བོད་ཀྱི་ཡིག་རྙིང་སྐོར་གྱི་གཏམ་གླེང་།

IMG_1518དེ་རིང་ངས་གླེང་འདོད་པའི་སྐད་ཆའི་ཁ་ཕྱོགས་ནི། དུས་རབས་ཉི་ཤུ་བའི་དུས་མཇུག་ཙམ་ནས་ཕྱོགས་སོ་སོའི་བྲག་ཕུག་དང་། བང་སོ། རི་ཐང་སོགས་སུ་གནའ་ཉམས་ལྡན་པའི་བོད་ཡིག་དང་ཡང་ན་འགྲོ་བ་མིའི་འཚོ་ཆས་རིག་གནས་མང་པོ་ཞིག་སྔོག་འདོན་བྱས་དང་བྱེད་བཞིན་པའི་སྐོར་ངོ་སྤྲོད་རོབ་ཙམ་པོ་ཞིག་གླེང་ན་འདོད། དཔེར་ན་ཕྱི་ལོ་༡༩༠༧་ལོའི་ཟླ་༣་པའི་ནང་དུ་དབྱིན་ཇི་བ་སེ་ཐེ་ཨིན་གྱིས་ཏུན་ཧོང་རིག་གནས་དེ་མི་རིགས་མང་པོ་ཞིག་གིས་བསྐྲུན་པའི་འཛམ་གླིང་རིག་མཛོད་ཆེན་པོ་ཞིག་ཡིན་པ་ཧ་གོ་སྟེ། རྒྱ་ནག་གི་བཙུན་པ་ཝང་ཡོ་ལུའུ་ཟེར་བ་དེར་དངུལ་མང་པོ་བྱིན་ཞིང་ཐབས་བརྒྱ་སྣ་ཚོགས་ཀྱིས་ངོ་ཤེས་བསྒྲིགས་ཏེ་བོད་ཀྱི་དཔེ་རྙིང་བྲིས་མ་སྒམ་ཉེར་དགུ་དང་། དཔེ་རིས་དང་སྒྱུ་རྩལ་གྱི་དངོས་རྫས་སྒམ་ལྔ་བཅས་ཏུན་ཧོང་བྲག་ཕུག་ཨང་ ༡༧ ་པའི་ནང་ནས་སྔོག་འདོན་བྱས་ནས་ཕྱི་གླིང་དུ་ཁྱེར་སོང་བ་རེད།

དེ་ནས་རིམ་པར་ཕྱི་གླིང་པ་རྣམས་སྤྱིར་འཛམ་གླིང་རིག་གནས་དང་དགོས་སུ་བོད་མི་རིགས་ཀྱི་རིག་གནས་དང་ལོ་རྒྱུས་ལ་རིན་ཐང་མཐོང་སྟེ། དེའི་ཕྱོགས་སུ་དོན་གཉེར་ཅེ་ཆེར་སོང་ནས་རང་ཉིད་ཀྱི་ཚེ་སྲོག་ལ་མ་འཛེམ་པར་ཏུན་ཧོང་ས་ཆར་གཅིག་རྗེས་གཉིས་མཐུད་དུ་སླེབས་ནས་དཔེ་རྙིང་དང་དངོས་རྫས་གང་མང་པོ་ཞིག་རྐུ་འཕྲོག་དང་ གཡོ་ཚོང་བྱས་ནས་ཁྱེར་སོང་བའི་ལོ་རྒྱུས་སྣང་།

ཕྱི་ལོ་༡༩༠༨་ལོར་ཞིབ་འཇུག་པ་བེལ་ལི་འོད་ཀྱིས་གཏེར་ཡིག་ཤོག་དྲིལ་ལྔ་སྟོང་ཙམ་རྐུ་འཁྱེར་བྱས་པའི་ཁྲོད། བོད་ཀྱི་གཏེར་ཡིག་ཤོག་དྲིལ་ངོ་གྲངས་ཉིས་སྟོང་སུམ་བརྒྱ་ཡས་མས་ཤིག་ཡོད་པ་དེ་ད་ལྟ་པ་རི་སིའི་དཔེ་མཛོད་ཁང་དུ་ཉར་ཚག་བྱས་ཡོད་པ་དང་། དེ་མིན་རྐུ་འཁྱེར་བྱས་པའི་དར་ཚེམ་དྲུམ་མ་དང་། ཐང་ག་སོགས་རིག་དངོས་ངོ་གྲངས་ཉིས་བརྒྱ་ལྷག་ཅིག་དངོས་མང་བཤམས་སྟོན་ཁང་སོགས་ལ་ད་ལྟ་ཉར་ཚགས་བྱས་ནས་ཡོད་པར་བོད་ཀྱི་ཡིག་རྙིང་ཞིབ་འཇུག་ལས་བཤད་ཡོད།

ཕྱི་ལོ་༡༩༠༩་ལོར་ཧྥ་རི་སིའི་པོ་ཞིས་ཧི་ཞེས་པ་ཞིག་གིས་ལོ་རྒྱུས་ཡིག་རྙིང་མང་པོ་དང་། རིག་དངོས་རྩ་ཆེན་སྣ་ཚོགས་ཤིག་ཁྱེར་ཏེ་ཕྱི་གླིང་དུ་ལོག་པའི་ལམ་བར་དུ་རྒྱ་ནག་པེ་ཅན་བརྒྱུད་ནས་འགྲོ་སྐབས། རྒྱ་ནག་གི་ཞིབ་འཇུག་པ་མང་པོ་ཞིག་དང་འབྲེལ་འདྲིས་བྱས་སྟབས་རྒྱ་ནག་གི་ཞིབ་འཇུག་པ་འགས་ཏུན་ཧོང་རིག་དངོས་ཀྱི་རིན་ཐང་གཞི་ནས་ཤེས་ཏེ་རྒྱ་ནག་སྲིད་གཞུང་ལ་སྙན་ཞུ་ལན་མང་ཞུས་རྗེས་སྲིད་གཞུང་གིས་ཀྱང་པེ་ཅིན་དུ་སྐྱེལ་དགོས་པའི་བཀའ་བབས། དེ་ནས་པེ་ཅིན་དུ་སྐྱལ་བའི་ལམ་བར་ནས་དཔེ་རྙིང་དང་རིག་དངོས་རྩ་ཆེན་མང་པོ་བོར་བརླག་བྱུང་།

ཕྱི་ལོ་ ༡༩༡༡་ལོ་འཇར་པན་བ་ཅུས་རུའི་ཁྲའོ་དང་། ཨུ་རུ་སུའི་ཨ་ཏེང་པའོ་གཉིས་སྔ་རྗེས་སུ་ཏུན་ཧོང་དུ་འབྱོར་ནས་བོད་ཀྱི་དཔེ་རྙིང་འགའ་ལྐོག་འཁྱེར་བྱས་ནས་ད་ལྟ་ཨུ་རུ་སུའི་སྤྱི་ཚོགས་ཙན་རིག་ཁང་ལ་ཉར་ཚགས་བྱས་ཏེ་ཡོད།

མདོར་ན་ཕྱི་ལོ་༡༩༠༧་ལོ་ནས་སྔ་ཕྱི་རིམ་པས་ས་དེ་གའི་བྲག་ཕུག་ནས་གནའ་མིའི་ཤུལ་བཞག་གི་རིག་དངོས་རྩ་ཆེན་གྲངས་མེད་ཅིག་ཁ་འཐོར་དགུ་འཐོར་དུ་གྱུར་སོང་བ་ལ་དེང་དུས་མི་མང་པོ་ཞིག་གིས་ཕངས་སེམས་དང་འགྱོད་པ་སྐྱེ་བཞིན་པའི་སྐབས་རེད།

ཕྱི་ལོ་༢༠༠༦་ལོའི་ཟླ་༦་པའི་ནང་དུ་ལྷོ་ཁ་ས་ཁུལ་མཚོ་སྨད་རྫོང་གི་གཏམ་ཤུལ་དགའ་ཐང་འབུམ་པ་ཆེ་ནས་གནའ་ཉམས་ལྡན་པའི་བོད་ཡིག་མང་པོ་ཞིག་སྔོག་འདོན་བྱས་ཡོད། གནའ་ཡིག་འདིའི་རིགས་ནི་ལོ་ངོ་སྟོང་ཕྲག་གཅིག་དང་ལྔ་བརྒྱ་གོང་གི་བོད་མའི་བསམ་བློའི་འདུ་ཤེས་འཛིན་སྟངས་དང་འབྲེལ་བ་ཟབ་པའི་གནའ་སྲོལ་གྱི་བོན་དཔེ་ཁག་གཅིག་རེད། དཔེ་ཆའི་ཁ་བྱང་མང་ཆེ་བ་ཀོག་རལ་དུ་སོང་བས་ངོས་འཛིན་དཀའ་མོད། འོན་ཀྱང་ངོས་འཛིན་ཅུང་ཤེས་པའི་དཔེ་ཆ་སྐོར་ཞིག་སྟེ།གནག་རབས། བྱོལ་རབས། གསེར་སྐྱེམས་རབས། གེ་གཞུལ་གྱི་རབས། ཤ་རུ་ཤུ་སྟོན་གྱི་རབས། སྨན་དཔྱད་སོགས་ཀྱི་སྐོར་རེད། འདི་དIMG_1519ག་གི་ཡིག་གཟུགས་ཀྱི་ཆ་ནས་ཏུན་ཧོང་གཏེར་ཡིག་དང་གཟུགས་ཧ་ཅིང་འདྲ་བོ་འདུག་པ་མང་།
ཕྱི་ལོ་༢༠༡༠་ལའི་ཟླ་༦་པའི་ནང་དུ་མདོ་སྨད་མདའ་ཚང་རྫོང་ལུང་རིང་སྡེ་བ་ནས་དཔེ་རྙིང་གླེགས་བམ་བཅུ་གསུམ་རྙེད། རྟོག་དཔྱོད་བྱས་པ་ལྟར་ན་གླེགས་ངམ་དེ་དག་གི་གྲས་སུ་ཀོ་བའི་ཐོག་ཏུ་བྲིས་པའི་ཞང་ཞུང་ཡིག་རྒན་གཙོས་པའི་རྩིས་གཞུང་གི་སྐོར་མང་པར་བཤད་འདུག ལིས་ཇེ་སྡེ་བ་ནས་ཞང་ཞུང་ཡིག་རྒན་གྱི་ལམ་ནས་བྲིས་པའི་དཔེ་རྙིང་གླེགས་བམ་དྲུག་གསར་རྙེད་བྱུང་། རྒྱུས་ལོན་བྱས་པ་ལྟར་ན་མེན་རྒྱལ་རབས་སྐབས་ཤིག་ལ་ཀན་ལྷོའི་ཐེ་བོ་ནས་བརྒྱུད་ཡོང་བར་བཤད། འདིའི་ནང་གི་གླེགས་བམ་ཁ་ཤས་ཀྱི་ཡིག་གཟུགས་ལ་དཔྱད་ཚེ།

ཕྱི་ལོ་ ༡༩༠༨་ལོའི་ཟླ་གསུམ་པའི་ནང་དུ་ཧྥ་རི་སའི་གནའ་རྫས་རྟོག་ཞིབ་པ་བེལ་ལི་འོད་ཀྱིས་ཏུན་ཧོང་བྲག་ཕུག་ ནས་ཕྱི་འཁྱེར་བྱས་སོང་བ་སྟེ། ད་ལྟ་ཧྥ་རི་སིའི་དཔེ་མཛོད་ཁང་དུ་བཞུགས་པའི་དཔེ་རྙིང་དེ་དག་དང་ཕྱོགས་ཀུན་ནས་འདྲ་བོ་ཡིན་པས་གླེགས་བམ་འདིའི་རིགས་ཀྱང་ཏུན་ཧོང་བྲག་ཕུག་ནས་འཐོར་སོང་བ་འདྲ། ཞིན་ཁྲིན་ཙི་ཞིན་ཕེན་སྡེ་བ་ནས་བོན་གྱི་དཔེ་རྙིང་གླེགས་བམ་བརྒྱད་གསར་རྙེད་བྱུང་། རྒྱུས་ལོན་བྱས་པ་ལྟར་ན། སྡེ་བ་འདིའི་མི་རྒྱུད་ནི་ཡོན་རྒྱལ་རབས་སྔོན་མ་ཞིག་ལ་སྟོད་མངའ་རི་ནས་མཆེད་ཡོང་པར་མ་ཟད། དེ་དུས་སུ་མེས་པོ་གོང་མ་དག་གིས་མངའ་རིས་ནས་འཁྱེར་ཡོང་བའི་དཔེ་རྙིང་དག་ཡིན་རབ་གླེང་། ཁོང་ཚོས་ད་ལྟའི་དུས་སུའང་མེས་པོ་གོང་མ་ཚོས་ང་ཚོ་ཕྱི་རབས་པ་ལ་བཞག་པའི་ཁྱིམ་ཕུག་གི་ནོར་བུ་ཡིན་ཞེས་ཆེ་བསྟོད་དང་ཆེ་འཇོག་རྒྱ་ཆེར་བྱེད་ཀི་ཡོད།

མདོར་ན་དཔེ་རྙིང་དེ་དག་སྡེ་བ་འདིའི་ཁྱིམ་ཕུག་ཏུ་ཉར་ནས་མི་ལོ་བཞི་བརྒྱ་ལྷག་འདས་ཡོད་པ་ས་དེ་ཀའི་རྒན་པ་རྣམས་ཀྱིས་བཤད་འདུག་གོ། ལོའུ་སྒང་ཐིག་སྡེ་བ་ནས་དཔེ་རྙིང་གླེགས་བམ་གཅིག་གསར་རྙེད་བྱུང་བ་རེད། གླེགས་བམ་འདི་ནི་ཁྱུང་དང་ཀླུ་སྒྲུབ་མཆོད་ཀྱི་ཆོ་གའི་རིགས་ཤིག་ཡིན་ཅིང་འདིའི་ཡིག་གཟུགས་གི་ཆ་དང་། གཏམ་ཤུལ་དགའ་ཐང་འབུམ་པ་ཆེ་ནས་གསར་རྙེད་བྱུང་བའི་ཤ་རུ་ཤུ་སྟོན་གྱི་རབས། གནག་རབས། བྱོལ་རབས་སོགས་དང་གཅིག་འདྲ་རེད། ནན་ཧི་ཧྲང་ཀྲང་ཝན་སྡེ་བ་ནས་གཡུང་དྲུང་བོན་དང་འབྲེལ་བའི་ཐང་ག་རྙིང་བ་བཅུ་ལྷག་གསར་རྙེད་བྱུང་། ཚོད་དཔག་བྱས་པ་ལྟར་ན་ཐང་ག་དེ་དག་གི་རི་མོ་དང་ཚོན་གྱི་རྒྱུ་ཆ་སོགས་གང་ལ་བལྟས་ན་མི་ལོ་གཅིག་སྟོང་གོང་གི་ལོ་རྒྱུས་ལྡན་ཚོད་སྣང་།

མདོར་ན་ཁྱོན་སྡོམ་པས་མདའ་ཚང་ཡུལ་ནས་ཤོག་ངོས་བདུན་སྟོང་ཆིག་བརྒྱ་ལྷག་ལ་ཉེ་བའི་དཔེ་རྙིང་གི་རིགས་དང་ཐང་གའི་རིགས། མཆོད་ཆའི་རིགས་སོགས་གནའ་རྫས་མང་པོ་ཞིག་སྔོག་འདོན་བྱས་པར་བརྟེན། ས་དེ་གའི་ཆོས་ལུགས་ཀྱི་ཆོ་གའི་བརྒྱུད་རིམ་ཞང་ཞུང་ཡིན་པ་དང་ཡང་ན་ས་དེ་གའི་མི་རྒྱུད་དེ་ཡ་ཐོག་ཞང་ཞུང་གི་རུས་ཆེན་བསེ་ཁྱུང་སྦྲ་གསུམ་ལས་སྦྲ་ཡིན་པ་ཐག་ཆོད་བྱས་ཡོད།

འདི་ཡང་སྐ་ངོགས ཞང་ལུང་རིང་སྡེ་བ་དང་ལིས་ཇེ་སྡེ་བ་ཞིན་ཁྲིན་ཙི་ཞིན་ཕེན་སྡེ་བ་ལོའུ་སྒང་ཐིག་སྡེ་བ། ནན་ཧི་ཧྲང་ཀྲང་ཝན་སྡེ་བ་བཅས་ནས་ལན་ཀྲོའུ་སློབ་ཆེན་ནུབ་བྱང་གྲངས་ཉུང་མི་རིགས་ཞིབ་འཇུག་ལྟེ་གནས་དང་། ཀན་སུའུ་དམངས་དོན་བོད་ཀྱི་གནའ་དཔེ་དཀར་ཆག་དག་སྒྲིག་རྟོག་དཔྱོད་ཚོགས་པ་གཉིས་མཉམ་འབྲེལ་གྱིས་ཞིབ་འཇུག་གི་བྱ་བ་ལྷུར་བླངས་པའི་རླབས་ཆེན་གྱི་ཕྱིར་རྗེས་གཅིག་རེད།

ད་དུང་གནའ་རྫས་ཞིབ་འཇུག་པ་མང་པོ་ཞིག་གིས་དཔེ་རྙིང་འདི་དག་ལ་སྐུང་ཡིག་དང་བརྡ་རྙིང་གིས་བཅིངས་ཚུལ་དང་ཞང་ཞུང་གི་ཡུལ་སྐད་འདྲེས་ལུགས། ཡིག་འབྲུའི་བར་མཚམས་སུ་ལྐོག་གྱུར་གྱི་རི་མོས་བརྒྱན་ ཚུལ་སོགས་ལ་དཔྱད་པ་བྱས་མཐར་དཔེ་རྙིང་འདི་དག་དུས་རབས་ལྔ་བ་དང་དྲུག་པའི་བར་གྱི་ཡིན་པ་ཐག་ཆོད་བྱུང་ཡོད།
ཕྱི་ལོ་༢༠༠༥་ལོའི་ཟླ་༨་པའི་ནང་དུ་སྟོད་མངའ་རིས་རི་ཐོག་ནས་བོད་ཡིག་གསལ་བྱེད་སུམ་བཅུའི་གཟུགས་ཚང་བའི་རིན་པོ་ཆེ་གཟི་ཞིག་གསར་རྙེད་བྱུང་། འདི་ལ་མི་ལོ་ལྔ་སྟོང་གོང་གི་ལོ་རྒྱུས་ལྡན་པ་ནི་ནུབ་ ཕྱོགས་རིགས་རྫས་རྟོག་ཞིབ་པ་ཚོས་བཤད་འདུག་གོ། ༢༠༠༨་ཀྱི་ལོའི་ཟླ་༩་བའི་ནང་དུ་ལྷོ་ཁའི་མཆོང་རྒྱས་ཁོག་གི་བོད་བཙན་པོ་རྣམས་ཀྱི་བང་སོའི་འགྲམ་ནས་ཚ་ཁང་ཞིག་རལ་ཞིག་སྔོག་འདོན་བྱས་ཚེ་ནང་ནས་གཡུང་དྲུང་བོན་དང་འབྲེལ་བའི་གཟུངས་གཞུག་མང་པོ་གསར་རྙེད་བྱུང་། འདི་ལ་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གིས་རྟོག་དཔྱོད་བྱས་པ་ལྟར་ན་མི་ལོ་གཅིག་སྟོང་གོང་གི་ལོ་རྒྱུས་ཡོད་པར་གླེང་གི་ཡོད་དོ།

ཕྱི་ལོ་༢༠༡༠་ཟླ་༡༡་པའི་ནང་དུ་ཞང་བོད་གནའ་བོའི་རིག་གཞུང་ཞིབ་འཇུག་ཚོགས་པའི་ཚོགས་མི་རྣམས་རྔ་བའི་བློན་ཚང་ཤང་དང་།བར་མ་ཤང་གཉིས་ལ་བོད་མའི་གནའ་རྫས་རྟོག་ཞིབ་དུ་སོང་ས་ནས་ཡ་ཐོག་ཞང་ཞུང་རིག་གནས་དང་འབྲེལ་བ་ཆེས་ཟབ་པའི་དཔེ་རྙིང་གང་མང་པོ་ཞིག་སྔོག་འདོན་བྱེད་ཐུབ་སོང་བ་རེད། དཔེ་རྙིང་དེ་དག་སྡོམ་རྩིས་ལྟར་ན་གཞུང་ལེ་ཚན་མི་འདྲ་བ་བརྒྱ་དང་སུམ་བཅུ་ལྷག་ཟིན་འདུག འདིའི་གྲས་ཀྱི་དཔེ་རྙིང་འགའ་རེ་ལ་བོད་བཙན་པོའི་སྐབས་ཀྱི་རྡོ་རིང་ངོའི་ཡིག་གཟུགས་ལ་འདྲ་བོ་དང་། དུས་རབས་ལྔ་བ་དང་དྲུག་པའི་སྐབས་ཀྱི་བྲག་སྐོས་ཡི་གེ་སོགས་དང་ཤིན་ཏུ་འདྲ་བོ་འདུག་རབས་བཤད། འདིའི་སྐོར་གྱི་དུས་རབས་ཞིབ་འཇུག་བྱེད་པ་པོ་ནི་སྤྱི་ཚོགས་ཚན་རིག་ཁང་གི་དོན་འགྲུབ་ལྷ་རྒྱལ་རེད།
ཕྱི་ལོ་༢༠༠༩་ལོའི་༡༠ནང་དུ་སྤྱི་ཚོགས་ཚན་རིག་ཁང་གི་དོན་འགྲུབ་ལྷ་རྒྱལ་སོགས་ཞིབ་འཇུག་པ་འགའ་ཞིག་གཡུང་དྲུང་བོན་གནའ་བོའི་རིག་གཞུང་ཞིབ་འཇུག་ཁང་དུ་ཕེབས་ཏེ། ཡ་ཐོག་ཞང་བོད་ཁྱད་ནོར་དཔེ་ཚོགས་ལ་ཞིབ་འཇུག་གི་ལམ་ནས་ཐག་གཅོད་བྱས་པ་ལྟར་ན། དཔེ་རྙིང་འདི་དག་གི་གྲས་ཀྱི་ཕྱོགས་གཅིག་ནི། གཏམ་ཤུལ་དགའ་ཐང་འབུམ་པ་ཆེ་ནས་རྙེད་པའི་དཔེ་རྙིང་གི་དུས་རབས་ལ་བལྟས་ན་ད་དུང་དེ་ལས་སྔ་བའི་དུས་རབས་རེད་ཅེས་བཤད་ཡོད།

ཕྱི་ལོ་༡༩༨༩་ལོ་སོག་རྫོང་ཉིན་མཐའ་ཤང་ཝོབ་ཐུང་རི་ཁག་གི་ས་ནས་བོན་གྱི་དཔེ་རྙིང་གླེགས་བམ་སྟོང་ཕྲག་ལྷག་ཅིག་དང་བོན་གྱི་ཐང་རྙིང་མང་པོ་ཞིག་སྔོག་འདོན་བྱས་མོད་ཀྱང་ཡིད་ཕངས་པ་ཞིག་ལ་ས་དེ་གའི་བླ་གྲྭ་འགའ་དང་སྡེ་མི་རྣམས་ཀྱིས་མ་ནི་དང་སི་ངྷི་དབྱངས་སུ་གྱེར་བཞིན་མེ་སྲེག་བཏང་། ལོ་དེར་ས་དེའི་ཏས་དཀར་བྲག་གི་ཕུག་པ་ནས་ཁ་ཆེའི་ཆོས་ལུགས་པ་འགས་ཞང་བོད་མེས་པོ་གོང་མ་ཚོའི་ལག་རྩལ་ལས་བསྐྲུན་པའི་གནའ་རྫས་མང་པོ་ཞིག་ཁྱེར་ནས་ཕྱི་གླིང་དུ་བྲོས་བྱོལ་བྱས། གནའ་རྫས་དེ་དག་གི་ཁྲོད་དུ་གཟི་གྲུ་གང་གི་རིང་ཐུང་ཅན་ཞིག་ཡོད་པར་གྲགས། གཟི་དེ་ད་ལྟ་ཨ་ལྰ་པེའི་མཆོད་རྟེན་ཞིག་གི་རྩེར་ཡོད་པར་གྲགས་ཅེས་ས་དེ་གའི་ རྒན་རབས་པ་འགས་བཤད་འདུག

མདོར་ན་སོག་རྫོང་ཉིན་མཐའ་ཤང་གི་བྲག་ཕུག་མང་པོའི་ནང་ནས་གནའ་བོའི་ཞང་བོད་རིག་གནས་དང་འབྲེལ་བ་ཟབ་པའི་དཔེ་རྙིང་གླེགས་བམ་སྟོང་ཁྲག་མང་པོ་ས་དེ་ཕྱོགས་ཀྱི་མི་རྣམས་ཀྱིས་ཆུ་ལ་བསྐྱལ་བ། མེ་སྲེག་བཏང་བ་གཞན་ལ་གཡོ་འཚོང་བྱས་པ་སོགས་ཐབས་བརྒྱ་སྣ་ཚོགས་ཀྱི་སྒོ་ནས་མེད་པར་བཟོ་གང་ཐུབ་ཐུབ་བྱས་མོད་ཀྱང་ད་དུང་བྲག་ཐེམ་དང་ཆུ་འགྲམ་རི་རྩེ་སོགས་ནས་དཔེ་རྙིང་དང་ཅ་དངོས་རྙིང་བའི་རིགས་གྲངས་མེད་ཅིག་རྙེད་ཀི་ཡོད། དེ་བཞིན་དུ་སོག་རྫོང་ནས་རྨ་ཆུའི་ ཆུ་རྒྱུད་མང་ཆེ་ཕྱོགས་ནས་ཡ་ཐོག་ཞང་བོད་རིག་གནས་དང་འབྲེལ་བ་ཟབ་པའི་བོན་དཔེ་རྙིང་བའི་རིགས་དང་ཐང་ག་སོགས་དངོས་རྫས་ཀྱི་རིགས་དང་། བོད་བཙན་པོའི་སྐབས་ཀྱི་རྡོ་རིང་དང་བང་སོ་སོགས་གནའ་མའི་ཤེས་རིག་གི་གྲུབ་ཆ་མང་པོ་ཞིག་རྙེད་བཞིན་པ་ འདིས་སྔོན་ཆད་ས་དེ་ཕྱོགས་ཀྱི་བོད་མའི་ཁྱིམ་རྒྱུད་ཚང་མ་གྲུབ་མཐའ་གང་ཞིག་གི་སྒོར་ཞུགས་ཡོད་པ་དང་ཆོས་ལུགས་གང་ཞིག་སྤྱོད་མཁན་ཡིན་པ་གསལ་བྱེད་ཐུབ་འདུག

ཡིད་སྐྱོ་བ་ཞིག་ལ་མཚོ་སྔོན་ཏུའུ་ལན་ས་ཁུལ་ནས་༡༩༨༥ལོ་ཡས་མས་ཞིག་མ་པུ་ཧྥང་གིས་བོད་བཙན་པོའི་བང་སོ་ཆེ་ཆུང་མི་འདྲ་བ་དུ་མ་ཞིག་སྔོག་འདོན་བྱས་ཡོད་པ་དང་། ད་དུང་དེའི་རྗེས་སུ་དུར་ཇག་པ་མང་པོས་སློག་ནས་མི་ལོ་སྟོང་ཕྲག་གཅིག་དང་ལྔ་བརྒྱའི་གོང་གི་ལོ་རྒྱུས་ལྡན་པའི་རིན་ཆེན་གཡུ་བྱུར་གྱིས་བྲིས་པའི་བོན་དཔེ་འགའ་དང་སྟག་གཟིག་གི་གསེར་སྒོར་སྣ་ཚོགས་སེང་གེ་ལ་སོགས་ཁ་སྤྲོད་དུ་ཡོད་པའི་དར་གོས་རི་མོ་ཅན་སོགས་གནའ་མིའི་ལག་རྩལ་ལས་བསྐྲུན་པའི་བཅའ་དངོས་རྩ་ཆེན་མང་པོ་ཞིག་ཕྱིར་བཙོང་བྱས་ཡོད་པ་རེད། རྒྱུ་མཚན་ནི་དེང་དུས་ཡོ་རོབ་གླིང་དང་ཨ་མི་རི་ཀ་སོགས་ཕྱི་གླིང་གནའ་རྫས་འགྲེམ་སྟོན་ཁང་ལ་གནའ་རྫས་དེ་དག་གི་ཐོན་ཁུངས་དང་བཅས་གསལ་བྱེད་བྱས་ནས་ཡོད་པ་མིག་མཐོང་ལག་ཟིན་རེད

ཕྱི་ལོ་༡༩༩༩ ལོའི་ཟླ་༦་པའི་ནང་དུ་པེ་ཅིན་སློབ་གྲྭ་ཆེན་མོ་དང་། མཚོ་སྔོན་གནའ་རྫས་རྟོགས་དཔྱོད་ཁང་གཉིས་མཉམ་འབྲེལ་བྱས་ནས་བོད་བཙན་པོའི་སྐབས་ཀྱི་བང་སོ་ཆེ་འབྲིང་བཞི་རྙེད་ཡོད་པ་རེད། བང་སོ་དེ་ལས་དར་གོས་དང་དར་ཁྲ། ཟ་འོག་སོགས་དར་གྱིས་བཟོས་པའི་གྱོན་ཆས་སྣ་ཚོགས། གསེར་གྱིས་བྲིས་པའི་བོན་དཔེ་སོགས་བོན་དཔེ་སྣ་ཚོགས་དང་། གསེར་གྱིས་བཟོས་པའི་རྫ་ཆས་དང་འདོགས་ཆ་སྣ་ཚོགས་སོགས་ཡ་ཐོག་ཞང་བོད་རིག་གནས་དང་འབྲེལ་བ་དམ་པོ་ཡོད་པའི་དངོས་རྫས་མང་པོ་ཞིག་བསྔོགས་འདོན་བྱས་པ་རེད།

རྩོམ་པ་པོ། རྫ་ཚེ་དབང་བསྟན་འཛིན། རྔ་བ།

1,530 total views, 3 views today



མདོ་སྔགས་ཟུང་འབྲེལ་ཐེག་ཆེན་གཡུང་དྲུང་བོན།

མདོ་སྔགས་ཟུང་འབྲེལ་ཐེག་ཆེན་གཡུང་དྲུང་བོན་ཞེས་པའི་མཚོན་དོན་མདོར་བསྡུས། དེ་ཡང་གཡུང་དྲུང་གཉིས་ནི་འདུལ་བ་མདོ་ཡི་སྡེ་དང༌། གསང་བ་ཟབ་དཀར་སྔགས་ཀྱི་སྡེ་གཉིས་མཚོན་པར་བྱེད་པ་ད ང༌། བར་གྱི་ལྕུམ་བཞོགས་དེ་ནི་ཐེག་པའི་ཡོངས་རྩེ་རྫོགས་པ་ཆེན་པོ་སེམས་ཀྱི་སྡེ་བཅས་མདོར་ན་མི་ལོ་ཆིག་ཁྲི་བརྒྱད་སྟོང་གི་གོང་དུ་བྱོན་པའི་རྣམ་འདྲེན་ཚེ་ལོ་བརྒྱ་བའི་སྟོན་མཆོག་རྫོགས་པའི་སངས་རྒྱས་རྒྱལ་བ་གཤེན་རབ་མི་བོ་མཆོག་གིས་གཏན་ལ་ཕབས་པའི་བོན་སྒོ་བཞི་མཛོད་ལྔའམ་ཐེག་པ་རིམ་དགུ་མཚོན་པར་བྱེད་དོ།

གཡུང་དྲུང་བོན་གྱི་དྲྭ་རྒྱ་ངོ་སྤྲོད།

གཡུང་དྲུང་བོན་གྱི་དྲྭ་ཚིགས་ཆེན་མོ་འདི་ནི་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་མཆོག་གི་བཀའ་འཁྲོལ་གཞིར་བཟུང་འོག་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་གི་དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱི་སྟངས་ འཛིན་འོག་ཆེད་དུ་གསར་སྒྲུབ་བྱས་པའི་བོད་གནའ་བོའི་རིག་གཞུང་སྣ་ཚོགས་དང་འབྲེལ་བའི་གཡུང་དྲུང་བོན་སྤྱི་བའི་དྲྭ་ཚིགས་ཤིག་ཡིན།