གཡུང་དྲུང་བོན་གྱི་དྲྭ་རྒྱ།

༧སྐྱབས་རྗེ་༧རྒྱལ་བ་སྨན་རིའི་ཁྲི་འཛིན་རིན་པོ་ཆེའི་སྐུ་ཕྱྭ་ལ་ཆེད་དམིགས་ཀྱིས་མ་མཆོག་སྲིད་པ་རྒྱལ་མོའི་འབུམ་ཚོགས་རྒྱས་འབུལ་སོགས་དབུ་འཛུགས་གནང་བ།

bonགཤེན་གྱི་འབྱུང་ལྡན་སུམ་བརྒྱ་དང་གཅིག་གི་བོད་ཟླ་བ་བདུན་པའི་ཚེས་བཅུ་བདུན་ཉིན་ཏེ། ཕྱི་ལོ་ ༢༠༡༥ ཟླ་བ་ ༠༨ ཚེས་ ༣༡ རེས་གཟའ་ཟླ་བ་ཉིན་ནས་༧གཡུང་དྲུང་བོན་གྱི་གདན་ས་དཔལ་གཤེན་བསྟན་སྨན་རིའི་གླིང་ནས་༧ཞྭ་དཀར་བསྟན་པའི་གཙུག་རྒྱན་སྐྱབས་རྗེ་རྒྱལ་བ་སྨན་རི་བའི་སྐུ་ཕྱྭ་ལ་ཆེད་དམིགས་ཀྱིས་བཀའ་སྐྱོང་ཡེ་ཤེས་དབལ་མོ། བསྟན་སྲུང་ཡོངས་ཀྱི་གཙོ་མོ། བདེ་འགྲོ་གསང་བའི་ཡུམ་ཆེན་མ་མཆོག་སྲིད་པའི་རྒྱལ་མོ་གཙོས་བསྟན་སྲུང་དམ་ཅན་རྒྱ་མཚོའི་ཚོགས་ལ་འབུམ་ཚོགས་སོགས་ཀྱི་མཆོད་སྤྲིན་རྒྱས་འབུལ་དབུ་འཛུགས་གནང་བ།

དེ་ཡང་༧སྐྱབས་རྗེ་༧སྨན་རིའི་ཡོངས་འཛིན་རིན་པོ་ཆེའི་བཀའ་དགོངས་ལྟར་༧དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་དང་། ༧དཔལ་ལྡན་སྨན་རིའི་བླ་སྤྱི། ༧དཔལ་གཤེན་བསྟན་སྨན་རིའི་གྲྭ་ཚང་། ༧དཔལ་ལྡན་སྨན་རི་ཚང་། ༧གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་རྒྱུན་ལས་སོགས་ཀྱི་གནད་ཡོད་ལས་སྣེ་ལྷན་འཛོམས་ཐོག ༧སྐྱབས་རྗེ་༧རྒྱལ་བ་སྨན་རི་བའི་ཞབས་རིམ་ཆེན་མོ་དབུ་འཛུགས་གནང་རྒྱུར་གྲོས་མོལ་གནང་སྟེ་གོང་ཚེས་ཉིན་ནས་གཡུང་དྲུང་བོན་གྱི་བཀའ་སྲུང་གཙོ་མོ་མ་མཆོག་སྲིད་པ་རྒྱལ་མོ་ལ་སོགས་བསྟན་སྲུང་དམ་ཅན་རྒྱ་མཚོའི་ཚོགས་ལ་མཆོད་སྤྲིན་འབུམ་ཚོགས་རྒྱས་འབུལ་དང་། ཚེ་སྒྲུབ། བྱམས་མའི་ཚེ་མཆོག མཚོ་སྨན་གུར་མདོས། གཟུངས་འདུས། ཚེ་ཐར་སྲོག་བླུ། ཡི་དམ་ཕུར་པའི་སྒྲུབ་པ་ཚོགས་དང་སྲུང་བཟློག་ཆེན་མོ་སོགས་གསུངས་རྒྱུར་ཐག་ཆོད་གནང་བ་ལྟར་དབུ་འཛུགས་ཞུས།

དེ་བཞིན་བོན་གཞིས་མི་སྐྱ་རྒན་གཞོན་ཕོ་མོ་ཡོངས་ཀྱིས་ཀྱང་གསང་སྔགས་སྒོམ་སྒྲུབ་གླིང་དུ་སྲིད་རྒྱལ་བསྐང་བ་དང་ཚེ་སྒྲུབ་སོགས་ཉིན་རྒྱུན་བཞིན་གསོག་སྒྲུབ་གནང་བཞིན་ཡོད།
IMG_01072

དེར་བརྟེན་ཡོངས་ཀྱི་རྩ་བའི་བླ་མ་བཀའ་དྲིན་གཞལ་མཐའ་བྲལ་བ་༧སྐྱབས་རྗེ་༧རྒྱལ་བ་སྨན་རིའི་ཁྲི་ཆེན་སོ་གསུམ་པ་རིན་པོ་ཆེའི་སྐུ་ཚེའི་ཞབས་པད་བསྐལ་པ་ཁྲི་ཕྲག་གི་བར་དུ་བརྟན་ཅིང་སྐུ་གསུང་ཐུགས་ཀྱི་བཞེད་དོན་ཐམས་ཅད་ལྷུན་གྱིས་གྲུབ་པ་དང་། བྱེ་བྲག་ཏུ་སྐུ་གཟུགས་ཅུང་བདེ་མིན་གྱི་འགལ་རྐྱེན་ངན་པའི་མཚན་མ་གང་རིགས་ཡོངས་སུ་ཞི་ནས་སྐུ་ཁམས་གང་མྱུར་གསལ་དྭངས་ལྡན་ཞིང་དགའ་བདེའི་དཔལ་ལ་སྤྱོད་ཅིང་། གཅན་ལྔ་བཏེགས་པའི་ཁྲི་ལ་འགྱུར་བ་མེད་པ་གཡུང་དྲུང་གི་ཁམས་སུ་རྟག་ཏུ་བཞུགས་ཤིང་རང་ཅག་གཞིས་བྱེས་བོན་འབངས་ཡོངས་ཀྱི་སྤྱི་མཐུན་གྱི་བསོད་ནམས་གོང་ནས་གོང་དུ་འཕེལ་ཞིང་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་འཛམ་གླིང་ས་ཕྱོགས་ཀུན་ཏུ་དར་ཞིང་རྒྱས་པ་དང་དེ་འཛིན་གྱི་བུ་སློབ་ཐམས་ཅད་ཀྱི་དགོངས་བཞེད་གྲུབ་ཅིང་སྐུ་ཚེ་བསྐལ་བརྒྱར་བརྟན་པའི་སྨོན་འདུན་བཅས།

ཕྱི་ལོ་ ༢༠༡༥ ཟླ་བ་ ༠༨ ཚེས་ ༣༡ ཉིན། གཡུང་དྲུང་བོན་དྲ་རྒྱ་ལས་ཁུངས་ནས།