གཡུང་དྲུང་བོན་གྱི་དྲྭ་རྒྱ།

ཕུན་ཚོགས་རྣམ་རྒྱལ། རྩོམ་ཡིག་ཨང་དང་པོ། ཝཱར་ཎ་མཐོ་སློབ།

IMG_0047མི་འཇིགས་གདོང་ལྔས་བཏེགས་པའི་གསེར་གྱི་ཁྲི་སྟེང་དུ། གཟི་བརྗིད་མཚན་དཔེ་རབ་རྫོགས་གསེར་གྱི་ལྷུན་པོའི་སྐུ། གང་འདུལ་འགྲོ་ལ་འཚམ་པའི་བོན་གྱི་ལམ་སྟོན་པ། སྐྱབས་རྗེ་རྒྱལ་བ་སྨན་རིའི་ཞབས་ལ་གུས་ཕྱག་འཚལ། ཅེས་བསྟོད་ཚིག་མེ་ཏོག་གི་ཕྲེང་བ་རྒྱན་དུ་ཕུལ་ནས། དེ་རིང་སྐབས་སུ་བབ་པའི་བརྗོད་བྱ་གཡུང་དྲུང་བོན་གྱི་བགྲོ་གླེང་གི་དགེ་ཕན་ཞེས་པའི་རྗོད་བྱེད་རྒྱབ་ལྗོངས་སུ་རགས་ཙམ་གླེང་ན་འདི་ལྟར། སྤྱིར་བགྲོ་གླེང་ཞེས་པ་ནི་གང་ཟང་ཕན་ཚུན་བར་དུ་ཤེས་ཡོན་དང། ཆབ་སྲིད། ཆོས་ལུགས་སོགས་མདོར་ན་ཤེས་བྱའི་གནས་གང་ཞིག་གི་གོ་རྟོགས་སོགས་སྤེལ་རེས་བྱ་བ་ཞིག་ལ་གོ་ན་འགྲིག་གོ། དེར་བརྟེན་ཤེས་བྱའི་བཅུད་ལ་རོལ་བཞིན་པའི་སློབ་ཕྲུག་གཅིག་གི་ངོས་ནས་ཞུས་ན། རང་རེའི་སློབ་མ་ནང་ཁུལ་བགྲོ་གླེང་བྱ་བ་དང། དེ་ལ་མཐོང་ཆེན་སྤྲོད་པ། ཡང་ཡང་དུ་བགྲོ་གླེང་ནང་འཛུལ་ཞུགས་བྱས་ནས་ཆ་ཤས་ལེན་དགོས་པ་དེ་རང་རྒྱུད་ལ་ཤེས་ཡོན་འཐོབ་པའི་ཐབས་ལམ་བཟང་ཤོས་གཅིག་གོ། ཕྱོགས་གཞན་ཞིག་ནས་བཤད་ན་བགྲོ་གླེང་ནི་བརྗོད་གཞི་བྱེ་བྲག་པ་ཞིག་གི་ཐོག་ཏུ་གང་ཟག་མང་པོ་ཞིག་གི་གོ་རྟོགས་བསྡུ་རུབ་བྱས་པ་ཞིག་ཡིན་པས་ཁྱེད་རང་མི་གཅིག་གི་བསམ་བློའི་གནས་ཚད་ལ་ལྷག་པའི་ལེགས་ཆ་དུ་མ་ཞིག་ཐོབ་རྒྱུ་ཡོད་པ་ནི་སྨྲོས་མི་དགོས་སོ། རྒྱུ་མཚན་དེར་བརྟེན་གཡུང་དྲུང་བོན་གྱི་སྐོར་བགྲོ་གླེང་གི་ཕན་ཡོན་གོང་དང་འདྲ་བ་ཞིག་ཡིན།

སྤྱིར་གཡུང་དྲུང་བོན་ཞེས་པ་དེ་ནི་ཀ་བ་དང་བུམ་པ་ལྟ་བུ་དངོས་པོའམ་གང་ཟག་ཅིག་མ་ཡིན་པར། འདི་ནི་རང་རེའི་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་སམ་རིག་གཞུང་། ཡང་ན་ལྟ་སྤྱོད་སྒོམ་གསུམ་མམ། གཞི་ལམ་འབྲས་བུའི་རྣམ་བཞག་ཆ་ཚང་ལྡན་པའི་ཆོས་ལུགས་སམ་གྲུབ་མཐའ་ཞིག་གོ།

མ་ཟད་མི་ལོ་ཁྲི་སྟོང་གི་ལོ་རྒྱུས་ལྡན་པའི་རྗེས་འཇུག་པ་མང་པོས་ཚེ་འདི་ཕྱི་གཉིས་ཀྱི་སྐྱབས་ཡུལ་ཡིན་ལ། དེང་གི་དུས་སུ་ཡང་བོད་ཕྱི་ནང་གང་དུ་གཡུང་དྲུང་བོན་གྱི་དགོན་པ། དཔེ་ཆ། གསུང་འབུམ་སོགས་སྣ་ཚོགས་མཆིས་སོ། དེ་བས་ན་གལ་སྲིད་ཁྱེད་རང་གཡུང་དྲུང་བོན་ལ་མོས་པ་ཟབ་པའི་གང་ཟག་ཅིག་ཡིན་ན། རྨོངས་དད་དང་ལུང་གི་རྗེས་སུ་གཅིག་པུར་མི་འགྲོ་བར་རིག་པའི་སྒོ་ནས་གཡུང་དྲུང་བོན་གྱི་གཞུང་ལུགས་ལ་སློབ་གཉེར་བྱེད་དགོས་པ་ནི་ཤིན་ཏུ་གལ་ཆེའོ། བྱས་ཙང་སློབ་གཉེར་བྱ་ཚུལ་ལ་ཡང་ཐབས་ལམ་སྣ་ཚོགས་ཤིག་མཆིས་ཏེ། དང་པོ་རང་གིས་སློབ་དཔོན་མང་པོ་ནས་ཐོས་བསམ་བྱེད། དེ་ནས་བློ་རིག་མི་འདྲ་བའི་སློབ་མ་ནང་ཁུལ་ལ་བགྲོ་གླེང་བྱེད་དགོས་པ་ནི་གལ་ཆེ། དེར་བརྟེན་གལ་སྲིད་ཁྱེད་རང་བོན་གྱི་སྐོར་ལ་གོ་རྟོགས་ཟབ་མོ་རྒྱ་མཚོ་ལྟ་བུ་ཞིག་བསྐྲུན་འདོད་ན། བགྲོ་གླེང་བརྒྱུད་ནས་གང་ཟག་གཞན་གྱི་བསམ་ཚུལ་དང་ལེགས་བཤད་མང་པོ་ཉན་དགོས་སོ། སྐབས་བབ་བོན་གྱི་བགྲོ་གླེང་དུ་ཕེབས་པའི་དོན་གཉེར་ཅན་གྱི་སློབ་མ་ཁྱུ་ཚོགས་ཤིག་ཡོད་པ་དེའི་ནང་དུ་བློ་ཡི་ཆ་ནས་བཤད་ན་བློ་རབ། འབྲིང་། མཐའ་མ་གསུམ་དང་། གནས་ཚད་ཀྱི་ཆ་ནས་བཤད་ན་རེ་འགའ་བོན་གྱི་གྲུབ་མཐའ་ལ་སློབ་གཉེར་བྱས་མྱོང་མཁན་ཡོད་ལ། ལ་ལ་ནི་དཀོན་མཆོག་གསུམ་གྱི་རྣམ་གྲངས་མི་ཤེས་མཁན་ཡང་ཡོད་སྲིད།

ཁ་དཔེ་ལ་མ་ཤེས་པ་ཤེས། ཤེས་པ་གོང་འཕེལ་ཞེས་པ་ལྟར། གཡུང་དྲུང་བོན་གྱི་བགྲོ་གླེང་འདི་འགོ་བཙུགས་ནས་ད་བར་མཁས་པ་མང་པོ་ཞིག་གིས་བོན་གྱི་ལྟ་གྲུབ་དང་། ཆོས་འབྱུང་། ལོ་རྒྱུས་དང་འབྲེལ་བའི་གསུང་བཤད་མང་པོ་ཞིག་བྱས་པའི་བརྒྱུད་རིམ་ཁྲོད་དུ། བོན་ལ་སློབ་གཉེར་བྱེད་མྱོང་མཁན་དག་ལ་དྲན་བསྐུལ་གྱི་ཚུལ་དང་། མི་ཤེས་མཁན་མི་སྐྱ་ཕོ་མོ་དག་ལ་ཅི་ཡང་མི་མངོན་པའི་མུན་ནག་ཏུ་གསེར་གྱི་ཉི་གཞོན་གསར་དུ་བསྐྲུན་པ་ལྟ་བུའི་ཕན་ཡོན་བྱུང་དང་འབྱུང་བཞིན་ཡོད། གཡུང་དྲུང་བོན་གྱི་བགྲོ་གླེང་འདི་ལ་བརྟེན་ནས་གང་ཟག་མི་སྐྱ་ཕོ་མོ་དག་ལ་ཡང་རང་གི་ཕ་ཆོས་བོན་རིན་པོ་ཡི་བྱུང་རིམ་གྱི་ལོ་རྒྱུས་དང་། དར་རྒུད་ཀྱི་ལོ་རྒྱུས། དེ་བཞིན་བོན་གྱི་གཞུང་ལུགས་དང་གྲུབ་མཐའ་ཟབ་མོ་རྒྱ་མཚོ་ལས་སྐོམ་གདུང་སེལ་བའི་ཆུ་ཐིགས་ཙམ་རོལ་བའི་གོ་སྐབས་ཀྱང་མཆིས་སོ། མ་ཟད་བགྲོ་གླེང་འདི་ཡི་དགེ་ཕན་ལ་བརྟེན་ནས་ཅི་ཡང་མི་ཤེས་པའི་ཁྱིམ་པ་དག་འདི་ཕྱི་གཉིས་ལ་ཕན་པའི་དགེ་སྡིག་གི་བླང་དོར་ལ་མི་རྨོངས་པར་འཇུག་པའི་ལེགས་སྐྱེས་རིན་ཐང་བྲལ་བ་དེ་ཡང་ཐོབ་པ་བཅས།

གཡུང་དྲུང་བོན་གྱི་བགྲོ་གླེང་གི་དགེ་ཕན་ཞུས་ན་དབྱར་གྱི་ཆར་རྒྱུན་ལས་མང་ཞིང་མཐའ་ཡི་རྒྱ་མཚོ་ལས་གཏིང་ཟབ་པའི་དུས་ཡུན་ཐུང་ངུ་འདི་ལྟ་བུའི་ནང་དུ་བརྗོད་ཀྱང་བརྗོད་ག་ལ་ཚར། འོན་ཀྱང་རང་ཉིད་ཀྱི་བློ་ལ་གང་ཤར་གྱི་དགེ་ཕན་རགས་ཙམ་གླེང་ནས་འདིར་མཚམས་བསུ། འགྲོ་དྲུག་སེམས་ཅན་ཀུན་ལ་བུ་ལྟར་སྐྱོང་བའི་མ༵། ། བྱམས་དང་བརྩེ་བའི་བདག་ཉིད་སྐྱེ་འགྲོ་ཡོངས་ཀྱི་ཕ༵། ། མཁན་སློབ་ཉི་ཟླ་ཟུང་འབྲེལ་འཛམ་གླིང་ཀུན་གྱི་རྒྱ༵ན། ། མི་འཇིགས་གསེར་གྱི་ཁྲི་ལ་རྟག་ཏུ་བཞུགས་པར་སྨོ༵ན། །

ཕྱི་ལོ། ༢༠༡༥ ཟླ་བ། ༦  ཚེས་༡༢ ཉིན།