གཡུང་དྲུང་བོན་གྱི་དྲྭ་རྒྱ།

ཧོར་བ་དྲུངས་རམས་པ་མཆོག་གི་མཛད་རྣམ།

566ཧོར་བཙུན་བསྟན་འཛིན་བློ་གྲོས་རྒྱ་མཚོའི་འཁྲུངས་ཡུལ་ནི་མདོ་སྨད་ཨ་མདོའི་ས་ཁུལ་ཤར་ཁོག་གམ་དབུས་གཙང་དུ་ཟུང་ཆུར་འབོད་པ་དེ་ཡིན། ས་ཁུལ་དེའི་གྲོང་ཚོ་སྐྱང་ཚང་སྡེ་བར་ཁྱིམ་མིང་ཧོར་བ་ཚང་ཞེས་པའི་ཡབ་འབྲུག་སྐྱོབ་དང་ཡུམ་ཨ་ཉོག་ཀྱི་སྲས་སུ་སྤྱི་ལོ་༡༨༨༩ལོར་བལྟམས།  ཁོང་གི་མིང་ལ་སྐལ་བཟང་ཡག་ཞེས་བཏགས།  དེ་ཡང་ཟུང་ཆུ་ཞེས་པའི་ཡུལ་དེ་སྔོན་གྱི་ཡིག་རྙིང་ཁག་ཏུ་ཟོང་ཆུར་འབོད་པ་རྒྱ་བོད་གཉིས་ཀྱི་ཤེས་རིག་དང་ཚོང་འབྲེལ་གྱི་ས་མཚམས་གནད་འགག་ཅིག་ཡིན།   སྤྱི་ལོ་༡༩༥༩ལོའི་སྔོན་དུ་དབུས་གཙང་དུ་གྲྭ་ས་འབྲས་སྤུངས་དང་དགའ་ལྡན་གཉིས་སུ་ཟུང་ཆུ་ཁམས་ཚན་ཞེས་པ་ཡོད་པ་དང་རྒྱལ་དབང་ལྔ་བའི་(༡༦༡༧-༡༦༨༥)རང་རྣམ་དུ་ཀཱུ་ལའི་གོས་བཟང་དུ་ཟུང་ཆུས་མཚོན་པའི་མདོ་སྟོད་མདོ་སྨད་ཅེས་པའང་འབྱུང་།  ཟུང་ཆུའི་ས་ཁུལ་དུ་བན་དེའི་དགོན་ཆུང་ངུ་གསུམ་ལས་ཆེར་མེད་ཀྱང་ཟུང་ཆུ་ནས་དབུས་གཙང་དུ་གྲྭ་སར་ཕྱིན་ཚེ་ཟུང་ཆུ་ཁམས་ཚན་དུ་ཞུགས་དགོས་པ་ཡང་རང་གི་མྱོང་ཚོར་ཡིན། ཤར་ཁོག་རང་དུ་ཟིང་ཆུར་བྲིས་པ་ཡང་ཡོད།  ཧོར་བཙུན་གྱི་རང་ལོ་བཅུ་གསུམ་ནས་བཟུང་རང་གིས་རང་ལ་ཡི་གེ་འབྲི་བའི་སློབ་བྱ་བྱས།  དགུང་ལོ་བཅུ་བཞིའི་ཐོག་ཡི་གེ་འབྲི་བ་ཤིན་ཏུ་མཁས་པར་གྱུར་ཏེ་ཁོང་གི་ཕྱག་བྲིས་ཡིག་གཟུགས་ཀྱང་གཞན་དང་ཆེས་མི་འདྲ་བ་མཐོང་མ་ཐག་ངོས་འཛིན་ནུས་པ་ཞིག་བྱུང་།   དེ་བཞིན་འདི་སྐབས་སུ་ཕན་ཚུན་འགྲོ་བསྐྱོད་སྐབས་སྣག་བུམ་ཞིག་ཉིན་ལྟར་རྐེད་ལ་འདོགས་ཏེ་སྣག་སྨྱུག་དང་གཏན་ནས་འབྲལ་མི་ཤེས་པ་ལྟ་བུར་གྱུར།དགུང་ལོ་བཅུ་དྲུག་ཐོག་ལྷ་འབྲི་བའི་བློ་སྦྱོང་བྱས་ཏེ་ཙ་ཀ་ལི་དང་དཔེ་ཆའི་དབུ་ལྷ་ལྟ་བུ་ཚོན་སྐུ་རྣམ་གྲངས་མང་དུ་གནང་།      དགུང་ལོ་བཅོ་བརྒྱད་སྤྱི་ལོ་༡༩༠༦ལོར་རང་ཡུལ་ཤར་ཁོག་བཞག་སྟེ་དབུས་གཙང་དུ་ཞབས་ཐོག་ཏུ་ཕེབས།   དེ་ཡང་དམུ་དགེ།   རྟའུ་ཉ་མཚོ།   ཧོར་བྲག་མགོ།   དཀར་མཛེས།   རྫ་དར་རྒྱས་དགོན་དང་ཁྱུང་པོའི་ཡུལ་རྣམས་སུ་གནས་སྐོར་དང་འབྲེལ་ཏེ་གྲུབ་མཐའ་རིས་མེད་ཀྱི་བླ་མ་ཁྱད་པར་ཅན་དང་འབྲེལ་གཏུགས་ཀྱིས་དབང་ལུང་དང་བྱིན་རླབས་ཞུས།  དེ་ནས་ཀོང་པོར་ཕེབས། ཀོང་པོ་ནི་ལོ་རྒྱུས་དང་ཆོས་ལུགས་ཐོག་ནས་བོན་དང་ཆེས་འབྲེལ་བར་བརྟེན་ཀོང་པོ་སྟག་རྩེ་རི་ཁྲོད་དགོན་པར་བཞུགས་ཏེ་ཀོང་པོའི་གནས་རྣམས་ལ་ཞིབ་ཏུ་མཇལ་བ་དང་སྟོན་པ་གཤེན་རབ་མི་བོས་བྱིན་གྱིས་རླབས་པར་གྲགས་པའི་གནས་མཆོག་བོན་རི་ལ་བསྐོར་བ་ཡང་གནང་།  དེའི་རྗེས་སུ་ལྷ་ས་དང་དེའི་ཉེར་སྐོར་དུ་ཡོད་པའི་གདན་ས་གྲགས་ཅན་སེ་འབྲས་དགའ་གསུམ་ལ་གནས་མཇལ་ཞིབ་ཆའི་ཐོག་ནས་གནང་།      དགུང་ལོ་ཉི་ཤུ་སྤྱི་ལོ་༡༩༠༨ལོར་བོན་གྱི་གྲྭ་ས་ར་ལག་གཡུང་དྲུང་གླིང་དུ་ཕེབས་ནས་དེའི་སྒྲིག་འཚོགས་སུ་ཞུགས།     དེར་རབ་ཏུ་བྱུང་ནས་ཚུལ་མིང་བསྟན་འཛིན་བློ་གྲོས་ཞེས་པ་བསྩལ།   དེ་སྐབས་སུ་དགེ་བའི་བཤེས་གཉེན་ཆེན་པོ་མཁས་པའི་དབང་པོ་མཁས་གྲུབ་ལུང་རྟོགས་རྒྱ་མཚོ་མཆོག་(༡༨༧༩-༡༩༡༦)གདན་སའི་བོན་སློབ་ཀྱི་ཁུར་བཞེས་ཡོད་པ་དང་བསྟུན་ཏེ་བཤད་སྒྲུབ་ཀྱི་སློབ་གཉེར་ལ་ཞུགས་ནས་བོན་སློབ་དེའི་མདུན་དུ་བོན་གྱི་བཀའ་ པོ་ཏི་ལྔའི་གཞུང་ཆེན་མོ་རྣམས་ཀྱི་འཆད་ཉན་གྱི་རྩོད་གྲྭར་ཞུགས་པ་མ་ཟད་སྤྱིའི་རིག་གནས་ཆེན་པོ་ལྔའི་སློབ་སྦྱོང་ཡང་མཐའ་ཕྱིན་པར་མཛད། འདིའི་སྐབས་སུ་རང་གི་བཤེས་གཉེན་གྱི་མདུན་དུ་འཆད་ཉན་དང་འབྲེལ་བར་རྫོགས་ཆེན་ཨ་ཁྲིད་ཀྱི་སྔོན་འགྲོ་དང་དངོས་གཞི་ཞུས་ཏེ་སྒོམ་གྱི་ཉམས་ལེན་ཡང་མཛད།    དགུང་ལོ་ཉེར་དྲུག་སྤྱི་ལོ་༡༩༡༤ལོར་གྲྭ་ས་ཆེན་པོ་འབྲས་སྤུངས་སུ་བན་དེའི་མཚན་ཉིད་ཀྱི་སློབ་གཉེར་བྱེད་པར་ཐུགས་འདོད་ཡོད་ཀྱང་དེ་སྐབས་རྒྱ་བོད་གཉིས་ཀྱི་གནས་ཚུལ་མ་བདེ་སྟབས་ཐུགས་འདོད་དེ་ཉིད་བཤོལ་ཏེ་བོད་ཀྱི་ནུབ་ཕྱོགས་ལ་གནས་མཇལ་དུ་ཕེབས། སྟོད་ཀྱི་ཏི་སེ་གངས་དང་དེའི་ཉེར་མཚམས་སུ་ཡོད་པའི་བོན་གྱི་གནས་ཆེན་དབལ་བོན་སྟག་ལ་མེ་འབར་གྱི་སྒྲུབ་གནས་དབལ་གྱི་བྲག་ཕུག་རོང་ཆེན།  སྒྲ་བླའི་རྒྱལ་མོའི་གནས་རི་སྟག་རི་ཁྲ་བོ། མཚོ་མུ་ལེ་ཧད། མ་པང་གཡུ་མཚོ། སྤོས་རི་ངད་ལྡན།དྲི་བདའ་སྤོས་རི།   བླ་ཆེན་པོ་དྲན་པ་ནམ་མཁའི་འཁྲུངས་ཡུལ་ཞང་ཞུང་ཁྱུང་ལུང་དངུལ་མཁར་དང་བཅས་པར་ཞིབ་ཏུ་མཇལ།   ཡང་བསྐྱར་རང་དགོན་གཡུང་དྲུང་གླིང་དུ་ཕེབས་ནས་སློབ་གཉེར་གྱི་འཕྲོ་བསྐྱངས།དགུང་ལོ་ཉེར་བརྒྱད་སྤྱི་ལོ་༡༩༡༦ལོར་རང་གི་དགེ་བའི་བཤེས་གཉེན་མཁས་གྲུབ་ལུང་རྟོགས་རྒྱ་མཚོའི་མདུན་དུ་སྙན་ངག་རྒྱན་གསུམ་དང་དབྱངས་ཅན་སྒྲ་མདོ་གཞིར་བཟུང་སྟེ་སྒྲའི་སློབ་གཉེར་གནང་།  སློབ་གཉེར་འདི་དག་མཐར་ཕྱིན་ཚེ་རང་གི་བཤེས་གཉེན་གྱིས་སྨྲ་དབང་ཀུན་དགའ་རང་གྲོལ་ཞེས་པའི་མཚན་གནང་།

སློབ་གཉེར་འདི་དག་གི་སྐབས་སུ་སྔོན་གནས་ཁྱད་པར་ཅན་གཞན་དག་ཚོར་མཇལ་བ་མཛད་པ་ནི།   དབུས་སུ་ཡོད་པའི་དཔལ་ཆེན་ཆུ་བོའི་རི།   རྩེ་ཐང་མགོན་པོའི་རི།  བསམ་ཡས་ཧས་པོའི་རི་བཅས་ལ་མཇལ།   དེ་དག་གི་རྗེས་སུ་གཙང་དུ་ཕེབས་ནས་བོན་གྱི་གྲྭ་ས་ཡར་བཞིར་གྲགས་པ་བྲུ་ཚང་།   ཞུ་ཚང་།  སྤ་ཚང་དང་རྨེའུ་ཚང་རྣམས།  ཀྱི་གདན་སར་གནས་མཇལ་དང་གཤེན་དར་སྡིང་དང་གཏེར་སྟོན་གཤེན་ཆེན་ཀླུ་དགའི་གཏེར་གནས་འབྲི་མཚམས་མཐའ་དཀར་མཇལ་ནས་མར་ཕེབས་པའི་ལམ་ཞོལ་དུ་བན་དེའི་དགོན་ཆེན་རྟག་བརྟན་ཕུན་ཚོགས་གླིང་དང་བཀྲ་ཤིས་ལྷུན་པོར་ཕེབས།      དེ་བཞིན་སྤྲུལ་སྐུ་གུ་རུ་རྣོན་རྩེའི་གདན་ས་རྟ་ནག་དུང་ཕོར་དང་བོན་གྱི་གྲྭ་ས་གཡས་རུ་ཁར་སྣ་དང་མཉམ་མེད་རྒྱལ་བའི་གདན་ས་བཀྲ་ཤིས་སྨན་རིར་ཕེབས་ནས་མཁན་ཆེན་སྐུ་མདུན་རྒྱལ་བ་བློ་གྲོས་ལ་མཇལ་ཏེ་དབང་ལུང་གི་སྐལ་པ་ཐོབ།   གྲྭ་ས་གཡུང་གླིང་དུ་ལོ་རེ་ལ་མཚན་ཉིད་པ་གཉིས་རེས་དགེ་བཤེས་ཀྱི་མཚན་བཏགས་ལེན་པའི་སྲོལ་ཡོད་པ་ལྟར་དགུང་ལོ་སུམ་ཅུ་སྤྱི་ལོ་༡༩༡༨ལོར་རང་གི་སློབ་གཉེར་གྱི་མཆེད་གྲོགས་དམ་པ་མཁས་པའི་ཁྱུ་མཆོག་སྒང་རི་བ་ཚུལ་ཁྲིམས་རྒྱལ་མཚན་མཆོག་དང་ལྷན་དུ་བཀའ་རབ་འབྱམས་པ་དགེ་བའི་བཤེས་གཉེན་གྱི་མཚན་བཏགས་བཞེས་ཏེ་ཁོང་རྣམ་ གཉིས་ཀྱིས་མ་འོངས་པར་ཁོང་གཉིས་ཀྱི་ཤེས་ཡོན་དེ་བསྟན་པའི་གསོས་སུ་འགྱུར་པར་ཐུགས་སྨོན་རྒྱ་ཆེན་པོར་གནང་།དགུང་ལོ་སོ་གཉིས་སྤྱི་ལོ་༡༩༢༠ལོར་གཡུང་གླིང་མཁན་ཆེན་ཤེས་རབ་བློ་ལྡན་མཆོག་(༡༨༨༢ལོར་འཁྲུངས་)ཨ་མདོའི་ཡུལ་དུ་གདུལ་བྱར་ཆིབས་བསྒྱུར་སྐྱོང་བའི་འཆར་གཞི་ཡོད་ཐོག་མཁན་རིན་པོ་ཆེས་ཧོར་བཙུན་དམ་པར་དབུ་མཛད་ཀྱི་འགན་ཁུར་བཞེས་ནས་ཁོང་དང་ཁོང་གི་གྲྭ་འཁོར་དང་མཉམ་དུ་ཕེབས་དགོས་པའི་བཀའ་གནང་བ་ལྟར་རང་ཡུལ་ཨ་མདོའི་ཡུལ་དུ་ཆིབས་ཁ་བསྒྱུར།   ཧོར་བཙུན་དམ་པ་ཉིད་གྲྭ་ས་གཡུང་གླིང་དུ་ལོ་ཁྱོན་སྡོམ་བཅུ་གསུམ་ཙམ་བཞུགས།   ཨ་མདོའི་ཁུལ་དུ་མཁན་རིན་པོ་ཆེར་བསྟན་པའི་ཆེད་དུ་ཞབས་ཞུ་རྒྱ་ཆེར་མཛད།  མི་རིང་བར་མཁན་རིན་པོ་ཆེ་ཉིད་ཡར་གདན་ས་གཡུང་གླིང་དུ་ཕེབས་མཛད་སྐབས་ཧོར་བཙུན་དམ་པ་ལ་རང་ཡུལ་དུ་བཞུགས་ན་བསྟན་པ་ལ་ཕན་པ་ཆེན་པོ་ཡོང་བའི་ལུང་བསྟན་གནང་བ་དང་དེ་བཞིན་ཨ་སྔགས་གྲུབ་ཆེན་བསྟན་པ་ཚུལ་ཁྲིམས་(༡༨༤༧-༡༩༣༢ )ཀྱིས་ཧོར་བཙུན་ཉིད་རང་ཡུལ་དུ་བཞུགས་ནས་འཆད་ཉན་སྤེལ་དགོས་པའི་གསུང་མནན་ཕེབས་པར་བརྟེན་བླ་མ་དམ་པ་གཉིས་ཀྱི་བཀའ་ཟབ་མོ་བཟློག་མ་ནུས་པར་རང་ཡུལ་དུ་གནས་སྐབས་ཙམ་ལ་བཞུགས་རྒྱུའི་འདུན་པ་བཏང་།  དགུང་ལོ་ཞེ་ལྔ་སྤྱི་ལོ་༡༩༣༣ལོར་འཕན་ཆུ་མདའ་ཆེན་དགོན་པས་གདན་འདྲེན་ཞུས་པ་ལྟར་དེར་ཕེབས།  འདི་སྐབས་སུ་མཐེ་བོ་བྲག་དཀར་བྱ་རྒོད་དུ་ཡང་གནས་མཇལ་དུ་ཕེབས་ཏེ་དེར་རྗེས་མར་བཞུགས་རྒྱུའི་གྲབས་མཛད།      གནས་ཆེན་དེར་རི་ཁྲོད་བྱ་བཏང་བ་ཞིག་བྱེད་དགོས་པའི་འདུན་པ་སྔ་མོ་ནས་ཡོད་པར་མ་ཟད་རང་གི་མ་ཡུམ་ཚེ་ལས་འདས་སྐབས་སུ་བྲག་དཀར་བྱ་རྒོད་ཀྱི་རི་ཁྲོད་དེར་སྡོད་རྒྱུའི་དམ་བཅའ་ཡང་གནང་།     མཐེ་བོ་ནི་བན་བོན་གཉིས་ཀྱིས་དུས་རྟག་ཏུ་སོ་སོའི་གདུལ་ཞིང་དུ་བསྒྱུར་བའི་འགྲན་རྩོད་ཀྱི་ཡུལ་ཡིན།  གནས་ཚུལ་འདི་ལ་བརྟེན་ནས་ཧོར་བཙུན་དམ་པས་ཡུལ་དེར་བོན་སྤེལ་བ་ལ་འདུན་པ་ཆེས་ཆེར་ཡོད་པ་དང་ལྷག་པར་དུ་གནས་ཆེན་བྲག་དཀར་བྱ་རྒོད་ནི་གསང་བ་སྔགས་ཀྱི་སྒྲུབ་གནས་སུ་བསྔགས་པར་བརྟེན་དེར་ཉམས་ལེན་མཛད་པར་ཐུགས་ཤིན་ཏུ་སྨོན།  འདུན་པ་དེ་ལྟར་ཡོད་ཐོག་རང་ཡུལ་སྐྱང་ཚང་དགོན་པ་ཕུན་ཚོགས་དར་རྒྱས་གླིང་གི་བླ་གྲྭ་རྣམས་ནང་ཁུལ་དུ་དོན་གནད་ཆུང་ངུའི་སྐོར་རྩོད་རྙོག་འདྲ་མིན་སྣ་ཚོགས་བྱུང་བར་ཧོར་བཙུན་ཉིད་ཐུགས་བསུན་པ་མ་ཟད་དགོན་ཁག་སོ་སོའི་བར་བོན་རྙིང་པ་དང་གསར་མའི་རྩོད་པ་ཆེས་ཆེར་བྱུང་བ་ལ་ཡང་ཐུགས་མ་མཉེས་ཏེ་རང་ཡུལ་བསྐྱུར་བ་ལ་ཐུགས་འདུན་ཆེན་པོ་བྱུང་བར་མངོན།      དེར་བརྟེན་དེ་སྔར་རང་གི་གྲྭ་སའི་མཆེད་གྲོགས་མཁས་མཆོག་སྒང་རི་བ་ཚུལ་ཁྲིམས་རྒྱལ་མཚན་གྱིས་བོན་གྱི་གྲྭ་ས་གཡུང་གླིང་གི་སྲོལ་རྒྱུན་བོན་རྙིང་པའི་བརྒྱུད་འཛིན་གྱི་ལ་རྒྱ་ཁྱེར་ཏེ་ཤར་རྫའི་གྲུབ་དབང་བཀྲ་ཤིས་རྒྱལ་མཚན་(༡༨༥༩-༡༩༣༥)གྱི་གསུང་རྩོམ་རྣམས་སུ་བོན་གསར་མའི་ལྟ་བའི་ཤན་ཡོད་ཚུལ་གྱི་དགག་པ་གནང་།   དེར་བརྟེན་ཧོར་བཙུན་དམ་པ་ཡང་གྲྭ་སའི་དགེ་བཤེས་སུ་སོང་བར་བརྟེན་དེའི་ཕྱོགས་བཟུང་སྟེ་གྲུབ་དབང་ཤར་རྫ་བ་ལ་བསྟེན་མྱོང་བའི་རིན་སྤུངས་དགོན་པའི་སྤྲུལ་སྐུ་ཤེས་རབ་རྣམ་རྒྱལ་སོགས་ལ་དགག་ཡིག་གནང་ཡོད་པར་གྲགས། འོན་ཀྱང་མི་རིང་བ་རྩོད་པ་དེ་ལ་ཐུགས་དོགས་བཟོས་ཏེ་ཤར་རྫའི་གསུང་རྩོམ་ལ་དཔྱད་པ་འཇུག་པའི་མགོ་བཙུགས།  རྗེས་སུ་གསུང་རྩོམ་དེ་རྣམས་བོན་རང་གི་གྲུབ་མཐའི་རྗེས་འཛིན་བྲུ་ཞུ་སྤ་རྨེའུ་ལས་བྱོན་པའི་ མཁས་གྲུབ་ཚད་ལྡན་རྣམས་ཀྱི་དགོངས་པ་དང་མཉམ་མེད་བླ་མའི་བསྟན་པའི་གསལ་བྱེད་ཁོ་ན་ཡིན་པར་ཐུགས་ཡིད་ཆེས་ནས་གསུང་རྩོམ་དེ་རྣམས་ཧོར་བཙུན་རང་གི་ཉམས་ལེན་དང་འཆད་ཉན་གྱི་གཞི་རྩ་ལྟ་བུར་གྱུར།  སྐྱང་ཚང་དགོན་པའི་རྩོད་རྙོག་དང་བོན་གསར་རྙིང་གི་རྩོད་པའི་རྐྱེན་གྱིས་རང་ཡུལ་ལྷིང་གིས་བསྐྱུར་ཏེ་གནས་ཆེན་བྲག་དཀར་བྱ་རྒོད་དུ་ཕེབས།   དེར་ལོ་བཅུ་བཞིའི་རིང་ལ་ཡི་དམ་ཕུར་བའི་བསྙེན་སྒྲུབ་མཛད་པ་དང་།     མཐེ་བོ་མི་མང་ལ་བོན་སྤེལ་ནས་དགེ་སྦྱོར་སྡིག་སྤོང་གི་བསླབ་བྱ་རྒྱ་ཆེར་གནང་། ཕྱིས་སུ་གནས་ཆེན་དེའི་ དཀར་ཆག་ཞིག་ཀྱང་བརྩམས། འདི་སྐབས་ཙམ་ནས་བཟུང་ཧོར་བཙུན་ཉིད་ཨ་མདོའི་ས་ཁུལ་རྔ་ཁོགའཕན་ཆུ།  མཐེ་བོ་དང་ཤར་ཁོག་རྣམས་སུ་ཧོར་བ་དྲུང་རམས་པ་ཞེས་པའི་ གྲགས་ཅན་གྱི་མི་སྣ་ཞིག་ཏུ་གྱུར། དགུང་ལོ་ང་གཅིག་སྤྱི་ལོ་༡༩༣༩ལོར་མདའ་ཆེན་ཁ་མའི་སྤྲུལ་སྐུ་བསྟན་འཛིན་དབང་རྒྱལ་(༡༨༨༤ལོར་འཁྲུངས་)གྱིས་ཧོར་བཙུན་ཉིད་གནས་ཆེན་བྲག་དཀར་བྱ་རྒོད་ནས་གདན་འདྲེན་ཞུས་ནས་སྐྱང་སྤྲུལ་ནམ་མཁའ་རྒྱལ་མཚན་(༡༧༧༠ལོར་འཁྲུངས་)གྱི་གསུང་འབུམ་ཤིང་པར་སྒྲུབ་པའི་ཆེད་དུ་ཞུ་ཆེན་གྱི་ལས་འགན་གནང་ དགོས་པའི་གསུང་བསྐུལ་ཕེབས་པ་ལྟར་མཛད།

དགུང་ལོ་ང་ལྔ་སྤྱི་ལོ་༡༩༤༣ལོར་སྤྲུལ་སྐུ་བསྟན་འཛིན་དབང་རྒྱལ་གྱིས་སླར་ཡང་ཧོར་བཙུན་ཉིད་བྲག་དཀར་བྱ་རྒོད་ནས་གདན་དྲངས་ཏེ་མདའ་ཆེན་དཀར་མོ་རི་ཁྲོད་དུ་བཞུགས་སའི་སྡོད་ཁང་བརྩིགས་ནས་དེར་གདན་འཇགས་དགོས་པའི་ཞུ་བ་ཕུལ།  དེ་བཞིན་སྐྱང་སྤྲུལ་གཞོན་བུ་སྐལ་བཟང་ལུང་རྟོགས་རྒྱ་མཚོའི་ཡོངས་འཛིན་གནང་དགོས་པའི་གསུང་མནན་ཟབ་མོ་བསྩལ་བ་ལྟར་དེར་ཕེབས་ཏེ་བཞུགས།

དགུང་ལོ་རེ་གཉིས་སྤྱི་ལོ་༡༩༥༠ལོར་སྐྱང་ཚང་དགོན་པ་ཕུན་ཚོགས་དར་རྒྱས་གླིང་གིས་མཚན་ཉིད་ཀྱི་རྩོད་གྲྭ་འཛུགས་པའི་ཆེད་དུ་དེའི་སློབ་དཔོན་དུ་གདན་དྲངས།         དེ་སྔ་དགོན་པ་དེར་རྩོད་རྙོག་བྱུང་བར་བརྟེན་དེར་ཕེབས་འདོད་མེད་ཀྱང་འཆད་ཉན་གྱིས་བསྟན་པ་སྤེལ་བ་ནི་དམ་པ་ཉིད་ཀྱི་འགན་ཁུར་ཡིན་པ་ཐུགས་ལ་བཅངས་ཏེ་རང་ཡུལ་དུ་ཕེབས། དེར་གཞུང་པོ་ཏི་ལྔའི་འཆད་ཉན་དང་བཅུ་ཕྲག་རིག་གནས་ཀྱི་སློབ་གཉེར་བ་རྣམས་ལ་སློབ་སྟོན་རྒྱ་ཆེར་གནང་།     དེ་བཞིན་ཟུང་ཆུའི་དགོན་ཁག་གཞན་དུའང་འཆད་ཉན་བཙུགས་པ་དང་སློབ་མ་རྣམས་ལ་གསུང་རབ་ཀྱི་ཁྲིད་སྐྱོང་བ་མཛད།   དགུང་ལོ་རེ་བརྒྱད་སྤྱི་ལོ་༡༩༥༦ལོར་ཟུང་ཆུ་མཁར་ནང་སྲིད་གཞུང་གིས་བན་བོན་གཉིས་ཀྱི་མི་མང་འཚོགས་གཏམ་ལ་གདན་འདྲེན་ཞུས།   དེར་རྒྱ་བོད་གཉིས་ཀྱི་སྤྱི་ཚོགས་ཀྱི་བགྲོ་གླེང་ལ་ཞུགས་ཏེ་ཀླན་ཀ་ཅི་བྱུང་ལ་གསུང་ལན་དྲང་པོའི་སྒོ་ནས་མཛད་པ་ལ་མང་མང་གིས་ཡི་རངས་ཕུལ་བར་གྲགས།    དགུང་ལོ་བདུན་ཅུ་སྤྱི་ལོ་༡༩༥༨ལོར་དམངས་གཙོ་བཅོས་བསྒྱུར་མ་བྱུང་ཙམ་གྱི་གོང་དུ་རང་དགོན་དུ་བཞུགས་མ་བཅུག་པར་བརྟེན་སྐྱང་ཚང་སྡེ་བའི་གྲོང་གསེབ་ཏུ་ཡོད་པའི་རང་གི་སྲིང་མོའི་ཁྱིམ་རུ་འགུ་ཚང་ཞེས་པའི་ཁྱིམ་དུ་བཞུགས།      དགུང་ལོ་དོན་བརྒྱད་སྤྱི་ལོ་༡༩༦༦ལོར་དམངས་མི་སྲུན་དྲག་པོས་བསླམས་པའི་རིག་གནས་གསར་བརྗེ་ཞེས་པའི་སྐབས་ཧོར་བཙུན་དམ་པ་ཉེས་མེད་ཐོག་སྐུ་བཙོན་དུ་བཞུགས་དགོས་པ་ཡང་བྱུང་འདུག   འོན་ཀྱང་རིང་མིན་དུ་བཙོན་ནས་ཀློད་དཀྲོལ་བཏང་བར་གྲགས།

དགུང་ལོ་གྱ་བདུན་སྤྱི་ལོ་༡༩༧༥ལོར་སྐུ་ཞིང་དུ་གཤེགས་སོ།།  ཧོར་བཙུན་ལ་ཞལ་སློབ་མཆོག་ཏུ་གྱུར་བ་ཤིན་ཏུ་མང་མོད་ཀྱང་འདིར་དམིགས་བསལ་གྱིས་འགའ་ཤས་སྨོས་དགོས་པ་ནི།   སྐྱང་སྤྲུལ་སྐལ་བཟང་ལུང་རྟོགས་རྒྱ་མཚོ།   བསམ་འགྲུབ་དགོན་པའི་སློབ་དཔོན་ཨ་ཁུ་གཡུང་དྲུང་བསྟན་པ།  ཡཾ་ཤེས་རབ་རྣམ་དག་(ད་

སྐབས་སྨན་རིའི་མཁན་པོ་སོ་གསུམ་པ་ཡིན་པ་དང་རྒྱ་གར་སྨན་རི་དགོན་པར་བཞུགས་) ཟིང་ཆུ་དགོན་ཁག་མཁན་པོ་ཤེས་རབ་མཐར།   གསེར་ཞུན་བྱ་བཏང་སྐལ་བཟང་བསྟན་པའི་ཉི་མ།   མདའ་ཆེན་འོག་མའི་སྤྲུལ་སྐུ་ཤེས་རབ་དབང་རྒྱལ།    དེའི་སྐུ་མཆེད་གཞོན་པ་སྤྲུལ་སྐུ་ཤེས་རབ་བློ་ལྡན།   སྣ་སྟེང་དགོན་པའི་གྲྭ་བ་ཨ་ཁུ་གཡུང་དྲུང་བློ་གསལ་རྣམས་སོ།།   ཧོར་བཙུན་དམ་པས་རང་གི་རྟོགས་བརྗོད་དེ་སྔ་ནས་མ་བཅོས་ལྷུག་མར་བྲིས་པའི་སྟོད་ཆ་ཙམ་ཡོད་པ་དེ་རྟོགས་ལྡན་བློ་བཟང་རྒྱ་མཚོས་ཁ་སྐོང་བགྱིས་ཏེ་མཇུག་རྫོགས་པར་བྲིས་གནང་འདུག   རྟོགས་ལྡན་བློ་བཟང་རྒྱ་མཚོ་ནི་ཧོར་བཙུན་གྱི་སྐུ་ཚེ་སྨད་དུ་ཁོང་གི་གམ་དུ་ཡུན་རིང་པོར་བཅར་མྱོང་བའི་ཞལ་སློབ་ཞིག་ཡིན།   དེ་བཞིན་མཚན་ཉིད་པ་བློ་གྲོས་མཆོག་ལྡན་ཡང་ཧོར་བཙུན་དམ་པ་སྐུ་ཞིང་དུ་གཤེགས་སྐབས་རང་གི་བཤེས་གཉེན་ལ་མོས་གུས་དང་དག་སྣང་ཐོག་ནས་ཞབས་ཞུ་ཡང་དག་ཞུས་མྱོང་བའི་ནང་ནས་གྲས་གཅིག་ཡིན།

ད་ལམ་རྣམ་དཔྱོད་ཆེས་ཆེར་ཡངས་པ་གཟི་རྩ་སངས་རྒྱས་དོན་གྲུབ་དང་ཁོང་གི་མཆེད་གྲོགས་མཁར་གསར་འཆི་མེད་རིག་འཛིན་སོགས་ཀྱིས་ཧོར་བཙུན་དམ་པའི་གསུང་རྩོམ་རྣམས་ཆིག་སྒྲིལ་མཛད་འདུག   ཕྲན་རང་གིས་ཧོར་བཙུན་གྱིས་སྤྱི་ལོ་༡༩༥༠ལོར་བརྩམས་པའི་སྟོན་པའི་མཛད་རྣམ་དེ་བོད་ཡིག་ཐོག་སྤྱི་ལོ་༢༠༠༧ལོར་ཉི་ཧོང་རྒྱལ་ཁབ་ཀྱི་གྲོང་ཁྱེར་ཨོ་ས་ཁའི་ཉེར་འགྲམ་དུ་ཡོད་པའི་མི་རིགས་རིག་གནས་ཀྱི་འགྲེམས་སྟོན་ཁང་དུ་དཔེ་སྐྲུན་བྱས་ཡོད།      འདིར་གཟི་རྩ་སངས་རྒྱས་དོན་འགྲུབ་དང་མཁར་གསར་འཆི་མེད་རིག་འཛིན་བཅས་ཀྱིས་ཧོར་བཙུན་དམ་པའི་གསུང་རྩོམ་རྣམས་དཔེ་སྐྲུན་བྱེད་རྒྱུའི་འཆར་གཞི་ཡོད་ཐོག་དེ་ལ་སྔོན་བརྗོད་ཞིག་དགོས་པའི་གསུང་ཕེབས་པ་ལྟར་ཧོར་བཙུན་ཉིད་ངེད་ཀྱི་མའི་ཨ་ཁུ་ཡིན་པ་དང་ཕྲན་ལོ་ན་གཞོན་པའི་སྐབས་སུ་སློབ་གསོའི་དགེ་རྒན་གནང་བ་དང་རྗེས་སུ་བོན་གྱི་ཉམས་ལེན་དང་ཁྲིད་རིམ་གྱི་བསླབ་བྱའི་དགེ་བའི་གཤེས་གཉེན་དུའང་བསྟེན་མྱོང་བར་བརྟེན་འདིར་དཔེ་སྐྲུན་གྱི་གོ་སྐབས་དང་བསྟུན་ནས་བཤེས་གཉེན་དམ་པ་དེའི་བཀའ་དྲིན་རྗེས་དྲན་དུ་ཁོང་གི་མཛད་རྣམ་མདོར་བསྡུས་ཤིག་གླེང་གཞིའི་ཚུལ་དུ་ཧོར་བཙུན་དམ་པའི་ཚ་བོ་མཁར་རྨེའུ་བསམ་གཏན་རྒྱལ་མཚན་གྱིས་མཛེས་ཞིང་བལྟ་ན་སྡུག་པའི་ཉི་ཧོང་རྒྱལ་ཁབ་ཀྱི་གྲོང་ཁྱེར་ཀི་ཡོ་ཏྲོ་ཞེས་པའི་མཐོ་རིམ་སློབ་གྲྭ་ཆེན་མོར་མཁས་པ་ཏྲེ་སྟོན་རྒྱལ་མཚན་དཔལ་གྱིས་མཛད་པའི་བོན་སྒོ་གསལ་བྱེད་ཅེས་པའི་ཞིབ་འཇུག་གི་ཐུན་མཚམས་རྣམས་སུ་སྤྱི་ལོ་༢༠༠༩ལོར་ཟླ་བ་བཅུ་གཅིག་པའི་ཚེས་བཅོ་ལྔའི་ཉིན་ལ་རྫོགས་པར་བྲིས།།  །།