གཡུང་དྲུང་བོན་གྱི་དྲྭ་རྒྱ།

༧སྐྱབས་རྗེ་༧རྒྱལ་བ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་རྒྱ་གར་ཆོས་ལུགས་རིས་མེད་ཀྱི་སྲོལ་རྒྱུན་བཟང་སྤྱོད་ཚོགས་ཆེན་དུ་ཕེབས།

1དེ་ཡང་ཟླ་ཤས་སྔོན་ནས་དགའ་ལྡན་ཕོ་བྲང་གིས་གོ་སྒྲིག་ཞུས་ཏེ་ཆེད་དུ་གདན་འདྲེན་ཞུས་པ་ལྟར་ཕྱི་ལོ་ ༢༠༡༤ ཟླ་ ༩ ཚེས་ ༢༠ ནས་ ༢༡ ཉིན་ གཉིས་རིང་རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་ཡོད་པའི་ཧེ་ཡ་རི་ཇོན་སིན་ (Hyatt)ཞེས་པའི་གསོལ་མགྲོན་ཁང་དུ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གཙོས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་མངའ་སྡེའི་སྲིད་སྐྱོང་དང་། གཞན་མངའ་སྡེ་ ༢༤ ནས་མཁས་པ་དང་། ཆོས་ལུགས་ཁག་གི་དབུ་ཁྲིད།  གཞན་ཡང་ནང་པ་དང་ཡི་ཤུ་སོགས་ཆོས་ལུགས་འདྲ་མིན་གྱི་མི་སྣ་གྲགས་ཅན་བརྒྱ་ཕྲག་བརྒལ་བ་མཉམ་འཛོམས་གནང་སྟེ་མིའི་རིན་ཐང་དང་ཆོས་ལུགས་མཐུན་འབྲེལ་ཡར་རྒྱས་གཏོང་ཕྱོགས་སྐོར་གྱི་ཚོགས་འདུ་སྟེ་“རྒྱ་གར་ཆོས་ལུགས་རིས་མེད་ཀྱི་སྲོལ་རྒྱུན་བཟང་སྤྱོད་ཚོགས་འདུ་”A Meeting of Diverse Spiritual Traditions in India ཞེས་པ་གཟབ་རྒྱས་ངང་ཚོགས་ཡོད་པ་རེད།

IMG_7265ཐེངས་འདིའི་ཚོགས་འདུར་གཡུང་དྲུང་བོན་དང་ཆོས་བརྒྱུད་ཁག་གི་དབུ་ཁྲིད་བླ་ཆེན་དང་སྐུ་ཚབ་བླ་སྤྲུལ་རྣམས་དང་འཛམ་གླིང་གི་ཆོས་ལུགས་ཆེ་ཁག་ཁ་ཆེ་དང་། ཡི་ཤུ། སིཀ ཇོའུ།  བྷ་ཧའི། ཛུ་ར་དུ་དིན་སོགས་ཆོས་ལུགས་ཁག་དགུའི་དབུ་ཁྲིད་རྣམ་པ་དང་མཁས་པ་བཅས་མི་གྲངས་བརྒྱ་ལྷག་ཕེབས་ཞུགས་གནང་ཡོད་པ་དང་།  ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཚོགས་འདུ་དབུ་འབྱེད་གསུང་བཤད་གནང་སྐབས་གང་གི་སྐུའི་ཐུགས་འགན་གསུམ་ངོ་སྤྲོད་དང་འབྲེལ། འཛམ་གླིང་ཞི་བདེ་དང་།  ཁོར་ཡུག་གི་འགྱུར་ལྡོག  དབུལ་ཕྱུག་ཧེ་བག་གིས་སྤྱི་ཚོགས་ལ་དཀའ་ངལ་འཕྲད་བཞིན་ཡོད་སྐོར་དང་།   ཆོས་ལུགས་ཕན་ཚུན་མཐུན་ལམ་བཅས་ཀྱི་སྐོར་ནས་བཀའ་སློབ་གསུང་བཤད་གནང་ཡོད་པ་རེད།

IMG_7305དེ་ནས་དངོས་གཞིའི་ཚོགས་འདུའི་སྐབས་ཚོགས་ཆུང་ཁག་བཞི་ལ་བགོས་ནས་བགྲོ་གླེང་གནང་། དེ་ཡང་ཆོས་ལུགས་རང་རང་གི་ངོ་སྤྲོད་དང་འཛམ་གླིང་ཞི་བདེ་ཡོང་ཐབས་སོགས་ལ་དགོངས་ཚུལ་དང་བཀའ་སློབ་ཟབ་རྒྱས་གནང་ཡོད་པ་རེད། ཕྱི་ཚེས་ཉེར་གཉིས་ཉིན་གྱི་ཕྱི་དྲོར་ལྡི་ལིའི་མངའ་སྡེའི་བློན་ཆེན་ཟུར་པ་ལྕམ་རོ་མི་ལ་སོགས་གྲགས་ཅན་མི་སྣ་ཁག་གཅིག་ལ་ཐུག་ཕྲད་གནང་ཡོད་པ་དང་།

ཚེས་ ༢༢ ཉིན་གྱི་སྔ་དྲོ་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནས་མཁའ་ལམ་བརྒྱུད་གྲོང་ཁྱེར་ཅན་ངྷི་གྷར་ལ་ཕེབས་ཡོད་པ་དང་དེ་ནས་སྨན་རིའི་འབྲེལ་ཡོད་ལས་བྱེ་རྣམ་པས་ཕེབས་བསུ་དང་བཅས་བོན་གཞིས་ཐོབ་རྒྱལ་གསར་པ་༧གཡུང་དྲུང་བོན་གྱི་གདན་ས་ཆེན་སྨན་རིའི་གླིང་དུ་ཞབས་སོར་བདེ་བོར་འཁོད་ཡོད་པ་བཅས་ཀྱི་གནས་བསྡུས་ཙམ་དུ་དྲྭ་ལམ་ཁག་ནས་བསྡུ་སྒྲིག་བྱས་པ་ཡིན། །

སྐུ་པར་དང་གནས་ཚུལ་མཁོ་སྤྲོད་གནང་མཁན། དགེ་བཤེས་གཞན་ཕན་བསམ་འགྲུབ།