གཡུང་དྲུང་བོན་གྱི་དྲྭ་རྒྱ།

ཚད་མ་གསུམ་དང་དྲུག་གི་སྐོར་གླེང་བའི་དཔྱད་གཏམ་རིགས་སྨྲ་དགྱེས་པའི་མཆོད་སྤྲིན།

67997_415077661899193_531833906_nརང་ཅག་གཞུང་ལུགས་དོན་དུ་གཉེར་བའི་རིགས་སྨྲ་བ་ཡོངས་ལ་བཀའ་དྲིན་མཚུངས་ཟླ་མ་མཆིས་པ་ངེས་པ་དོན་གྱི་མཁས་གྲུབ་ཆེན་པོ།   མཚན་ཐོས་པ་ཙམ་གྱིས་དད་པའི་སྤུ་ལོང་ལྡེམ་ལྡེམ་དུ་གཡོ་བར་བྱེད་པའི་བོན་གྱི་སྤྱན་མངའ་བ་དེ་ཉིད་ཀྱིས།   བསྟན་དང་འགྲོ་བའི་དོན་དུ་བརྩམས་པའི་བསྟན་པའི་གསལ་བྱེད་དམ་པར་གྱུར་པའི་འགྲེལ་དང་ཆ་ལག་དེ་རྣམས།  འཕྲོས་སྦྱོར་གྱི་རིམ་པ་ཙམ་མིན་པར་མཐའ་དཔྱོད་ཀྱི་སྡོམ་ཚིག་ཏུ་སྤེལ་བ་མང་ལ།     ཇི་ཙམ་རྟོག་དཔྱོད་གྱི་ལམ་ནས་འཇུག་པས།  དེ་ཙམ་གྱིས་གོ་དོན་ཟབ་པར་འགྱུར་ཅིང་།    ལན་གཅིག་དཔེ་བལྟ་བྱེད་པ་ཙམ་གྱིས་ངོམས་པར་མི་འགྱུར་ལ།   ཡང་ནས་ཡང་དུ་རྣམ་པར་དཔྱོད་པའི་འདུན་པ་དྲག་པོ་འགོག་མེད་དུ་སྐྱེ་བར་འགྱུར་བ།  དགག་བཞག་སྤོང་གསུམ་དང་འབྲེལ་བའི་ཐུན་མིན་གྱི་བཞེད་པ་དག་ཐང་མར་བརྡལ་བས།     ཐར་འདོད་ཀྱི་སྐྱེས་བུའི་ཚོགས་རྣམས་ཀྱང་།  རིགས་པའི་གད་རྒྱངས་རྣམ་པར་སྒྲོགས་ནས་འཆད་རྩོད་ཀྱི་ཟློས་གར་ཅི་དགར་བསྒྱུར་བ་ལ་རབ་ཏུ་བྲེལ་ཏེ།     ཉིན་མཚན་གྱི་སྣང་བ་བཟློག་པར་གྱུར་པའི་བསྟན་འཛིན་གྱི་སྐྱེས་བུ་དག་ཀྱང་མཐོང་ངོ་།     མཆོག་གིས་མཛད་པའི་གསུང་རབ་ཀྱི་དགོངས་འགྲེལ་ཁག་ནི།  ཚིག་དོན་གཉིས་ཀྱི་ཐད་ནས་བརྡར་ཤ་རྣམ་པར་བཅད་ཟིན་པ་ཤ་སྟག་ཡིན།  །དཔེར་ན་མཚན་མཚོན་གྱི་ཚིག་ཟུར་རེ་རེ་ལ་དཔེས་མཚོན་ཏེ་ཞུས་ན།  མཚོན་བྱའི་ཁྱད་པར་དུ་བྱས་པ་དག་མཚན་ཉིད་དུ་འཇོག་པའི་ལུགས་གཏན་ནས་མི་སྲིད་པ་ཡིན། རིགས་གནས་དང་ཆ་བཞག་རབ་ཕྱེས་སོགས་ཀྱི་དབྱེ་བསྡུའི་རིགས་རྣམས་དེ་བས་ཀྱང་མཐོང་རྒྱུ་མེད་དོ།  གལ་ཏེ་ཕྱོགས་སྔས་མཚོན་བྱའི་ཁྱད་པར་དུ་བྱས་པ་མཚན་ཉིད་དུ་འཇོག་ནས་རྒོལ་བར་འགྱུར་བའི་ཚེ།  ལུང་རིགས་ཟུང་འབྲེལ་གྱི་ལམ་ནས་ལོག་རྟོག་གཙང་དག་བྱ་རྒྱུ་ཉག་ཅིག་ལས་མ་འདས།  དམ་པ་ཁོང་གིས་མཛད་པའི་མཚན་ཉིད་རིག་པའི་གཞུང་ལུགས་རྣམས་གཅིག་བས་གཅིག་ཟབ་ཅིང།  གཅིག་བས་གཅིག་ལེགས་པར་གྱུར་པ་འབའ་ཞིག་ཏུ་སྣང་ན་ཡང།  སྐབས་འདིར་བཤད་པར་བྱ་བའི་དཔྱད་གླེང་གི་སྒྲོམ་གཞི་ནི།   ༼ཚད་མའི་སྙིང་པོ་དེ་ཁོ་ན་ཉིད་ཀུན་ལས་བཏུས་པ་རིག་པའི་གཏེར་མཛོད་༽ཅེས་བྱ་བའི་ཚད་མའི་བཀའ་བརྟེན་ཆེན་མོ་དེ་ཉིད་དོ།   ཚད་མའི་བཀའ་བརྟེན་ཆེན་མོ་འདི་ཉིད།  རོང་སྟོན་ཚུལ་སེང་གིས་ཉེ་བར་བསྐུལ་ཏེ་སྦྱར་བ་ཉིད་ཀྱི་འགྲེལ་ལས་གསལ་བ་ལྟར་ཡིན་ལ།  ཚད་མ་རིག་པའི་གཏེར་མཛོད་ཆེན་པོ་འདི་ཉིད་བཀའ་བརྟེན་ཡིན་པར་བརྟེན།  རྩིས་འགོ་རྣམ་པ་ལྔ་འམ་བདུན་དང་འབྲེལ་བའི་སྒོ་ནས་བརྩམས་པ་ཞིག་ཡིན་པར་གསལ།

ཐོག་མར་གཞུང་འདི་ཉིད་མཛད་པ་པོའི་དཔོན་གསས་ནི།   ཕྱི་ལོའི་དུས་རབས་༼༡༢༽པའི་ཁོངས་སུ་འཁྲུངས་པའི་བོན་གྱི་སྤྱན་ལྡན་ཆེན་པོ་འ་ཞྭ་འགྲོ་མགོན་བློ་གྲོས་རྒྱལ་མཚན་ཞེས་བྱ་བ།   ཕྱི་སོ་སོ་ཐར་པས་རྒྱུད་བསྡམས། ནང་གསང་བ་སྔགས་ཀྱི་ཐེག་པའི་གཞུང་བསྲངས། བློ་ཕུགས་བླ་མེད་རྫོགས་པ་ཆེན་པོ་ལ་གཏད་པའི་སྡོམ་གསུམ་འགལ་མེད་ལམ་དུ་སློང་བའི་གཤེན་གྱི་དྲང་སྲོང་ཆེན་པོ།   མདོ་སྔགས་སེམས་གསུམ་གྱིས་བསྡུས་པའི་གཞུང་ལུགས་རབ་འབྱམས་རྒྱ་མཚོ་ལ་མངའ་བསྙེམས་ཤིང་སྤྱན་དཀྱུས་རབ་ཏུ་ཡངས་པ།  ཁྱད་པར་དུ་དབུ་ཚད་དང་གསང་སྔགས་ཀྱི་བོན་ལ་རྣམ་པར་དཔྱོད་པའི་བློ་གྲོས་ཀྱི་པད་མོ་རབ་ཏུ་བཞད་ཅིང་།  གནའ་དེང་མཁས་གྲུབ་ཀུན་གྱིས་གདེང་འཇོག་འོས་པའི་རྒྱལ་བའི་གསུང་རབ་ཀྱི་དགོངས་དོན་རང་རྒྱུད་ལ་སྦྱར་ཏེ་འགྲེལ་བའི་གཡས་རུའི་རིགས་པ་སྨྲ་བའི་སེང་ཆེན་དུ་གྲགས་པ་དེ་ཉིད་ཡིན་ནོ།

གཉིས་པ་ཡུལ་གང་དུ་མཛད་པ་ནི།  བོན་གྱི་གདན་ས་ཆེན་པོ་གཡས་རུ་དབེན་ས་ཁ་ཞེས།   སྐལ་ལྡན་བརྒྱ་ཕྲག་དུ་མས་ལུང་དང་རིགས་པའི་འབེལ་གཏམ་རྟག་ཏུ་སྒྲོགས་ཤིང་མཁས་གྲུབ་ཀྱི་ཚང་ཆེན་བར་མ་ཆད་པར་བརྡོལ་བའི་གནས་མཆོག་དེ་ཉིད་དོ།  གསུམ་པ་ཕྱོགས་གར་གཏོགས་པ་ནི།  བོན་སྒོ་བཞི་མཛོད་དང་ལྔ་ཡི་ནང་ནས།  མཐོ་ཐོག་སྤྱི་རྒྱུག་མཛོད་ཀྱི་བོན་ཏེ།  སྒོ་བཞི་ཀུན་ལ་རྒྱུག་ཅིང།  མཐར་ཐུག་སྣང་ལ་རང་བཞིན་མེད་པའི་དོན་གཏན་ལ་འབེབ་པར་བྱེད་པའོ།  སྡེ་སྣོད་གསུམ་གྱི་ནང་ནས།  མངོན་པའི་སྡེ་སྣོད་གྱི་ཁོངས་སུ་གཏོགས་ཏེ།  བསླབ་པ་ཤེས་རབ་ཀྱི་བསླབ་པ་བརྗོད་བྱའི་གཙོ་བོར་སྟོན་པའི་གཞུང་ཡིན་པའི་ཕྱིར་རོ།  རིག་པའི་གནས་ལྔ་ཡི་ནང་ནས།  སྒྲ་རིག་པའི་ཁོངས་སུ་གཏོགས་ཏེ།  སྒྲ་རིག་པའི་འབུམ་སྡེ་གསུམ་གྱི་ནང་ནས་སྒྲ་ཚད་ཀྱི་རྩོད་འབུམ་ཁྲ་བོའི་ཁོངས་ནས་ཕྱུང་བ་ཡིན་པའི་ཕྱིར་རོ།  བཞི་པ་རྒྱུད་གང་ལས་བཏུས་པ་ནི།  ༼རིག་པའི་གཏེར་མཛོད་༽དེ་ཉིད་ལས། ཀུན་ལས་བཏུས་པ་རིག་པའི་གཏེར་མཛོད་ཅེས།  བདེར་གཤེགས་རྒྱལ་བའི་དགོངས་ལུང་མཐའ་དག་དང།  རབ་གསལ་འཕགས་པའི་མན་ངག་བཅུད་དུ་འདྲིལ། ཞེས་པའི་ལུང་གི་བསྟན་དོན་ལྟར།  སྟོན་པ་སངས་རྒྱས་ཀྱིས་གསུངས་པའི་༼སྒྲའི་འབུམ་གསུམ་༽དང་།  ༼ཚད་མ་སྡེ་བདུན།༽  གཞན་ཡང་ཞང་བོད་ཀྱི་མཁས་གྲུབ་ཆེན་པོ་བླ་ཆེན་དྲན་པ་ནམ་མཁས་མཛད་པའི་༼རྣམ་འབྱེད་འཕྲུལ་ལྡེ་༽དང།  ལི་ཤུའི་༼མན་ངག་ལུང་གི་ཚད་མ།༽  ཤ་རའི་༼གལ་མདོ་༽སོགས་ཀྱི་དགོངས་དོན་ཇི་བཞིན་བླངས་ཏེ་བཏུས་པར་མཛད་པའོ།  ལྔ་པ་མཚན་ལ་ཇི་ལྟར་གསོལ་བ་ནི།  ཚད་མའི་སྙིང་པོ་དེ་ཁོ་ན་ཉིད་ཀུན་ལས་བཏུས་པ་རིག་པའི་གཏེར་མཛོད་ཅེས་བྱ་བ་ཡིན། དེ་ཡང་སེམས་ཅན་ཐམས་ཅད་ཀྱི་བདེ་སྡུག་ནི་དེ་ཁོ་ན་ཉིད་ཀྱི་དོན་རྟོགས་པ་དང་མ་རྟོགས་པ་ལས་བྱུང་བར་གསུངས་ཤིང།  དེ་ཁོ་ན་ཉིད་ཀྱི་དོན་རྟོགས་པར་བྱེད་པའི་ཐབས་ལ་ཐམས་ཅད་མཁྱེན་པས་བོན་གྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་དུ་གསུངས་ཀྱང།  དེ་རྣམས་ཀྱི་དོན་ཚུལ་བཞིན་དུ་འགྲེལ་ཞིང་ཤེས་བྱའི་གནས་ལུགས་འཇལ་བར་བྱེད་པ་ལ་ཚད་མ་ནི་སྙིང་པོ་ལྟ་བུ་གྱུར་པས་ན། ཚད་མའི་སྙིང་པོ་དེ་ཁོ་ན་ཉིད། ཅེས་དང།  ཀུན་ལས་བཏུས་པ་རིག་པའི་གཏེར་མཛོད།  ཅེས་བྱ་བ་ནི།  མདོ་སྔགས་སེམས་གསུམ་གྱིས་མཚོན་སྔགས་སེམས་ཀྱི་གཞུང་ལུགས་རྒྱ་མཚོ་ལྟར་རྒྱ་ཆེ་ཞིང་གཏིང་ཟབ་པའི་ནང་ནས། དེ་ཁོ་ན་ཉིད་ཀྱི་དོན་གཏན་ལ་འབེབ་པར་བྱེད་པའི་ཚད་མའི་རྣམ་བཞག་ལ། རྩ་བའི་དབང་དུ་བྱས་ན། ཚད་མ་གསུམ་དང།  དེ་ལས་རྒྱས་པར་ཕྱེས་ན་ཚད་མ་དྲུག་གི་རིམ་པ་གུད་དུ་བཞུགས་པ་རྣམས་དང། ཁྱད་པར་དུ་རིན་པོ་ཆེ་ཡི་གཏེར་དང་འདྲ་བའི་གནས་སྐབས་དང་མཐར་ཐུག་གི་རིག་པ་ཚད་མའི་བོན་སྡེ་རྣམས་ཕྱོགས་གཅིག་ཏུ་སྤུངས་པའི་རིག་པའི་མཛོད་ཆེན་འདི་ཉིད་ཡིན་པས།  དཔེ་དོན་གཉིས་དང་འབྲེལ་བའི་སྒོ་ནས་མཚན་གྱི་རིམ་པ་དེ་ལྟར་གསོལ་བ་ཡིན་ནོ། དྲུག་པ་དོན་ཆེད་དགོས་པ་ཅིའི་དོན་དུ་མཛད་པ་ནི།  བདེ་ལེགས་དང་བདེ་ལེགས་ཆེན་པོའི་གོ་འཕང་ཐོབ་པར་བྱེད་པ་ལ།  འཁོར་འདས་སྤང་བླང་གི་རྣམ་བཞག་ཚུལ་བཞིན་དུ་ཤེས་དགོས།  དེ་ལྟར་རྒྱུ་མཚན་དང་སྦྲེལ་ཏེ་འཇུག་ལྡོག་གི་རིམ་པ་ལ་མཁས་པར་བྱེད་པ་དེ་ཉིད།   ཡིན་ལུགས་ཚུལ་བཞིན་དུ་དཔྱོད་པའི་རིག་པ་ཚད་མ་དང་རྒྱལ་འཕགས་ཀྱི་བཀའ་ལུང་ཟབ་མོ་དེ་དག་གཞི་རྩར་འཇོག་པ་ལ་བརྟེན་ནས་འབྱུང་དགོས་པ་ཡིན་པས་ན་དེ་ལྟར་རོ། རྒྱུ་མཚན་དེ་དག་གི་ཕྱིར་མཐར་གཏུགས་ན་འཁོར་འདས་ཀྱི་མཚན་ཉིད་ཤེས་པ་གལ་ཆེ་ཕྱིར་ཤེས་བྱེད་དུའང་།   བོན་གྱི་སྤྱན་ལྡན་ཆེན་པོས་ཀུན་བཏུས་ལེའུ་བརྒྱད་ཀྱི་ཐ་མར་མཚན་མཚོན་གཞི་གསུམ་གྱི་རྣམ་བཞག་དེ་ཉིད་བསྟན་པ་ཡིན་ལ།  རྗེ་བདག་ཉིད་ཆེན་པོས་ཤེས་པར་བྱ་བའི་ཡུལ་གྱི་དབང་དུ་བྱས་ནས།  ལེའུ་དང་པོའི་ཁོངས་སུ་བསྡུས་ཏེ་བསྟན་པ་ཡིན་ནོ།   རྣམ་པ་གཅིག་ཏུ་ན།  སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་འདི་ཉིད་ལ། མ་རྟོགས་པ་དང་ལོག་པར་རྟོག་པ་དང་ཐེ་ཚོམ་ཡིད་གཉིས་ཀྱི་དབང་གིས་རྒོལ་བར་འགྱུར་པའི་ཚེ།  ཚད་མའི་རིག་ལམ་ལ་བརྟེན་ནས་དགག་བཞག་སྤོང་གསུམ་དང་འབྲེལ།  ཡིན་ལུགས་ཅི་བཞིན་གོ་བརྡ་སྤྲོད་དགོས་པས་ནའོ།
བདུན་པ་དེ་ལྟར་མཛད་པའི་ཡོན་ཏན་ནི།  རྒྱལ་བའི་གསུང་རབ་ཀྱི་དགོངས་དོན་བདེ་བླག་ཏུ་རྟོགས་པ་ལ་བརྟེན་ནས།  ཡང་དག་ངེས་པའི་ལམ་ལ་འཇུག་པར་འགྱུར་བ་དང།  བློ་སྒྲོམ་རྨོངས་པའི་ཐ་རམས་ཀྱི་སྒོ་མོ་འབྱེད་པར་མཛད་པ་དང།  ལེགས་པ་ཀུན་འབྱུང་གི་ཡོན་ཏན་བསྐྱེད་པར་མཛད་པ།  མྱང་འདས་ཐར་པའི་གྲོང་དུ་བསྐྱོད་པར་མཛད་པ།  སྣ་ཚོགས་དྲི་མ་མེད་པའི་ཡེ་ཤེས་ཀྱི་ཚོགས་རྣམས་རྒྱས་པར་མཛད་པ།  མི་རྟོག་ཤེས་རབ་ཀྱི་སྣང་བ་འདྲེན་པར་བྱེད་པ། མཐའ་བྲལ་གཡོ་མེད་ཀྱི་ངང་ལ་མཉམ་པར་མཛད་པ། མཐར་ཐུག་འདས་པ་ཆེན་པོའི་དངོས་གྲུབ་བསྙེམས་ཏེ།  སྒྲིབ་གཉིས་གཡུལ་ལས་རྣམ་པར་རྒྱལ་བའི་ཡོན་ཏན་དགུ་དང་ལྡན་པའི་ཚུལ།  ༼ཀུན་ལས་བཏུས་པ་རིག་པའི་གཏེར་མཛོད་༽ལས།  དེ་ལྟར་ཟབ་འབྲས་ལེགས་པའི་གཞུང་ལུགས་ལ།  ཞེས་པ་ནས།  དེ་ལྟའི་ཡོན་ཏན་རྣམ་པ་ཀུན་ལྡན་པའི། ཀུན་ལས་བཏུས་པ་རིག་པའི་གཏེར་མཛོད་འདི།  ཞེས་པའི་བར་གསལ་བར་བསྟན་པ་ལྟར་བཀོད་པ་ཡིན་ནོ། དེ་ལྟར་རྨད་དུ་བྱུང་བའི་ཚད་མའི་སྙིང་པོ་དེ་ཁོ་ན་ཉིད་ཀུན་ལས་བཏུས་པ་རིག་པའི་གཏེར་མཛོད་ཅེས་བྱ་བའི་ཚད་མའི་འགྲེལ་ཆེན་འདི་ནི། ལེའུ་བརྒྱད་ལས་གྲུབ་པའི་བདག་ཉིད་ཅན་ཞིག་ཡིན།   ལེའུ་དང་པོའི་ཁོངས་སུ་མཆོད་བརྗོད་དང་གླེང་གཞི།  ཤེས་པར་བྱ་བ་ལ་ཡུལ་གསུམ་གྱི་རང་བཞིན་དང། ཤེས་བྱེད་བློ་ཡི་རང་བཞིན་ལ་རྟོག་པ་དང་རྟོག་མེད།  བློ་རིག་བརྒྱད་དང་ཚད་མིན་གྱི་བློ་ལྔ་བཅས་ཀྱི་རྣམ་བཞག་སོགས་བསྟན།  ལེའུ་གཉིས་པའི་ཁོངས།  ཚད་མ་སྤྱི་ཡི་རང་བཞིན་དང། དགག་སྒྲུབ་དང་རྫས་ལྡོག། རྫས་ཡོད་དང་བཏགས་ཡོད། བརྗོད་བྱ་དང་རྗོད་བྱེད། དངོས་རྟོགས་དང་ཤུགས་རྟོགས།  སྤྱི་དང་བྱེ་བྲག  དགག་སྒྲུབ་ཀྱི་དངོས་ཤུགས་རྟོགས་ཚུལ། མངོན་རྗེས་ལ་ལོག་རྟོག་དགག་པའི་རིམ་པ་བཅས་གསལ་བར་བསྟན། ལེའུ་གསུམ་པའི་ཁོངས་རྒྱལ་བའི་བཀའ་ཚད་མ་དང། ལུང་ཚད་མ་གཉིས་ཀྱི་རྣམ་བཞག་རྒྱས་པར་གསུངས། ལེའུ་བཞི་པའི་ཁོངས་མངོན་རྗེས་གཉིས་ཀྱི་དབྱེ་གཞིར་གྱུར་པའི་རིག་པ་ཚད་མའི་རྣམ་བཞག་སྤྱི་དང། ནང་གསེས་མངོན་སུམ་ཚད་མའི་རིམ་པ་བཅས་བཤད། ལེའུ་ལྔ་པའི་ཁོངས་རྗེས་དཔག་ཚད་མའི་མཚན་ཉིད་དང་བསྒྲུབ་བྱའི་སྐོར། རྗེས་དཔག་གི་སྒྲ་འཇུག་ཚུལ་གྱི་བཤད་པ། བོན་ཅན་གྱི་བཤད་པ། མཐུན་ཕྱོགས་དང་མི་མཐུན་ཕྱོགས་ཀྱི་བཤད་པ། རྟགས་ལྟར་སྣང་ལས་འཕྲོས་པའི་འགལ་དང་མ་ངེས་མ་གྲུབ་གསུམ་གྱི་རྣམ་བཤད་དང། རྟགས་ཀྱི་བྱེད་ལས། འགལ་འབྲེལ་དང། ཡང་དག་པའི་རྟགས་ཀྱི་རྣམ་དབྱེ་བཅས་གསལ། ལེའུ་དྲུག་པའི་ཁོངས་རང་དོན་རྗེས་དཔག་དང་དགག་སྒྲུབ་ཀྱི་རྟགས་གཉིས་པོའི་སྐོར་ཁ་གསལ་བྱས། ལེའུ་བདུན་པའི་ནང་གཞན་དོན་རྗེས་དཔག་དང། རྗེས་དཔག་གི་བསལ་བ། རྒོལ་བའི་རྣམ་བཞག  རྩོད་ངག  ཐལ་འགྱུར་བཅས་གསུངས། ལེའུ་བརྒྱད་པའི་ནང་མཚན་མཚོན་གཞི་གསུམ་གྱི་བཤད་པ་དང། མཚན་ཉིད་ཀྱི་རྣམ་བཞག། མཚོན་བྱའི་རང་བཞིན། མཚན་གཞི་ཡི་རང་བཞིན། མཚན་མཚོན་གཞི་གསུམ་གྱི་འབྲེལ་ཚུལ་དང། མཚོན་ཚུལ། འགལ་མཚུངས།  མཚན་མཚོན་འཁྲུལ་པ་སྤོང་བའི་རིམ་པ་བཅས་ལེགས་པར་གཏན་ལ་ཕབ་ནས་བསྟན།  ལེའུ་བརྒྱད་པོ་དེ་དག་མདོར་དྲིལ་ན། རྩ་བའི་ས་བཅད་གསུམ་གྱི་ཁོངས་སུ་འདུ་བ་སྟེ།  རྩ་བའི་ས་བཅད་དང་པོ་ཤེས་པར་བྱ་བ་ཡུལ་གྱི་རང་བཞིན་ཁོངས་ལེའུ་དང་པོ་དང།  རྩ་བའི་ས་བཅད་གཉིས་པ་ཤེས་པར་བྱེད་པ་ཡུལ་ཅན་གྱི་རང་བཞིན་ཁོངས་ལེའུ་གཉིས་པ་ནས་ལེའུ་བདུན་པའི་བར་ཆ་ཚང་དང།  རྩ་བའི་ས་བཅད་གསུམ་པ་དེ་དག་གི་རང་བཞིན་མཚན་མཚོན་གཞི་གསུམ་གྱི་རང་བཞིན་གཏན་ལ་དབབ་པའི་ཁོངས་ལེའུ་བརྒྱད་པ་ཆ་ཚང་བསྡུས་ཡོད། ཀུན་བཏུས་ལེའུ་དང་པོའི་ཁོངས། ཚད་གསུམ་ཟུང་དུ་མ་འབྲེལ་ན་སྟོན་པའི་བཀའ་མིན། བདེན་གཉིས་དོ་རུ་མ་མཉམ་ན་གཡུང་དྲུང་གི་བོན་མིན།  ཞེས་མདོ་ལས་ལུང་དྲངས་ནས་བཀོད་འདུག་པའི་མདོ་དེ་གང་ཞིག་ཡིན་མིན་རྙེད་སོན་མ་བྱུང།    འོན་ཀྱང་དོན་ལ་ཁྱད་པར་མེད་མོད་ཀྱང། ཚིག་གི་ཆ་ནས་ཅུང་མི་མཐུན་པ་མཛད་མདོ་འབྲིང་པོ་༼མདོ་གཟེར་མིག་༽ལེའུ་བཅོ་བརྒྱད་པའི་ཁོངས་གཤེན་རབ་ཀྱི་སྲས་སྤྲུལ་པའི་ལེའུ་བརྒྱད་པའི་ནང།  ཟུང་དུ་འབྲེལ་བའི་ཚད་མ་གསུམ་མ་མཐུན་ན་སྟོན་པའི་བཀའ་མིན།  དོ་རུ་མཉམ་པའི་བདེན་པ་གཉིས་མ་འགྲོགས་ན་གཡུང་དྲུང་གི་བོན་མིན།  ཞེས་གསལ་ལོ།   ཚད་མ་དྲུག་གི་སྐོར་ལེའུ་དང་པོའི་ནང།  ཚད་མ་དྲུག་གིས་མི་མཚོན་ན། གྲི་མེད་གཡག་རོ་བཤའ་བ་འདྲ།  ཞེས་ནང་རྒྱུད་ལས་ལུང་དྲངས་པའི་ནང་རྒྱུད་དེ་དུས་ཡུན་རིང་མོ་ཞིག་གི་བར་ཁོ་བོར་མཇལ་བའི་བསྐལ་བ་མ་བྱུང་ཡང་། ཉེ་ཆར་གཉེན་འཕྲད་ཀྱི་ཕྱིར་རང་ཡུལ་གངས་ལྗོངས་མེས་པོའི་ཕ་སར་བསྐྱོད་པའི་བསོད་ནམས་ཞིག་ཤར་སྐབས། ག་ཤེལ་དགོན་པའི་དབུ་བླ་དྲུང་མུ་རིན་པོ་ཆེ་མཆོག་དང་། གདུང་སྲས་བསྟན་འཛིན་མཆོག་ལེགས་རྣམས་ཀྱིས་བདག་ལ་ཐིག་ལེ་དགུ་པ་ཡང་སྙིང་གསང་བའི་ལུང་ལས་སྟོད་སྨད་བར་གསུམ་གྱི་འགྲེལ་བའི་དབུ་ཕྱོགས་ཞེས་པའི་གླེགས་བམ་དཔེ་དཀོན་རྩ་ཆེན་ཞིག་གནང་བྱུང་བ་དེའི་ནང་ཐོག་མར་མཇལ་བའི་སྐལ་བཟང་ཐོབ།  སྤྱན་ལྡན་ཆེན་པོས་ཀུན་བཏུས་གཞུང་གི་ནང་དྲངས་པའི་ལུང་།  ཚད་མ་དྲུག་གིས་མི་མཚོན་ན། གྲི་མེད་གཡག་རོ་བཤའ་བ་འདྲ། ཞེས་པ་དེ་དང་། བདེན་གཉིས་གཞལ་བྱར་མི་འཇོག་ན།  འབན་མེད་མདའ་ཉེ་མཇལ་བ་འདྲ།  ཞེས་པའི་ལུང་།

གཞན་ཡང་སྤྱན་ལྡན་ཆེན་པོས་ཕྱག་དཔེ་གཞན་གྱི་ནང་དུ་དྲངས་པ།  ཚིག་གི་འགལ་འབྲེལ་བརྩིས་པས་དོན་གྱི་ཨ་ཏི་སྟོར། ཞེས་པའི་ལུང་ཚིག་དེ་རྣམས།  གོང་གསལ་གྱི་གླེགས་བམ་དེའི་ནང་ཞི་རྒྱུད་ཀྱི་ཁོངས་སུ་གཏོགས་པའི་ཐེག་པ་ཆེན་པོ་མི་བརྗེད་པ་གཟུངས་ཀྱི་མདོ་ཡི་དབུ་ཕྱོགས་བཞུགས་པའི་ཁྲོད་དུ་འདུག མདོ་དེ་ཉིད་ཀྱི་ནང་དུ།  བདེན་གཉིས་གཞལ་བྱར་མི་འཇོག་ན།  འབན་མེད་མདའ་ཉེ་འཇལ་བ་འདྲ།  བོན་དང་བྲལ་ཞེས་རྩོད་པ་ཟློག  ཚད་མ་དྲུག་གིས་མི་འཇལ་ན།  གྲི་མེད་གཡག་རོ་བཤའ་བ་འདྲ། བྱེད་པ་མེད་ཀྱིས་རྩོད་པ་ཟློག རིག་པའི་རྒྱུན་ལམ་བཅད་ནས་རྟོག་པས་རྟོག་སྤྱོད་བྱེད། རྟོག་མེད་རྒྱང་དུ་སྤངས་ནས་རྣམ་རྟོག་དོན་དུ་གཉེར།  ཚིག་གི་འགལ་འབྲེལ་བརྩིས་པས་དོན་གྱི་ཨ་ཏི་སྟོར།  ཚུ་རོལ་དོན་དུ་གཉེར་བས་ཕ་རོལ་རྒྱང་ནས་འདྲིལ། ཞེས་པ་དེ་རྣམས་གསལ་ལོ།

ཚད་མ་གསུམ་ནི་བཀའ་ཚད་མ་དང་ལུང་ཚད་མ་རིག་པ་ཚད་མ་གསུམ་ཡིན་པ་ཀུན་བཏུས་ལེའུ་བཞི་པའི་ནང་ཞིབ་པར་གསལ།  འོ་ན་ཚད་མ་དྲུག་ཅེས་པ་འདི་ཉིད་གང་ཞིག་ཡིན་མིན་ལ།  རིགས་པའི་ལམ་ལ་ཞུགས་པའི་ཞྭ་དཀར་གཡུང་དྲུང་བོན་གྱི་གདན་ས་ཆེན་པོ་༸དཔལ་གཤེན་བསྟན་སྨན་རིའི་གླིང་གི་རིགས་སྨྲ་བ་རྣམས་ཀྱིས་བསྭོ་སྒྲའི་བོན་དབྱངས་རྣམ་པར་སྒྲོགས་པའི་འཆད་ཉན་གྱི་ར་བའི་ནང། རིགས་ལམ་གྱི་བརྒལ་བརྟག་འདྲེན་སྐབས།   གནད་དོན་འདི་དག་གི་ཐད་ལུང་རིགས་དང་འབྲེལ་བའི་ཟིན་མཚམས་ཁག་གཉིས་བྱུང་།  ཁ་ཅིག་གིས་ཚད་མ་དྲུག་བྱ་བ།  རྒྱལ་བའི་བཀའ་ཚད་མ་དང། འཕགས་པའི་ལུང་ཚད་མ། རང་གི་རིག་པ་ཚད་མ།  མངོན་སུམ་ཚད་མ། རྗེས་དཔག་ཚད་མ། དེའི་སྟེང་སྐྱེས་བུ་ཚད་མ་རྩིས་པས་དྲུག་ཡིན་ཟེར། ཚད་མ་དྲུག་གི་ཁོངས་སྐྱེས་བུ་ཚད་མ་རྩིས་དགོས་པའི་རྒྱུ་མཚན་ཡང།  ལུང་ཚད་མ་ལས། སྐྱེས་བུ་མི་བསླུ་མི་འཁྲུལ་བ། མངོན་སུམ་པ་དང་རྗེས་སུ་དཔག  ཅེས་གསུངས་པའི་ལུང་ལ་བརྟེན་ནས་དེ་ལྟར་འགྲེལ་ཞིང་།      ཟིན་མཚམས་ཀྱང་དེ་ལྟར་བྱས་པ་མཐོང་།  ཡང་འགྲེལ་བྱེད་པ་ཁ་ཅིག་གིས། ཚད་མ་དྲུག་བྱ་བ། རྒྱལ་བའི་བཀའ་ཚད་མ་དང། འཕགས་པའི་ལུང་ཚད་མ། དོན་དམ་མཐར་ཐུག་གི་ཚད་མ།  རིག་པ་ཚད་མ། མངོན་སུམ་ཚད་མ། རྗེས་དཔག་ཚད་མ་དང་དྲུག་ལ་ངོས་འཛིན་དགོས་པའི་དམ་བཅའ་མཛད།   སྐྱེས་བུ་ཚད་མ་དེའི་ཁོངས་སུ་མི་གཏོགས་ཟེར།  ཚད་མའི་ཐ་སྙད་ཀྱིས་བརྒྱན་པ་ཐམས་ཅད་དེའི་ཁོངས་སུ་འདུ་བའི་ངེས་པ་མེད།  དེ་ལྟར་ན་གཏན་ཚིགས་ཚད་མ་ཡང་ཚད་མ་དྲུག་གི་ཁོངས་སུ་འདུ་བར་འགྱུར་རོ་ཞེས་སྐད་གསང་མཐོན་པོས་སྒྲོགས་པར་བྱེད་དོ།  གང་ལྟར་ལུགས་གཉིས་ཀས་ཀུན་སློང་རྣམ་པར་དག་པས་དགག་བཞག་སྤོང་གསུམ་གྱི་ལས་ལ་ཞུགས་པ་འདི་ཉིད།  གྲུབ་མཐའི་རྒྱལ་པོ་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེའི་མཛེས་རྒྱན་དུ་གྱུར་ཞིང་ལེགས་པར་མཐོང་ན་ཡང།  དོན་དངོས་ཚད་མ་དྲུག་བྱ་བ་གང་ཞིག་ཡིན་མིན་རྒྱལ་འཕགས་བླ་མའི་བཀའ་ལུང་དཔང་དུ་བཞག་ནས།    ཁོ་ཐག་ཆོད་པ་བྱ་རྒྱུ་དེ་ཡང་གལ་ཆེན་ཞིག་ཆགས་ཡོད། དེས་ན་ཚད་མ་དྲུག་པོ་འདི་ཡིན་ཞེས་ངོས་འཛིན་པར་བྱེད་པ་ལ། དང་ཐོག་ཚད་མ་དྲུག་གི་སྐོར་ལེའུ་གང་དང་གང་གི་སྐབས་སུ་གསལ་བར་འགྱུར་མིན་ལ་བརྟག་པ་གལ་ཆེ།    ཀུན་བཏུས་ལེའུ་བརྒྱད་ཀྱི་ནང་ནས་ལེའུ་གཉིས་པ་དང་གསུམ་པ་བཞི་པ་ལྔ་པ་བཅས་ལ་རྟོག་དཔྱོད་ཚུལ་བཞིན་གནང་ན།   ཚད་མ་དྲུག་གང་ཞིག་ཡིན་མིན་ངོས་འཛིན་གསལ་པོ་བྱ་ཐུབ་པའི་གདེངས་སྤོབས་ཆེ།  ཀུན་བཏུས་ལེའུ་གཉིས་པའི་འཇུག་རྩོམ་ལས།  གཞལ་བྱའི་ཡུལ་ལ་འཇལ་བྱེད་ཚད་མ་ནི། ངེས་བྱ་བཀའ་དང་དཔང་འགྱུར་ལུང་གི་དོན།  རིག་པ་མངོན་སུམ་རྗེས་དཔག་རྣམ་དྲུག་གིས།  དེ་དོན་ཉམས་སུ་མྱོང་བ་བསྐྱེད་པར་འགྱུར།  ཞེས་པ་འདི་ཉིད་བོན་གྱི་སྤྱན་ལྡན་ཆེན་པོས་གསལ་བར་གསུངས་པའི་ཚད་མ་དྲུག་ངོས་འཛིན་གྱི་རྩ་བའི་སྡོམ་ཚིག་གི་ཆིངས་ཆེན་པོ་ཡིན་པས། དེ་ཉིད་ཡལ་བར་མི་དོར་བར་དཔྱད་པའི་གཞི་རྐང་འཛིན་དགོས་པ་གལ་ཆེན་ཞིག་ཏུ་མཐོང།  ངེས་བྱ་བཀའ་དང་ཞེས་པས།  ཚད་མ་དྲུག་གི་དང་པོ་རྒྱལ་བའི་བཀའ་ཚད་མ་སྟེ།  ཐམས་ཅད་མཁྱེན་པའི་བདག་རྐྱེན་ལས་གསུངས་ཤིང་རིགས་པའི་བསྟན་ངག་གིས་དབེན་པའི་མི་བསླུ་རྟོགས་པའི་བོན་གསུམ་ལྡན་དེ་ཉིད་བསྟན་པ་ཡིན་ནོ།

གཉིས་པ་དཔང་འགྱུར་ལུང་ཞེས་པས།  ཚད་མ་དྲུག་གི་གཉིས་པ་འཕགས་པའི་ལུང་ཚད་མ་སྟེ། རྒྱལ་བས་གསུངས་པས་གཏན་ཚིགས་སུ་ཆེ་ཞིང་དཔང་པོ་ཐུབ་པ་སྟེ།  དྲང་ན་རང་རྒྱུད་ཚིམ་ཞིང་རང་ལ་ངེས་ཤེས་སྐྱེད་པར་བྱེད་པ་དང། ཕ་རོལ་པོའི་ཐེ་ཚོམ་ཟློག་པར་བྱེད་པའི་མི་བསླུ་རྟོགས་པའི་བོན་སུམ་ལྡན་དེ་ཉིད་བསྟན་པ་ཡིན་ནོ།  གསུམ་པ་དཔང་འགྱུར་ལུང་གི་དོན་ཞེས་པས།  ཚད་མ་དྲུག་གི་གསུམ་པ་དོན་དམ་མཐར་ཐུག་གི་ཚད་མ་སྟེ།  ཡུལ་གྱི་སྒོ་ནས་དོན་དམ་མངོན་སུམ་དུ་འཇོག་པའི་ཚད་མ་དམ་པ་དེ་ཉིད་བསྟན་པ་ཡིན་ནོ། དཔང་འགྱུར་ལུང་གི་དོན་ཞེས་པ་འདི་དང། ༼གལ་མདོ་༽ལས་མངོན་གསུམ་དབང་པོ་ཡིད་དང་རིག་པ་དོན་ཞེས་པའི་སྐབས་ནས་བསྟན་པའི་དོན་གཉིས་པོ་གཅིག་ལ་འཇོག་དགོས་པ་ཡིན་ནོ།  བཞི་པ་རིག་པ་ཞེས་པས།  མངོན་སུམ་ཚད་མ་དང་རྗེས་དཔག་ཚད་མ་གཉིས་ཀྱི་དབྱེ་གཞིར་གྱུར་པའི་ཚད་མ་བཞི་པ་རིག་པ་ཚད་མ་སྟེ།  རང་གི་གཞལ་བྱ་འཇལ་བར་བྱེད་པའི་མི་བསླུ་རྟོགས་པའི་བོན་གསུམ་ལྡན་དེ་བསྟན་པ་ཡིན་ནོ།  ལྔ་པ་མངོན་སུམ་ཞེས་པས།  ཚད་མ་དྲུག་གི་ལྔ་པ་མངོན་སུམ་ཚད་མ་སྟེ།  རྟོགས་པར་བྱ་བའི་ཡུལ་གཞལ་བྱ་མངོན་འགྱུར་འཇལ་བར་བྱེད་པའི་མི་བསླུ་རྟོགས་པའི་བོན་སུམ་ལྡན་དེ་ཉིད་བསྟན་པ་ཡིན་ནོ།  དྲུག་པ་རྗེས་དཔག་ཞེས་པས།  ཚད་མ་དྲུག་པ་རྗེས་དཔག་ཚད་མ་སྟེ།  རྟོགས་པར་བྱ་བའི་གཞལ་བྱ་ལྐོག་གྱུར་འཇལ་བར་བྱེད་པའི་མི་བསླུ་རྟོགས་པའི་བོན་གསུམ་ལྡན་དེ་ཉིད་བསྟན་པ་ཡིན་ནོ།  དོན་དམ་མཐར་ཐུག་གི་ཚད་མ་མངོན་སུམ་ཚད་མ་ཡིན་བཞིན་དུ། ཚད་མ་དྲུག་གི་ཁོངས་ནས་གསུམ་པར་བཞག་སྟེ་དམིགས་སུ་བཀར་ནས་བསྟན་དགོས་པའི་དོན་གང་ཡིན་ཞེ་ན།  ཚད་མའི་རྣམ་བཞག་དེ་དག   ཐམས་ཅད་མཁྱེན་པས། བདེ་ལེགས་དང་བདེ་ལེགས་ཆེན་པོའི་གོ་འཕང་ཐོབ་བྱེད་དུ་གསུངས་པ་ཡིན་ལ། བདེ་ལེགས་ཆེན་པོའི་གོ་འཕང་ཐོབ་པར་བྱེད་པ་ལ།  རྟོགས་བྱའི་དམ་པ་ཟབ་མོ་དོན་དམ་པའི་བདེན་པ་དེ་ཉིད་ཡིན་ཞིང། ཉམས་ལེན་གྱི་མཆོག་ཏུ་གྱུར་པ་རྣལ་འབྱོར་གྱི་ཚད་མ་ཡིན་པས་ན།  དམིགས་སུ་བཀར་ནས་བཞག་པར་མཛད་པ་ཡིན་ནོ། ༼ལུང་ཚད་མ་༽ལས། གནས་སྐབས་མངོན་སུམ་རང་རིག་ལ། རྣལ་འབྱོར་མངོན་སུམ་མཐར་ཐུག་གོ། ཞེས་གསུངས་པའི་རྗེས་སུ་འབྲང་ངོ་།  དེས་ན་ཁོ་བོས་ནི་ལུགས་གོང་འོག་གཉིས་སུ་ཡོད་པའི་ནང་ནས།  ལུགས་འོག་མའི་མཐའ་དཔྱོད་དེ་ཉིད་ལ་ལུང་རིགས་ཀྱི་རྒྱུ་མཚན་མང་བར་མཐོང་བས། གུས་པས་དགའ་དད་སྤྲོ་གསུམ་གྱི་ངང་ནས་རིགས་སྨྲའི་བུ་རྒོད་རྣམས་ལ་སྙིང་ཐག་པ་ནས་བསྔགས་བརྗོད་གྲངས་མེད་ཞུའོ།།

སྨན་རིའི་བཤད་སྒྲུབ་མཁན་པོ་དགེ་བཤེས་ཉི་མ་དོན་འགྲུབ་ཀྱིས་བརྩམས།