གཡུང་དྲུང་བོན་གྱི་དྲྭ་རྒྱ།

གཡུང་དྲུང་བོན་གྱི་གདན་ས་དཔལ་གཤེན་བསྟན་སྨན་རིའི་གླིང་གི་དགུ་ཟློག་ཆེན་མོ།

IMG_0122དེ་ཡང་གྲུབ་མཐའི་རྒྱལ་པོ་འཕྲུལ་ངག་གཡུང་དྲུང་བོན་གྱི་བསྟན་པའི་སྲོལ་འབྱེད་རྣམ་འདྲེན་རྒྱལ་བ་གཉིས་པ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་རིང་ལུགས་འཁྲུལ་བ་མེད་པ་གཞིར་བཟུང་ལོ་བསྟར་རེ་བཞིན་བོད་ཕྱི་ནང་གི་གཡུང་དྲུང་བོན་གྱི་དགོན་སྡེ་ཁག་གང་སར་ཁྲོ་ཕུར་དགུ་གཏོར་ཆེན་མོ་ཚོགས་སྲོལ་ཡོད་པ་ལྟར།

༢༠༡༥ ཟླ་ ༢ ཚེས་ ༡༦ ནས་ ༡༨ བར་ཏེ་བོད་ཤིང་རྟ་ལོའི་བོད་ཟླ་བཅུ་གཉིས་ཚེས་ཉེར་བདུན་ནས་ཉེར་དགུ་བར་ཉིན་གསུམ་གྱི་རིང་༧གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་༧དཔལ་གཤེན་བསྟན་སྨན་རིའི་གླིང་གི་ཚོགས་ཁང་ཆེན་མོར་ཡི་དམ་ཁྲོ་བོ་ངོ་མཚར་རྒྱས་པ་དང་། དབལ་ཕུར་དྲག་པོ་གཏིང་རྫོགས་སྤྱི་དོན་ཉི་ཤུ་རྩ་ལྔ་གཉིས་ཀྱི་གཞུང་བསྲང་ནས་ཁྲོ་ཕུར་གྱི་གདངས་དབྱངས་འབྲུག་མོ་ལྡིར་བའི་སྒྲ་དབྱངས་ལ་དྲངས་ཏེ་སྔོན་དངོས་རྗེས་གསུམ་གྱི་བྱ་བཞག་ཁག་དང་། ཕྱི་ནང་གསང་གསུམ་གྱི་མཚམས་བཅད་སྐབས་ཀྱི་སྟག་འགྲོས་སེང་སྟབས། གཡུང་དྲུང་ལུ་གུ་རྒྱུད་ཀྱི་འགྱིང་འགྲོས། ཉིན་སོ་སོར་ཕུར་སྒྲིལ་སོགས་འཆམ་གནང་བ་དང་།

IMG_0092IMG_0107

གཞན་ཡང་སྒྲུབ་ཁང་དབང་དྲག་ཕོ་བྲང་དུ་དབར་ཕུར་དྲག་པོ་གཏིང་རྫོགས་ཀྱི་སྲུང་ཟློག་གཞུང་བསྲང་། བོད་ཚེས་ཉེར་དགུ་ཉིན་རྒྱབ་ཡངས་པའི་རྒྱལ་ཁམས་ཀུན་ཏུ་གནས་པའི་སྐྱེ་འགྲོ་ཡོངས་ལ་འཚེ་བར་བྱེད་པ། ཕྱི་ལས་ལ་གྱུར་པའི་དགྲ། ནང་རྣམ་རྟོག་ལ་གྱུར་པའི་བགེགས། གསང་བ་མ་རིག་པ་ལ་གྱུར་པའི་བདུད་ཚོགས་རྣམས་བསྒྲལ་ནས་བླ་མ་ཡི་དམ་མཁའ་འགྲོ་བོན་སྐྱོང་དང་བཅས་པ་རྣམས་ཀྱི་ཐུགས་ཀློང་དུ་བསྟིམ་པའི་བརྡ་མཚོན་དབལ་ཕུར་བསྒྲལ་བསྟབ་ཀྱི་གར་འཆམ་དང་།

IMG_0158IMG_0170

གཤེན་རབ་དགུ་འཆམ། གཏོར་རྒྱག་གི་འཆམ་སོགས་འཁྲབ་གནང་བ་མ་ཟད། ༧སྐྱབས་རྗེ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་གིས་སེར་སྐྱ་མི་མང་ལ་ཟློག་དབང་བསྩལ་གནང་བ་དང། ༧སྐྱབས་རྗེ་སྨན་རིའི་དཔོན་སློབ་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་གིས་ཁྲུསགསོལ་དང་གཏོར་རྒྱག་གི་དབུ་བཞུགས་གནང་། གཏོར་རྒྱག་གྲུབ་ནས་མེ་རིའི་གར་འཆམ་དང་གཡུང་དྲུང་དགའ་འཁྱིལ་བསྐོར་གྲུབ་མཚམས་ཀི་བསྭོ་ལྷ་རྒྱལ་འཐེན་གནང་མཛད་དེ་དགུ་ཟློག་ཡོངས་སུ་གྲུབ་ཡོད་པ་བཅས་ཀྱི་གནས་བསྡུས་ཙམ་མོ།།