུལ་བར་མི་བཀྱེ། མ་བཀྱེ་བར་མི་འགུག  མ་འཀུག་པར་མི་གཏབས་(བསྡམ)།  མ་གཏབ་(བསྡམ)པར་མི་གཏུབ།  མ་གཏུབ་པར་མི་སྟབས། མ་སྟབས་པར་མི་མནན།ཞེས་སོ། དེས་ན་ལས་ཀྱི་གོ་རིམ་མ་འཆོལ་བར་མཐར་ཐར་པ་བདེ་བའི་གནས་སུ་འགོད་དགོས་པ་ཡིན་དེ་(གཏིང་རྫོགས་ཕུར་པ་ལས།   དྷ་ཤ་གྷི་བ་སྲིན་པོ་བགེགས་ཀྱི་རྗེ།  ཕུལ་བའི་ལུས་བསྒྲལ་རྣམ་ཤེས་ལྷ་རུ་ བསྒྱུར་ཞེས་སོ།
འོ་ན་ལུང་ལས། སྙིང་རྗེའི་རང་བཞིན་མ་དང་མཚུངས། མ་ཡི་སེམས་ལ་ཟུག་རྔུ་མེད། དེ ཡིས་དམ་ཅན་མི་ཆུམ་གྱིས། ཞེས་གསུངས་པ་དང་འགལ་ལོ་ཞེ་ན།  མ་ཡིན་དེ། ལུང་དེ་ཡིས་རེ་ཞིག་སྙིང་རྗེའི་དབང་དུ་མ་སོང་བར་ལས་སྦྱོར་དྲག་ཏུ་བསྣུན་དགོས་པར་བསྟན་པ་ཡིན་ནོ།      བཞི་བ་ཉི་ཟེར་ཞགས་པ་འདུར་གྱི་འཕྱོང་ཞེས་པ་ནི་མདའ་གྲི་མདུང་གསུམ་གྱིས་དམར་འཛིངས་བྱས་ནས་དགྲ་ངོ་ཟློག་པ་འམ་བསད་པ་ལྟ་བུ་མ་ཡིན་པར་དམིགས་མེད་ཀྱི་ལྟ་བ་ཡས་ནས་ཕུབ་སྟེ་སྲིད་གཤེན་ཐེག་པའི་སྒོ་དང་བསྟུན་ནས་ལྟ་བ་རྟོགས་པ་དང་། དགོངས་པ་ཟབ་མོ་དང་། དམིགས་པ་བསྣོན་པོ་དང་། ལྟ་སྒོམ་སྤྱོད་གསུམ་ལྡན་པའི་སྐྱེས་བུ་འམ་གཤེན་པོ་གང་ཞིག་གིས་ཚེ་འདས་ཀྱི་བླ་ཡིད་སེམས་གསུམ་རྟེན་ལ་སྟིམ་སྟེ་གནས་སྦྱོང་གི་གོ་རིམ་མ་ནོར་བར་མཐར་ཐུག་བོད་ཉིད་སྐྱེ་བ་མེད་པའི་དབྱིངས་སམ་ཐར་པ་བདེ་ཆེན་གྱི་གནས་སུ་བསྒྲལ་བ་འམ་དྲངས་བས་ནའོ། རྩ་རྒྱུད་ལས།  རྩལ་གསུམ་ལུས་ལ་རྫོགས་པའི་སྐྱེས་བུ་ཡིས།    དམུ་རྒོད་བཏུལ་ནས་གཡུང་དུ་ཕེབས་པ་བཞིན། ཤེས་རབ་སྟོབས་ལྡན་སྐྱེས་བུ་གང་ཞིག་གིས། བླ་ཡིད་སེམས་གསུམ་ཐིག་ལེར་འདྲིལ་ནས་ཀྱང་།  ཐོགས་ཆགས་མེད་པའི་མཁའ་ཀློང་དབྱིངས་སུ་བསྒྲལ། ཞེས་སོ། དེ་ལྟར་སྤངས་རྟོགས་ཀྱི་ཡོན་ཏན་མི་ལྡན་པར་རྙེད་བཀུར་དང་ཟ་འདོད་ཀྱིས་ཚེ་འདས་ཀྱི་མི་དེ་ཐར་པ་བདེ་བའི་གནས་སུ་འདྲེན་པར་འདོད་པ་དེས་ནི་དཔེར་ན་ལོང་པ་ཞིག་གིས་ལོང་པ་ཞིག་ཁྲིད་ནས་སོང་ན་འགྲོ་ལམ་སྟོན་མི་ནུས་པར་ལག་པ་སྦྲེལ་ནས་གཡང་སར་ཟག་འགྲོ་བ་བཞིན་ཡང་དག་པའི་དོན་དང་ཐར་པའི་གནས་ལ་རྨོངས་པའི་གང་ཟག་དེས་འདྲེན་སྟོན་བྱས་པ་ན་རང་ཉིད་དང་ཚེ་འདས་གཉིས་ཀ་གཅིག་རྗེས་གཉིས་མཐུད་ཀྱིས་སླར་ཡང་ཁམས་གསུམ་དུ་ཁ་འཁོར་ཏེ་འཁོར་བའི་གཡང་ས་ལས་ཐར་བའི་གོ་སྐབས་དབེན་པ་ཡིན་ཏེ། ལུང་ལས། གངཞིག་གཤེན་རབ་རྩལ་སྟོབས་མི་ལྡན་པས། ཚེ་འདས་ཐར་པའི་གནས་སུ་བགྲོད་འདོད་པ། རྨོངས་པའི་རྨོངས་པ་ཁྲིད་པས་ལག་སྦྲེལ་གཡང་སར་ལྟུང་། ལས་ཀྱི་དབང་གིས་ལུས་དང་སེམས་དོར་ནས། བླ་ཡིད་སེམས་གསུམ་འཁོར་གཞིར་བར་དོར་འཁྱམས། ཞེས་སོ།

དེ་ཡང་སོ་སོར་དབྱེ་ན་འདུར་སྒོ་ཆེན་པོ་བཞི་ཡོད་དེ། བཀྲ་འདུར་དང་།   སྟག་འདུར།    སྲི་འདུར་དང་།  གྲི་འདུར་བཞི་ཡིན་ཏེ།   མདོ་དྲི་མེད་ལས་སྒས་པ་རྣམས་ལ་བཀྲ་ འདུར་བྱ། བཀྲ་འདུར་ཡག་ན་རྗེས་ཤུར་བཟང་། གཞོན་པ་རྣམས་ལ་སྟག་འདུར་བྱ། སྟག་འདུར་ཡག་ན་ཚེ་དཔལ་བསྐྱེད། ཆུང་བ་རྣམས་ལ་སྲི་འདུར་བྱ། སྲི་འདུར་ཡག་ན་རིགས་རྒྱུད་འཕེལ། གྲི་རྒོད་རྣམས་ལ་གྲི་འདུར་བྱ། གྲི་འདུར་ཡག་ན་གཞོན་སྲི་ཐུལ་ཞེས་གསུངས་སོ། གནས་སྦྱོང་གི་ཐབས་ཁྱད་པར་ཅན་འདིའི་ཚེ་འདས་ཐར་པའི་གནས་སུ་བགྲོད་ཚུལ་ཡང་ཚེ་འདས་རང་ཉིད་ཀྱི་རྒྱུད་ལ་སྔོན་ནས་དགེ་བའི་ལས་ཀྱིས་བཞག་པའི་སད་རུང་གི་བག་ཆགས་བཟང་པོ་ཞིག་དང་ཡུལ་ཁྱད་པར་ཅན་ལ་མོས་པའི་དད་པ་དངརྟེན་འབྲེལ་དེ་གཉིས་འཛོམས་པའི་རྨིང་ལ་རྩལ་གསུམ་འཛོམས་པའི་དཔོན་གསས་བླ་མའི་ཐུགས་རྗེའི་མཐུ་བྱིན་གྱིས་ཚེ་འདས་ཀྱི་རྒྱད་ལ་རྐྱེན་བསྐུལ་ཏེ་བག་ཆགས་བཟང་པོའི་འཕྲོ་སད་ནས་ཐར་པ་བདེ་བའི་གནས་སུ་འདྲེན་པར་གདོན་མི་ཟ་ཡང་། དེ་ལྟ་བུའི་རྟེན་འབྲེལ་གང་ཞིག་མ་འཛོམས་པར་འདྲེན་ཆོག་གི་གཞུང་སྲེང་བ་ནི་སྤྱིར་བཟང་མོད་ཀྱང་ཚེ་འདས་ལ་བདེ་ལམ་སྟོན་པར་དཀའ་བར་སེམས་སོ། དེས་ཕྱིར་ལུས་ངག་ཡིད་གསུམ་གྱིས་དགེ་བའི་ལས་ལ་གཞོལ་དགོས་པ་ཡིན་ཏེ། ལུང་ལས་ཀྱང། ཆུང་ནས་དད་པའི་སེམས་བསྐྱེད་དེ།  རྒྱུན་དུ་དགེ་བའི་ལས་ལ་བརྩོན་ཞེས་གསུང་པས་སོ།     ལྔ་པ་ལས་བཞི་རྒྱུན་ལྔ་སྦྱིན་སྲེག་ གི་འཕྱོང་ཞེས་པའི་ལས་བཞི་ནི།  གདུལ་བྱ་སྤ་བསྐོངས་བས་ཞི་བ། རྗེས་སུ་བཟུང་བས་རྒྱས་པ། སྨིན་པར་བྱེད་པས་དབང་།  ཚར་གཅོད་པས་དྲག་པོ།  འཕྲིན་ལས་བཞི་ཀ་ལ་ཁྱབ་ཅིང་རྒྱས་གཞི་དང་བསྡུས་གནས་སུ་བྱེད་པས་རྒྱུན་དང་ལྔ་ཏེ། ལས་བཞི་དང་།གསུམ།  གཉིས། གཅིག་སོགས་ཀྱི་སྦྱིན་སྲེག་ཀྱང་ཡོད་ པར་གསུངས་སོ།

དེས་ན་མེ་ཐབ་གྱི་དབྱིབ་དང་།  ཁ་དོག  མཆོད་རྫས།   བཞུགས་ཚུལ། མེ་བླང་ལུགས། ཤིང་གི་ཁྱད་པར། དམིགས་པ་འཛིན་ཚུལ།ཞུགས་མེའི་པྲ་བརྟག་སོགས་རྒྱས་པར་མི་སྤྲོས་སོ། དེ་ལྟར་སྦྱིན་སྲེག་གི་དགོས་པ་ནི་ཕྱི་ཡུལ་ས་གཞི་བདག་སོགས་འཇིག་རྟེན་དྲེག་པའི་ལྷ་ལ་ཕུལ་བས་སྐོ་ལོང་གདུག་རྩུབ་ཞི་ཞིང་ལས་དཀར་པོ་དགེ་བའི་སྡོང་གྲོགས་བྱེད་པ་དང་།  ནང་རང་ལུས་མེ་ལྷའི་ཀྱིལ་འཁོར་གྱི་ལྷ་ཚོགས་ཕུལ་བས་ཕུང་པོ་གནས་སུ་དག་ཅིང་སྐུ་དང་ཡེ་ཤེས་སུ་སྨིན་པ་དང་།  གསང་བ་དབྱིངས་ཀྱི་རྒྱལ་བ་དཀྱིལ་འཁོར་གྱི་ལྷ་ཚོགས་ལ་ཕུལ་བས་དུག་ལྔ་ཉེ་བར་ཞི་ནས་ཡེ་ཤེས་ཀྱི་ཉི་མ་ཤར་བ་དང་།  ཡང་གསང་བོད་ཉིད་སྐྱེ་བ་མེད་དབྱིངས་སུ་དམིགས་མེད་དུ་ཕུལ་བས་མཐར་ཐུག་རྟོགས་པའི་རང་ས་ཟིན་པའི་དགོས་པ་ཡོད་དེ། རྩ་རྒྱུད་ལས་སྒྲིབ་སྦྱང་ཚོགས་རྫོགས་ཀུན་ལ་ཚིམ་བྱ་དང་།  ཕྲལ་གྱི་རྐྱེན་ཟློག་སྡེ་བརྒྱད་དགའ་བདེའི་ཕྱིར།    དུས་བཞི་བ་ག་ཡུམ་གྱི་ཧོམ་ཞལ་དུ། ཕུང་པོ་སྐྱེ་ཤི་སྲེག་པའི་མེ་འབར་བས།  འགྲོ་བ་ཀུན་ལ་མ་གོད་སྦྱིན་པ་འབར།  དངོས་མེད་སེམས་སུ་འབར་བའི་ཧོམ་ཞལ་དུ།  རྣམ་རྟོག་མཚན་མ་སྲེག་པའི་མེ་སྤར་བས།   རྟོག་མེད་རྣམ་དག་ལས་ཀྱི་ཐུགས་ལེ་འབར།ཞེས་སོ།

དྲུག་པ་ས་མ་ཡ་འབུམ་སྡེ་དམ་ཚིག་གི་འཕྱོང་ཞེས་པའི།   ས་མ་ཡ་ནི་གསང་བའི་མིང་ཡིན་ནོ། འབུམ་སྡེ་རྩི་ཚུལ་ནི་དམྱལ་ཁམས་བཅོ་ བརྒྱད་དང་།   ཡི་དྭགས་སྡེ་གསུམ། དུད་མུར་སྡེ་གསུམ།   མི་རིགས་བརྒྱད། ལྷ་མིན་སྡེ་བརྒྱད། ལྷ་རིག་ཉེར་བདུན། དེ་དག་རེ་རེ་ལ། ལུས་དང་། སྲོག  དབང་ཐང་།  ངག  ཡིད། ཡོན་ཏན།  འཕྲིན་ལས།   མདངས།   རྒྱན།  ནོར་དང་བཅུ་བཅུ་རེ་ཕྱེ་བས་དྲུག་བརྒྱ་དང་བདུན་ཅུའོ། དེ་ལ་ཅི་ཡང་མེད་པ་མ་གཏོགས་པའི་ཡུལ་དྲུག་བརྒྱ་དང་དྲུག་ཅུ་ལ།  དུག་ལྔ་དང་།  མི་དགེ་བ་བཅུ་ལ་ལུས་ལ་སོགས་བཅུ་རེ་ཕྱེ་བས་བརྒྱ་དང་ལྔ་བཅུ་དེ་གོང་གི་དྲུག་བརྒྱ་དྲུག་ཅུ་བོ་རེ་རེ་ལ་བརྒྱ་དང་ལྔ་བཅུ་རེ་ཕྱེ་བས་དགུ་ཁྲི་དགུ་སྟོང་ཚང་ངོ་། དེ་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་བཅུ་ལ། སྡིག་བཅུ་ལ་བཅུ་བཅུ་རེ་ཕྱེ་བས་བརྒྱ་རེ་དེ་ལ་ལུས་རྒྱན་སོགས་བཅུ་རེ་བསྲུང་བས་སྟོང་སྟེ། འབུམ་ཐམ་པའོ། དམ་ཚིག་ཞེས་པ་ནི་རྟོགས་པར་དཀའ་ཞིང་རིག་པར་དཀོན་པས་ན་དམ་ལ།   སྲུང་ན་སྒྲིབ་པ་ཚིག་ལ། མ་སྲུང་ན་དགེ་རྩ་འམ་འབྲུས་ཚིག་པས་ན་འོ། དེ་ལ་ཡང་སྤྱིའི་དམ་ཚིག་དང་། ལྷག་པའི་དམ་ཚིག ཁྱད་པར་ཀྱི་དམ་ཚིག་དང་གསུམ་དུ་ཡོད་དེ་དཔེར་ན་གྱང་དང་ཞལ་དང་རི་མོ་བཞིན་ནོ་ཞེས་གསུང་སོ།  གསང་སྔགས་ཀྱི་ཐེག་པ་འདིའི་ལུགས་ལ་རྩ་བ་དང་ཡན་ལག་གང་ཉམས་ཡང་ཕྱི་སོ་སོ་ཐར་བའི་སྡོམ་པ་དང་མི་འདྲ་བར་སླར་ཡང་གསོ་བའི་ཐབས་ཡོད་དེ། རྩ་རྒྱུད་ལས།  ཐེག་པ་འོག་མའི་ཚུལ་ཁྲིམས་རྣམས།  ཉམས་ན་སྡོང་ཆེན་མེས་ཚིག་ལ།  དཀའ་བས་བྱི་དོར་བྱས་གྱུར་ཀྱང་།  ལོ་འབྲས་སྔོན་པོ་མི་འབྱུང་བཞིན།  དེ་ལ་གསོ་བའི་ཐབས་མ་བསྟན།   ཁྱད་པར་བསྲུང་བའི་དམ་ཚིག་ནི།  ཡེ་བསྲུང་ཆེན་པོའི་དོན་རྟོགས་པས།  གསེར་རྡོ་མེ་རུ་སྲེག་པ་བཞིན།  གསོ་བར་དགོས་པ་ངེས་མ་བཤད།  ཨ་དཀར་གསང་བའི་དམ་ཚིག་ནི།  དཔེར་ན་མེ་ལོང་གཡས་བསྒྲིབས་སམ།  རིན་ཆེན་བུམ་པ་གཞོམ་པ་བཞིན།  བསྲང་ཞིང་ཕྱེས་པས་སོབ་པ་ལྟར།  ཐབས་དང་རྫུ་འཕྲུལ་ཁྱད་པར་གྱིས།  ལྟ་དགོངས་སྤྱོད་པ་རླབས་ཆེན་གྱིས།  མཆོད་ཚོགས་བཤམ་ནས་བསྲུང་ཐུབ་ན།   ཉེས་ལྟུང་མེད་པར་ངེས་བཤད་དོ།   ཞེས་གསུང་སོ།       བདུན་པ་འོད་ཟེར་འཁྱིལ་བ་སྨན་གྱི་འཕྱོང་ཞེས་པ་ནི།  གསང་སྔགས་ཨ་དཀར་བའི་ལུགས་ཀྱིས་བསྒྱུར་ལམ་གཙོ་བོ་ཉམས་སུ་བླང་སྟེ་ཕྱི་སྣོད་ལྷ་ཡི་གཞལ་ཡས་ནང་བཅུད་ལྷ་དང་ལྷ་མོ་རུ་བསྒྱུར་བ་དང་ནང་དུག་ལྔ་དུག་གསུམ་གྱི་བདུད་ཡེ་ཤེས་ཀྱི་རྩི་རུ་བསྒྱུར་བ་དང་འགྲོ་བའི་ནད་གསོ་བའི་སྨན་གྱི་སྒྲུབ་ཐབས་ཁྱད་པར་ཅན་ལ་བརྟེན་ནས་ཕྱི་ལུས་ཁམས་ཀྱི་ནད་དང་ནང་ཉོན་མོང་པའི་བདུད་གསང་མ་རིག་པའི་བདུད་རྣམས་འཇོམས་པའི་རྩི་རུ་སྒྲུབ་པའོ།       བརྒྱད་པ་ཐིག་ལེ་དགུ་པ་དབྱིངས་ཆེན་དགོངས་པའི་འཕྱོངས་ཞེས་པའི་ཐིག་ ལེ་དགུ་ནི།   གསལ་བའི་ཀུན་གཞི་ཐིག་ལེ་དང་།  ལོག་འཁྲུལ་ཐིག་ལེ་ཚད་མེད་ཐིག་ལེ།   བསྒོམ་པའི་ཐིག་ལེ།  བཟླས་པའི་ཐིག་ལེ།   བསྐྱེད་པའི་ཐིག་ལེ།   རྫོགས་པའི་ལེ།   མཐའ་བྲལ་ཐིག་ལེ།   མཆོད་པའི་ཐིག་ལེ་དང་དགུའོ།    དབྱིངས་ཞེས་པ་ནི་ཐེག་པ་འདིའི་མཐར་ཐུག་གི་ལྟ་བ་རྒྱུ་དག་པའི་དབྱིངས་ཆེན་དེ་སེམས་ཀྱི་བོན་ཉིད་ཡེ་ནས་སྒྲིབ་པ་མི་མངའ་བས་དང་ཅི་ཡང་མ་ཡིན་པ་ལས་ཅིར་ཡང་འབྱུང་ཞིང་གསལ་སྟོང་གཉིས་སུ་མེད་པའི་དགོངས་པ་ཟབ་མོ་དེའོ།  དེས་ན་ཡེ་གཤེན་ཆེན་པོའི་ཐེག་པ་འདི་ཡི་ལུགས་ལ་རྩ་རླུང་ཐིག་གསུམ་གྱི་སྒོ་ནས་ཉམས་སུ་ལེན་ཚུལ་དེ་ཤེས་ཆེར་གསལ་འདུག་པས་འདིར་རྩ་རླུང་ཐིག་གསུམ་གྱི་རྣམ་བཞག་མདོར་བསྡུས་རེ་བཤད་ན།  དང་པོ་རྩ་ཡི་གནས་ལུགས་ནི།  མ་རྒྱུད་ལས།  རྩ་བ་གཅིག་ལ་ཡེ་ཤེས་སྡོང་པོ་གསུམ།  འཁོར་ལོ་ལྔ་ལ་ཡེ་ཤེས་ཞེ་ལྔ་གནས། ཞེས་པ་དེའི་འགྲེལ་ཐབས་ལམ་འབྱུང་བའི་ཐིག་ལེ་ལས་རྩ་གཅིག་ཞེས་པ་ནི།   སྙིང་གི་དཀྱིལ་ན་རྩ་ཡི་རྒྱལ་པོ་ཤེལ་ཀང་ཀ་རི་འདྲ་བ་།   རིང་ཐུང་ཚོན་གང་བ།   ཕྲ་སྦོམ་རྟ་རྔ་བཅུ་ཚལ་ཙམ། གསོ་བ་རིག་པས་ཡང་རྗེ་དཀར་པོ་བཏགས།  གསང་སྔགས་པའི་ཡེ་ཤེས་གཉུག་མའི་རྩ་རུ་བཏགས་ཞེས་གསུངས་སོ།  དེ་ཡང་སྡོང་པོ་གསུམ་ནི།  གཡས་དཀར་གཡོན་དམར་དབུས་མཐིང་དང་གསུམ་མོ།   མཚན་ཉིད་ལྔ་དང་ལྡན་པའི་རྩ་དབུ་མ་འམ་དབུས་མཐིང་ནི་སྤྱི་བོ་ནས་གསང་གནས་ཀྱི་བར་དུ་ཟང་ཐར་དུ་ཡོད་པའོ།  དེ་ཡང་ལུས་ཀྱི་མདུན་རྒྱབ་གཉ྄ིས་ལས་རྒྱབ་ཕྱོགས་ནས་ཡོད་པ་རེ་བཤད་དོ།   མཚན་ཉིད་ལྔ་ནི་ཕྱི་སྔོ་བ་དང་།  ནང་དམར་བ།   སྲབ་པ།  དྲང་བ།   གསལ་བ་དང་ལྔའོ། ཡང་འགའ་ཞིག་ནས་མཚན་ཉིད་བཞི་ལྡན་ཡང་བཤད་དོ།

རྩ་རྒྱུད་ལས། རྩ་དེ་དག་གི་གནས་ལུགས་ནི།   དབུས་མ་ནི་ཕྱི་དཀར་ལ་མཐིང་ཆགས་པ། ནང་དམར་ལ་མཐིང་ཆགས་པ།   ཡར་སྣ་ཚངས་བུག་ལ་ཐུག་ཀྱང་།  མར་སྣ་གསང་སྦུབས་ལ་ཐུག་སྟེ།  དེ་ཡང་འཕྲ་སྦོམ་ཇི་ལྟར་གནས་ན།   གསང་གནས་ནས་ཤེ་ཐུན་བར་དུ་རྟ་རྔ་ཙམ་དུ་གནས་པས་དབུས་མཐིང་ཞེས་བྱ།  ཤེ་ཐུན་གྱི་དཀྱིལ་དུ་བ་ཐག་ཙམ་དུ་གནས་པས་ཁོག་སྟོང་བྱང་ཆུབ་སེམས་ཀྱི་རྩ་ཞེས་བྱ་སྟེ།    དེ་ནས་ཨག་ཤོའི་བར་དུ་དར་དཀར་གྱི་སྐུད་པ་སུམ་བསྒྲིལ་ཙམ་དུ་གནས་པས་སྟེང་ཕྱོགས་འཇའ་ཚོན་དར་སྐུད་ཀྱི་རྩ་ཞེས་བྱ།  ཇེ་སྦོམ་ཇེ་རགས་ལ་སོང་སྟེ།   སྤྱི་བོ་ཚངས་པའི་བུ་གར་ཐུག་པས་ཉེ་ལོ་ཨུ་དཔལ་གྱི་རྩ་ཞེས་བྱའོ།  གཡས་པ་དེའི་ཕྱི་རིམ་དུ་འཁྱིལ་ཞིང་སྒོ་སྣ་བུག་གཡས་པ་ལ་ཟུག་ཅིང་།  གཡོན་པ་ཡང་འཁྱིལ་བས་སྒོ་སྣ་བུག་གཡོན་དུ་ཟུག འཕྲ་སྦོམ་ནི་དར་སྐུད་སུམ་བསྒྲིལ་ཙམ་དུ་གནས་ལ།  བསྒོམ་དུས་མདའ་སྙུག་ཙམ་པ་ལས་སོགས་ཏེ་གནས་སྐབས་ཤེས་པར་བྱའོ།  ཞེས་གསུང་སོ།  དེ་ཡང་གོང་དུ་གསུང་བའི་རྩ་ཡི་གནས་ལུགས་ནི་དངོས་པོ་གཟུགས་སུ་གྲུབ་པའི་རྩ་དེའི་མཚན་ཉིད་ཇི་ལྟ་བ་ཡིན་པར་སེམས་དེ།  སྤྱིར་གནས་པའི་རྩ་དང་སྒོམ་པའི་རྩ་གཉིས་ཡོད་པ་ལས་གནས་པའི་རྩ་ཡི་འཕྲ་སྦོམ་ནི་གོང་དུ་བཤད་པ་ཉིད་ཡིན་ལ་སྒོམ་པའི་རྩ་ལ་མ་ངེས་ཏེ་འཕྲ་སྦོམ་ཅི་རིགས་ཡོད་པ་ནི་གཞུང་འགའ་ཞིག་ནས་སྦ་ལྕག་ཙམ་དང་འགའ་ཞིག་ནས་མདའ་སྙུག་ཙམ་ཞེས་གསུངས་ཏེ་གནས་སྐབས་ཀྱི་ཉམས་ལེན་སྐྱོངས་ཚུལ་ལ་རགས་ལས་པ་ཡིན་ནོ། རྩ་གཡས་དཀར་དང་གཡོན་དམར་གཉིས་ནི་སྐྱེས་པ་དང་བུ་མེད་ལ་གནས་ལུགས་མ་མཐུན་དེ།འགྲེལ་ལས།  གཡོན་འཁྲིལ་བ་ནི་སྐྱེས་པ་དེ་ཐིག་ལེ་ཡོད་ཀྱང་མི་འཕེན་ལ། ཟ་མ་ལ་གཡས་འཁྲིལ་ལམ་སྟབ་སྟེ་ཐིག་ལེ་དཀར་པོ་ཡོད་ཀྱང་མི་འཕེན།   ཞེས་བླ་མ་བློ་གྲོས་ཀྱི་བདག་ཉིད་ཀྱིས་གསུངས་སོ། འཁོར་ལོ་དྲུག་ནི་སྤྱི་བོ་བདེ་ཆེན་གྱི་འཁོར་ལོ།  མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ།  སྙིང་ཁ་བོན་ཉིད་ཀྱི་འཁོར་ལོ།  སྟེ་བ་སྤྲུལ་བའི་འཁོར་ལོ། སྟེ་འོག་རླུང་གི་འཁོར་ལོ།  གསང་གནས་ཐབས་ཤེས་འཁོར་ལོ་དང་དྲུག་གོ   དེ་དྲུག་གི་རྩ་འདབ་ལ་ཡང་གོང་བཞིན་གནས་པའི་རྩ་འདབ་དང་སྒོམ་པའི་རྩ་འདབ་གཉིས་རེ་ཡོད་པར་རིག་པས་གྲུབ་སྟེ།   སྒོམ་པའི་རྩ་འདབ་ནི་གཞུང་སོ་སོས་བསྟན་ཚུལ་ལ་མི་འདྲ་བ་ཡོད་པས་རང་གཞུང་གི་ལྷ་གྲངས་དང་བསྟུན་པ་མིན་ནམ་སྙམས།  གནས་པའི་རྩ་འདབ་ལ་ཡང་གང་ཟག་རེ་རེ་ལ་མང་ཉུང་ཡོད་པར་སེམས་ཏེ།   ཤེས་རབ་དང་དྲན་པ་གསལ་བའི་མི་ལ་རྩ་གནད་མང་བ་དང་། བླུན་ཞིང་ལྐུག་པའི་མི་ལ་རྩ་གནད་ཉུང་བར་གསུང་པས་སོ།    སྤྱིར་རྩ་ཡི་རྣམ་གྲངས་ལ་ཡེ་ཤེས་རྒྱུ་བའི་རྩ།   འོད་རྒྱུ་བའི་རྩ།   རླུང་རྒྱུ་བའི་རྩ་།  ཁྲག་རྒྱུ་བའི་རྩ།   ཐིག་ལེ་རྒྱུ་བའི་རྩ་སོགས་རྣམ་གྲངས་བསམ་གྱིས་མི་ཁྱབ་པ་ཡོད་དོ།

གཉིས་པ་རླུང་ལ་མང་ཡང་བསྡུས་ན་གཞི་རང་གནས་ཀྱི་འབྱུང་ལྔའི་རླུང་ལྔ་སྟེ།     དེ་ཡང་སྲོག་འཛིན་ནམ་མཁའི་རླུང་དང་།    གྱེན་འདྲེན་ས་ཡི་རླུང་།   ཐུར་སེལ་ཆུ་ཡི་རླུང་།    མེ་མཉམ་མེའི་རླུང་།ཁྱབ་བྱེད་རླུང་གི་རླུང་དང་ལྔ་ཡིན་ཏེ།    རླུང་དེ་ལྔའི་བྱེད་ལས་ནི་སྲོག་འཛིན་གྱིས་སྲོག་བཟུང་བ་དང་།   བློ་སྟོབས་བསྐྱེད་པ།   འདོད་པ་སྒྲུབ་པ་སོགས་ཀྱི་ལས་བྱེད།    གྱེན་འདྲེན་གྱིས་དབུགས་རྒྱུ་བ་དང་།  ཟས་མྱིད་པ།  གཏམ་སྨྲ་བ་སོགས་བྱེད།  ཐུར་སེལ་གྱིས་གཤང་ལྕི་དང་།  ཐིག་ལེ་སོགས་འབྱིན་སྡོམ་བྱེད།  མེ་མཉམ་གྱིས་ཟས་འཇུ་བ་དང་།  དྲོད་བསྐྱེད་པ།    ལུས་ཀུན་གསོ་བར་བྱེད། ཁྱབ་བྱེད་གྱིས་མཆོང་རྒྱུག་སོགས་ལུས་གྱི་བྱ་བྱེད་ཕར་ཆེར་བྱེད་པ་ཡིན་ནོ། འགྲེལ་ལས། རླུང་དེ་ལྔ་ནི་ཉོན་མོངས་པའི་རྐྱེན་དང་འཕྲད་ན་ཉོན་མོངས་པའི་རྩུབ་རླུང་དུ་འགྱུར་ལ། ཏིང་འཛིན་གྱིས་རྐྱེན་དང་འཕྲད་ན་ཡེ་ཤེས་ཀྱི་བདེ་རླུང་དུ་འགྱུར།    ཉམས་སུ་ལེན་པའི་དུས་སུ་གཅིག་ཏུ་འདྲིལ་ནས་ཉམས་སུ་བླང་སྟེ་དེ་ཡང་འཇམ་རྩུབ་མ་ནིང་གསུམ་དུ་འདུས་ལ།  དང་པོ་འཇམ་རླུང་ལ་སྦྱང་།   བར་དུ་རྩུབ་རླུང་ལ་བོགས་འདོན།  ཐ་མ་མ་ནིང་གིས་བརྟན་པར་བྱ་སྟེ་རྟེན་འབྲེལ་དུས་ཚོད་ཤེས་པ་གལ་ཆེའོ་ཞེས་གསུངས་སོ།   གསུམ་པ་ཐིག་ལེ་ལ་མང་དུ་ཡོད་ཀྱང་འགྲེལ་ལྟར་ན་སྙིགས་མ་ལུས་ཟུང་གི་ཐིག་ལེ་དང་།   དྭངས་མ་རིག་པའི་ཐིག་ལེ་གཉིས་ལས།  སྙིགས་མ་ནི་ཟས་ཀྱི་བཅུད་འདུས་པའི་རྩ་གཡས་གཡོན་གཉིས་ལ་གནས་པའི་ཐིག་ལེ་དེ་ཡིན་ལ།  དྭངས་མའི་ཐིག་ལེ་ནི།  འབྱུང་བའི་དྭངས་མ་ཕ་ལས་ཆད་པའི་དཀར་པོ་དང་།  མ་ལས་ཆད་པའི་དམར་པོ་གཉིས་འདྲེས་པའི་རང་བཞིན་ཤེས་པ་ནི་རྟེན་གནས་སུ་གྱུར་པ་དེ་ཡིན་ཏེ། འབྱུང་བ་ལྔ་ཡི་བཅུད་ཡིན་ཏེ་ཞེས་གསུང་པས།  དྭངས་མའི་ཐིག་ལེ་ནི་འབྱུང་བའི་དྭངས་མ་ཞིག་ལ་ངོས་བཟུང་འདུག་ཀྱང་དེའི་གནས་ལུགས་ནི་འདི་ཞེས་བཤད་པར་དཀའ་འོ། དེ་ཡང་གནས་ས་གཅིག་ཏུ་མ་ངེས་ཏེ་འཁོར་ལོ་དྲུག་ལ་རེས་མོས་ཀྱིས་གནས་པའོ།

དེ་ཡང་འགྲེལ་ལས་ཉམས་སུ་ལེན་པའི་དུས་ན་དྭངས་མའི་ཐིག་ལེ་ལ་བརྟེན་ནས་སྙིགས་མའི་ཐིག་ལེ་བཙོན་དུ་འཛིན་དགོས་པ་ཡིན་ཏེ་སྙིགས་མ་རྐྱང་པས་ལུས་ཀྱི་ཡོན་ཏན་ཙམ་ལས་མི་འབྱུང་ལ། དྭངས་མས་སེམས་ཀྱི་ཡོན་ཏན་སྣ་ཚོགས་འབྱུང་བས་དེས་ཟིན་པ་གལ་ཆེ་ཞེས་གསུངས་པ་དེའི་དོན་ནི།  སྙིགས་མའི་ཐིག་ལེ་ལ་བརྟེན་ནས་ཟག་བཅས་ཀྱི་བདེ་བ་རང་རྒྱུད་ལ་སྐྱེས་ཙམ་ན་ཆགས་པའི་དབང་གིས་བདེ་བ་དེའི་རྗེས་སུ་མི་འགྲོ་བར་བདེ་བ་དེའི་སྐབས་སུ་དྭངས་མའི་ཐིག་ལེ་དལ་ཙམ་ངོ་འཕྲོད་པ་དེའི་རྒྱུན་སྐྱོངས་དགོས་བར་བསྟན་པ་མིན་ན་སྙམ། ཁ་ཅིག་གིས། སྙིགས་མ་རྐྱང་པ་ལ་མངོན་པར་ཞེན་ནས་ཉམས་སུ་ལེན་ཏེ་མཐར་ཐུག་གི་ཡོན་ཏན་སྐྱེ་བར་མི་འགྱུར་རོ་ཞེས་གསུངས་སོ།
དགུ་བ་ཡེ་ཤེས་རྩེ་རྒྱལ་ལྟ་བའི་འཕྱོངས་ཞེས་པ་ནི། ཡེ་ཉིད་ཇི་བཞིན་མའི་གནས་ལུགས་སྣང་མེད་བློ་ལས་འདས་པ་ཆེན་པོ་དེོ་ཉེད་སུ་ཡིས་མ་མཛད་གང་གིས་མ་བཅོས་ཅི་ལ་ཡང་ཉམས་ང་མེད་པར་སྤྱི་རྒྱ་བརླབས་ཀྱིས་གཅོད་པའི་གཞི་རང་འབྱུང་གི་ཡེ་ཤེས་དེ་ཉིད་ལྟ་བ་ཀུན་གྱི་བླ་རུ་གྱུར་ཅིང་ཐེག་པ་དགུའི་ཡང་རྩེར་སོན་པ་ཀུན་ལས་རྣམ་པར་རྒྱལ་བས་དེ་ཇི་སྐད་དུ།    ཡེ་ནི་ཐོག་མ་དུས་མཐའ་མི་མེད་དབྱིངས།   ཤེས་ནི་སེམས་ཉིད་རིག་རྩལ་རྒྱུན་མ་འགག   རྩེ་ནི་འཁོར་བ་མྱང་འདས་རྫོགས་པས་རྩེ།   རྒྱལ་ནི་ཐེག་པ་འོག་མས་འགྲན་ཟླ་བྲལ།    རྒྱུ་འབྲས་མཐར་ཐུག་འཁོར་འདས་འུབས་སུ་ཆུད།    ཡེ་ཤེས་རྩེ་རྒྱལ་དོན་ལ་བརྗོད་དུ་མེད་ཅེས་སོ།  དེ་ལ་ཀློང་སྡེ་དང། སེམས་སྡེ། མན་གི་སྡེ་དང་གསུམ་དུ་ཡོད་པའི། ཀློང་སྡེ་ཞེས་པ་ནི་སྤྱིར་གཞི་ཇི་བཞིན་ཉིད་ཀྱི་སྐྱེ་མཆེད་ལ་གསལ་སྟོང་གིས་མཐས་རེག་ཀྱང་མན་ངག་ཟབ་མོས་བསྟན་ཚུལ་ལ་བོན་དབྱིངས་སམ་ཇི་བཞིན་ཉིད་གཙོ་བོ་བསྟན་པ་དང་རྩལ་ལམ་སྐྱེ་མཆེད་གཙོ་བོ་བསྟན་པའི་མན་ངག་སོགས་ཡོད་པས་བོན་ཉིད་ཀྱི་དབྱིངས་སྐྱེ་བ་མེད་པའི་ཀློང་དེ་གཙོ་བོ་སྟོན་པས་ན་ཀློང་སྡེ་དང་། དེའི་གཞུང་ནི། རྫོགས་པ་ཆེན་པོ་ཀློང་ཆེན་བསྒྲགས་པ་སྐོར་གསུམ་སོགས་ཇི་བཞིན་ཉིད་གཙོ་བསྟན་པའི་གཞུང་རྣམས་སོ། སེམས་སྡེ་ཞེས་པ་ནི་སྐྱེ་མཆེད་དམ་རོལ་བ་གཙོ་བོ་བསྟན་པས་དེ་གཞུང་ནི་རྫོགས་པ་ཆེན་པོ་སེམས་སྨད་སྡེ་དགུ་སོགས་སེམས་ཕྱོགས་ཀྱི་རྒྱུད་རྣམས་སོ། མན་ངག་གི་སྡེ་ཞེས་པ་ནི་འཁོར་འདས་ཐམས་ཅད་གཉིས་མེད་མཉམ་པ་ཆེན་པོ་གཙོ་བོ་བསྟན་པས་དེ་གཞུང་ནི་རྫོགས་པ་ཆེན་པོ་མན་ངག་བཀའ་རྒྱུད་སྐོར་བཞི་སོགས་མན་ངག་གི་རྒྱུད་སྡེ་རྣམས་ཡིན་ཏེ་དེ་དག་ནི་གཞུང་འགའ་ཞིག་གི་ངག་དོན་ལ་གཞིགས་ན་དེ་ལྟར་ཡིན་པར་སེམས་སོ།  དགེའོ། །

རྩོམ་པ་པོ་སློབ་གཉེར་ཤེས་རབ་བསམ་འཕེལ། སྨན་རིའི་རྫོགས་ཆེན་འཛིན་གྲྭ།