གཡུང་དྲུང་བོན་གྱི་དྲྭ་རྒྱ།

མཁས་དབང་ནམ་མཁའི་ནོར་བུ་མཆོག་གིས་རྒྱལ་སྤྱིའི་བོད་ཀྱི་སྐད་ཡིག་བགྲོ་གླེང་ཐེངས་དང་པོའི་སྟེང་དུ་སྤེལ་བའི་དཔྱད་གཏམ།

Chögyal+Namkhai+Norbu+Rinpoche_ici-colo.ro_DSC_0099_2.1.1བོད་ཀྱི་སྐད་ཡིག་ཐོག་མའི་འབྱུང་ཁུངས་ལ་ཞིན་ནན་དུ་དཔྱད་དགོས་པ།  ད་རམ་རང་གཞུང་ཤེས་རིག་ལྷན་ཁང་ནས་ཐུགས་འཁུར་ཆེ་བཞེས་ཀྱིས། ཤིན་ཏུ་གནད་ཆེ་ལ་རྩ་འགང་ཆེ་བའི། བོད་ཀྱི་བརྡ་སྤྲོད་རིག་གནས་བགྲོ་གླིང་གི་ཚོགས་འདུ་ཐེངས་དང་པོ་འདི་བཞིན་དངོས་སུ་ཚུགས་ཐུབ་པ་བྱུང་བ་དང༌། མ་ཟད་གུས་རང་ལའང༌། བོང་བ་གསེར་གཟིགས་ཀྱི་དཔེ་ལྟར། མཁས་དབང་ལྷན་ཚོགས་འདིར་འོང་དགོས་བཀའ་ཕེབས་ནན་བསྐུལ་བཀའ་དྲིན་ཐོབ་པར་བརྟེན། ཐེངས་འདིའི་བོད་ཀྱི་བརྡ་སྤྲོད་རིག་གནས་སྐོར་གྱི་བགྲོ་གླིང་ཚོགས་འདུ་འདིར་དངོས་སུ་བཅར་ནས། ཕྱོགས་སོ་སོ་ནས་ཕེབས་གནང་བའི་མཁས་དབང་རྣམ་པ་དང༌། དེར་མ་ཟད་བོད་ཀྱི་ཤེས་རིག་ལ་དོ་སྣང་དང་བརྩེ་ཞེན་གནང་མཛད་པའི་མཁས་དབང་མང་པོ་ཞལ་མཇལ་ལྷན་ཚོགས་ཐོག་མ་འོངས་བོད་ཀྱི་མི་བརྒྱུད་ཚོའི་ཤེས་ཡོན་གྱི་གོ་རྟོགས་མཐའ་དག་གི་རྨང་གཞི་མེད་དུ་མི་རུང་བ། བོད་ཀྱི་བརྡ་སྤྲོད་རིག་གནས་སྐོར་རྣམས་མི་ཉམས་གོང་འཕེལ་དང༌། ཉམས་པ་སོར་ཆུད་འབྱུང་བའི་དམིགས་ཡུལ་གྱི་གཞི་རྩའི་ཐོག་ནས་བཀའ་མོལ་ཞུ་བའི་གོ་སྐབས་ཐོབ་པ་ལའང་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན།

གང་ལ་ཟེར་ན། ད་ལམ་བརྡ་སྤྲོད་རིག་གནས་སྐོར་གྱི་གྲོས་གཞི་འདི་ནི། བོད་ཀྱི་ཤེས་རིག་ཡོད་དོ་ཅོག་གི་གཞི་རྩ་བོད་ཀྱི་སྐད་ཡིག་རང་ལ་ཐུག་ཅིང༌། བོད་ཀྱི་སྐད་ཡིག་དེ་ལ་བོད་ཀྱི་བརྡ་སྤྲོད་ཟེར་གྱི་ཡོད་སྟབས། བརྡ་སྤྲོད་ཅེས་བྱ་བ་དེ་ལེགས་སྦྱར་གྱི་སྐད་ཡིག་ཁོ་ན་ལ་ངོས་འཛིན་པ་དང༌། བོད་ཀྱི་སྐད་ཡིག་གི་ཁུངས་དེ་ལེགས་སྦྱར་གྱི་སྐད་ཡིག་ཁོ་ན་ལ་ངོས་འཛིན་བྱས་ན་འགྲིག་གི་ཨེ་ཡོད།

སྤྱིར་བཏང་ལེགས་སྦྱར་གྱི་སྐད་ཡིག་འདི་ཉིད་ཤར་ཕྱོགས་པའི་ཤེས་རིག་སློབ་གཉེར་བྱེད་ཕྱོགས་དང༌། མ་ཟད་ནང་ཆོས་རིག་པ་དང༌། དེ་འབྲེལ་གྱི་ཤེས་རིག་མང་བོ་ཞིག་གི་སྐོར་སློབ་སྦྱོང་གཏིང་ཚུགས་བྱེད་ཕྱོགས་སུ་མེད་དུ་མི་རུང་བ་ཞིག་ཡིན་ངེས་ལ་ཐེ་ཚོམ་ཅི་འང་མེད་ཅིང༌། བོད་ཀྱི་ཤེས་རིག་ལའང་འབྲེལ་བ་ངེས་ཅན་ཞིག་ཡོད་ངེས་པ་ནི་ཞུ་མ་དགོས། འོན་ཀྱང༌། བོད་ཀྱི་བརྡ་སྤྲོད་ཀྱི་གཞི་རྩ་བོད་ཀྱི་སྐད་ནི། བོད་ཅེས་པའི་ཐ་སྙད་སྲིད་པ་ནས་ཡོད་པ་ཞིག་ཡིན་དགོས་ལ། ཡི་གེའང༌། ང་ཚོར་ཡོངས་གྲགས་སུ་ཆོས་རྒྱལ་སྲོང་བཙན་གྱི་དུས་ཐོན་མི་ཨ་ནུས་བོད་དུ་ཡི་གེ་གསར་དུ་འབྲི་བའི་སྲོལ་བཏོད་པར་གྲགས་མོད། ང་ཚོས་གཟིགས་རྒྱ་ཆེ་ཙམ་རེ་གནང་བ་ཡིན་ན། བོན་གྱི་ལོ་རྒྱུས་རྣམས་སུ་གནའ་བོའི་ཞང་ཞུང་གི་ཡིག་རྒན་ནམ། ཞང་ཞུང་གི་སྨར་ཆེན་ཞེས་པ་ནས་སྨར་ཆུང་གི་ཡིག་ཚུགས་དང༌། དེ་ནས་བོད་ཡིག་བྱུང་ཚུལ་མང་པོ་ཞིག་གསུང་སྲོལ་ཡོད་འདུག གསུང་ཚུལ་དེ་ལ་དཔྱད་ན། བོད་ཀྱི་ཐོག་མའི་རྒྱལ་པོ་གཉའ་ཁྲི་བཙན་པོའི་དུས་ནས་བཟུང་བོད་དུ་ཡི་གེའི་འབྲི་སྲོལ་ཞིག་བྱུང་ཡོད་པ་འདྲ་ཞིག་འདུག

བོན་གྱི་ལུགས་སུ་གྲགས་ཆེ་བའི་སྲིད་པ་སྤྱི་མདོས་སུ་གྲགས་པའི་དཔེ་འདྲ་མིན་འགའ་རེ་ཡོད་འདུག ང་རང་གིས་མངོན་སུམ་མིག་མཐོང་བྱུང་བ་ལའང༌། ཁམས་ནས་བྱུང་བ་དང༌། སྟོད་ནས་བྱུང་བ་དང༌། བལ་ཡུལ་ནས་བྱུང་བ་གསུམ་ཙམ་ཡོད་འདུག་པ། དེ་དག་གི་མཛད་བྱང་དུ་གཙོ་ཆེན་པོ་ཞེས་པ་དང༌། གཤེན་པོ་ཁྲི་ན་ཁོད། ཅེས་པའི་མཚན་འདི་གཉིས་ཡོད་འདུག་ལ། གཤེན་བོ་འདི་གཉིས་ནི། བོད་རྒྱལ་གཉའ་ཁྲི་བཙན་པོའི་འོག་ཙམ་ན་བྱུང་བའི་བོད་ཀྱི་བཙན་པོ་ཚོའི་སྐུ་གཤེན་ཡིན་པའི་ཚུལ། བོན་གྱི་ལོ་རྒྱུས་ཁག་མང་ནས་གསལ་པོར་བཤད་ཡོད་པ་དེ་ཚོ་ལ་ཐུགས་སྣང་ཅུང་ཟད་རེ་གནང་བ་ཡིན་ན། ཆོས་རྒྱལ་སྲོང་བཙན་གྱི་གོང་བོད་ཀྱི་གནའ་རབས་རྒྱལ་པོ་ཚོའི་སྐུ་རིང་ལ་ཡི་གེའི་འབྲི་སྲོལ་ཡོད་པ་གསལ་པོར་མཁྱེན་ཐུབ། དེར་མ་ཟད་ལོ་ཆེན་བཻ་རོའི་འདྲ་འབག་ཆེན་མོའི་ནང་དུའང༌། ཐོན་མིས་བོད་ཀྱི་ཡི་གེ་བསྒྱུར། ཅེས་གསུངས་པ་ལས་སྔར་མེད་གསར་བཟོ་གནང་ཚུལ་མི་གསལ།

བོད་དུ་ཆོས་རྒྱལ་སྲོང་བཙན་གྱི་སྔོན་དུ་བོད་ལ་ཡི་གེ་འབྲི་སྲོལ་བྱུང་ཡོད་པའི་རྒྱུ་མཚན་དང༌། ཡི་གེ་ཡོད་པའི་ཁུངས་གསལ་པོ་ཞིག་བསྟན་ཐུབ་པ་ཡིན་ན། བོད་ཀྱི་ཤེས་རིག་གི་ཁུངས་བསྟན་ཐུབ་པ་དང༌། བོད་ཀྱི་ལོ་རྒྱུས་དང་ཤེས་རིག་རང་ཁུངས་ནས་བྱུང་ཡོད་པར་བསྟན་ཐུབ་པའི་དགོས་པ་དང་དགེ་མཚན་བླ་ན་མེད་པ་ཞིག་ཡོད་ངེས་པ་ནི་གུས་རང་ནས་བྲིས་པའི་དེབ་ཆུང་༼ནོར་བུའི་དོ་ཤལ༽དུ་ཞིབ་གསལ་ཡོད་པས་དེར་གཟིགས་ཙམ་གནང་ཐུབ་ཞུ་རྒྱུ་ཡིན།

གུས་རང་ནས་ད་སྔོན་མི་ལོ་ཉི་ཤུ་རྩ་བཞིའི་རིང་མཐོ་རིམ་སློབ་གྲྭར་སློབ་བསྐུལ་དང་འབྲེལ། བོད་ཀྱི་ཤེས་རིག་གང་ཅིའི་སྐོར་ལ་རྟོག་ཞིབ་གང་ཐུབ་བགྱིས་པའི་ཉམས་མྱོང་དུ། བོད་ཀྱི་ཤེས་རིག་ནོར་བུའི་བང་མཛོད་ལྟ་བུ་འདི་ཉིད་ཀྱི་གཞི་རྩ་དེ། རྒྱ་དཀར་ནག་དང་ཆ་འདྲ་བ། ཐོག་མའི་འབྱུང་ཁུངས་དེ་བོད་རང་ལ་གཏུགས་ཐུབ་པ་ཞིག་མ་བྱུང་ཐབས་མེད་ཅིག་ཡིན་འདུག་ལ། དེ་བཞིན་གཏུག་རྒྱུའང་ཡོད་ངེས་པ་འདྲ་ཞིག་འདུག གལ་ཏེ་རང་ཁུངས་བཙན་པོ་ཞིག་མེད་ཕྱིན་ཆད་ཤེས་རིག་རྒྱ་ཆེན་པོ་དང་གཏིང་ཟབ་པོ་ཅི་འདྲ་ཞིག་ཡིན་ནའང༌། ཤེས་རིག་རྙིང་པའམ། དེ་དག་གི་ལོ་རྒྱུས་རྙིང་མའི་གོ་སར་སླེབས་མི་ཐུབ་པ་མ་ཟད། ཤེས་རིག་དེ་ཚོ་ནི་གོ་སར་ཡོད་པའི་ཤེས་རིག་ཁག་གི་མཛེས་རྒྱན་འདྲ་ཞིག་ཏུ་ཆགས་ནས། བོད་ཀྱི་ཤེས་རིག་གིས་དམན་ས་མི་འཛིན་ཐབས་མེད་འདྲ་ཞིག་ཡོང་བ་མངོན་གསལ་ལགས།

དེ་འདྲ་ཡིན་སྟབས། ང་ཚོ་བོད་མི་རང་ནས་བོད་མིའི་ཤེས་རིག་གི་ཁུངས་གསལ་པོ་ཞིག་བསྟན་ཐུབ་པ་ཡིན་ན། མ་འོངས་པར་བོད་ཀྱི་བརྡ་སྤྲོད་ཤེས་རིག་ཚང་མའི་གཞི་རྐང་བརྟན་པོ་ཞིག་ཚུགས་ཐུབ་པ་ཡོང་གི་རེད་བསམ་གྱི་འདུག

ཐོན་མིས་བོད་སྐད་དེ་ལེགས་སྦྱར་གྱི་རྣམ་དབྱེའི་ལུགས་སུ་སུམ་རྟགས་ཀྱི་བསྟན་བཅོས་མཛད་ཅིང༌། དེ་ཡང༌། དཔེར་ན། ཞང་ཞུང་གི་སྐད་དུ། འབྲེལ་སྒྲའི་ཕྲད་མི་འདྲ་བ་བཅུ་གཅིག་ཙམ་ཡོད་འདུག་པ། དེ་དག་ཐོན་མིས་འབྲེལ་སྒྲ་ལྔར་བསྡུས་གནས་བས་མཚོན་བོད་ཡིག་གི་སྲོལ་དེ་སྟབས་བདེ་ལ། བེད་སྤྱོད་བྱེད་སླ་བའི་སུམ་རྟགས་ཀྱི་ལུགས་འདི་བཞིན་བཀའ་དྲིན་གནང་བ་མིན་ནམ་བསམ་གྱི་འདུག གང་ལྟར་ཡང༌། ང་ཚོས་བོད་ཀྱི་བརྡ་སྤྲོད་ཅེས་གསུངས་པའི་ཚེ། དེའི་ཁོངས་སུ་བོད་ཀྱི་སྐད་ཡིག་རྙིང་མ་དེ་ཚོ་ལའང་ཐུགས་དགོངས་ཅུང་ཟད་རེ་བཞེས་དགོས་པ་ཤིན་ཏུ་གལ་ཆེན་པོ་རེད་བསམ་གྱི་འདུག

ད་ལམ་གྱི་ཚོགས་འདུ་འདིར། ཡུལ་ཁག་མི་འདྲ་བ་དུ་མ་ཞིག་ནས་མཁས་དབང་མང་པོ་ཞིག་ཕེབས་ནས། ལྷན་རྒྱས་ཚང་མས་དེང་དུས་སུ་དགོས་ངེས་ཀྱི་མིང་ཚིག་གསར་བཟོ་དང༌། སྒྲ་བསྒྱུར་ཚུལ་སོགས་ཀྱི་སྐོར་དགཽངས་འཆར་དང་སློབ་སྟོན་གཅིག་ལས་གཅིག་ཟབ་པ་འདྲ་པོ་མང་པོ་ཞིག་གསུངས་སོང་བ་དེ་ཚོ་ལ་དགའ་བསུ་དང་མོས་མཐུན་ཞུ་རྒྱུ་ཙམ་ལས་དམིགས་བསལ་ཞུ་དགོས་མི་འདུག

འབྱུང་འགྱུར་ཚོགས་འདུ་འདི་བཞིན་གྲུབ་མཚམས། ཤེས་རིག་ལྷན་ཁང་དང༌། རྩོམ་སྒྲིག་ཁང་བཅས་ཀྱིས་ཐུགས་འགན་ཆེ་བཞེས་དང་འབྲེལ་མཐུད་ཡོད་པའི་ཐོག་ནས། རྒྱལ་ཁབ་ཁག་ཏུ་བཞུགས་གནང་བའི་མཁས་དབང་རྣམ་པ་ཚོས་ཀྱང༌། ཚོགས་འདུར་བཀའ་མོལ་དང༌། བགྲོ་གླིང་དུ་ཇི་ལྟར་ཞལ་བཞེས་གནང་བ་རྣམས་ཐུགས་འགན་གང་ཐུབ་ཐུབ་རེ་བཞེས་ཐུབ་པ་དང༌། ཚོགས་འདུ་འདིའང༌། འབྱུང་འགྱུར་བོད་ཀྱི་ཤེས་རིག་དར་རྒྱས་རྨང་གཞི་ཤིན་ཏུ་གལ་ཆེན་པོ་ཞིག་ཡིན་སྟབས། བསྐྱར་དུ་ཚོགས་ཐེངས་གཉིས་པ་ཞིག་གང་མྱུར་འབྱུང་ཐུབ་པ་ཞིག་དང༌། དེ་བར་སློབ་གྲྭ་ཁག་གི་དགེ་རྒན་རྣམ་པ་ཚོས་ཀྱང་ཉམས་མྱོང་གང་མང་མང་ཞིག་བསྡུ་གསོག་གནང་ཐུབ་པ་དང༌། རྒྱལ་ཁབ་ཁག་ཏུ་བཞུགས་པའི་མཁས་དབང་རྣམ་པས་ཀྱང་ཐུགས་འཁུར་ཞལ་བཞེས་གང་གནང་བ་རྣམས་ཀྱི་འཇུག་ཐོག་རེ་མཛད་དུ་ཡོད་པ་བཅས་ཀྱི་རེ་བསྐུལ་སྙིང་ཐག་པ་ནས་ཞུ་རྒྱུ་ཡིན།།

རྒན་རྡོ་རྗེ་དབང་ཕྱུག་ནས་མཐུན་འགྱུར་གནང་།