སྨན་རིའི་དགེ་བཤེས་བྲག་མགོ་ཚེ་དབང་རྒྱལ་མཚན་གྱི་གསུང་པོད་གཉིས་པ།

bb09f1892872303542531243fca4f3ceསྨན་རིའི་དགེ་བཤེས་ཚེ་དབང་རྒྱལ་མཚན་གྱི་གསུང་རྩོམ་པོད་གཉིས་པ་དཔྱད་རྩོམ་ཕྱོགས་བསྒྲིགས་«ལྷ་བོན་སྒོ་བཞི་»ཞེས་པ་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་དཔར་བསྐྲུན་འགྲེམ་སྤེལ་གནང་བ།

ནང་དོན་མཚམས་སྦྱོར་སྔོན་གླེང་མཐོང་ཚོར་རེག་ཟིག ཆོས་འཁོར་ཚང་ཉི་མ་འོད་ཟེར།
ཟླ་བ་ཇི་ཙམ་འདས་མིན་མི་དྲན་ཡང་། སྔ་ས་ཞིག་ནས་བདག་གི་མཛའ་བཤེས་བཟང་པོ་བྲག་མགོ་རབ་འབྱམས་པ་ཚེ་དབང་རྒྱལ་མཚན་གྱིས་རང་བརྩམས་དཔྱད་དེབ་ཅིག་བསྐུར་ནས་གླེང་བརྗོད་འབྲི་བར་མངགས་བྱུང་། འོན་ཀྱང་། སྲོང་པོར་སྨྲས་ན་ལས་བྲེལ་དང་རྣམ་གཡེང་རིམ་བསྒྲིལ་གྱི་དབར་ནས་དགའ་ཉེ་བློ་དཀར་ཁོང་གིས་བཅོལ་བའི་ལས་དེ་རྩ་བརྗེད་དུ་མ་གྱུར་ཡང་བཤོལ་བསྒྱངས་སུ་ཕྱིན་པའི་མུར་མཐར་ཁོང་གིས་སང་གནངས་ལས་མ་འགྱངས་པར་ད་མོད་ཀྱིས་འབྲི་བར་ནན་གྱིས་བསྐུལ་སྟབས། གང་མྱུར་རིངས་སྟབས་ཀྱིས་དཔྱད་དེབ་དེ་ཉིད་བཀླགས་ཞོར་མཐོང་ཚོར་གྱི་གནད་དོན་འགའ་ཞིག་རགས་རིམ་ཙམ་དགོད་ལ་ཞུགས།
རྒྱལ་བ་སྨན་རི་བའི་མཁན་སློབ་ཉི་ཟླ་ཟུང་གིས་བཙའ་སྐྱེད་སྤེལ་སྲིང་གནང་བའི་སྨན་རིའི་གླིང་གི་དགེ་བའི་བཤེས་གཉེན་ཆེན་མོ་བརྒྱ་ཕྲག་ལྷག་ཅིག་ད་ལྟའི་སྟོང་ལོ་གཉིས་པ་འདིར་གངས་ལྗོངས་བོད་ཀྱིས་གཙོས་པའི་ཤར་ནུབ་ཡུལ་གྲུ་གང་སར་བསྟན་དང་འགྲོ་བར་སྨན་པའི་བྱ་བཞག་རླབས་པོ་ཆེ་སྐྱོང་བཞིན་གཞེས་འཇགས་སུ་མཆིས་པ་ནི། སྤྱིར་ན་རིགས་དྲུག་དང་། སྒོས་སུ་རྒྱལ་བསྟན། ཡང་སྒོས་ཁ་བ་ཅན་གྱི་བསོད་སྐལ་དུ་བརྗིད།
རབ་འབྱམས་པ་དེ་དག་ལས་བྲག་རབ་འབྱམས་པ་ཁོང་ཡང་གཞོན་ལང་ཚོའི་དཔལ་ཡོན་མདོ་སྔགས་སེམས་གསུམ་གྱི་ཉིང་དོན་དང་མནོག་སྤོགས་ཀྱིས་བསོར་ཞིང་། ལྔ་ཟུང་རིག་གནས་རྒན་གཞོན་གཉིས་ཀྱང་ལུས་ཀྱི་ཟུངས་བདུན་ཀུན་ལ་སིམ་པར་འཚོ་བའི་རིག་སྨྲ་བ་ཞིག་ཏུ་ཁུམས། ཆ་རྒྱུས་དེ་ནི་ཁོང་དང་བདག་གཉིས་ཡུན་གྱིས་འགྲོགས་འདྲིས་གཤིབས་གསུམ་བྱས་པའི་ལོ་ཟླའི་འགྲོས་རིམ་དག་ལས་ཐོབ།

ད་ལམ་འདིར་ཁོང་གིས་སྒང་པ་བོད་ཀྱི་ཆོས་རིག་ལོ་རྒྱུས་ལ་བཅངས་པའི་ཁུར་འགན་ལས་གྲུབ་པའི་མཛད་རྗེས་འབུར་དུ་དོད་པ་ཞིག་སྟེ། དཔྱད་རྩོམ་ཕྱོགས་བསྒྲིགས་ཀྱི་དཔེ་དེབ་<<ལྷ་བོན་སྒོ་བཞི་>>འདི་ཉིད་དཔར་དུ་བསྐྲུན་པའི་གཟི་བརྗིད་ལ་འདི་ནས་ལེགས་དར་གྱིས་དགའ་བསུ་རྟེན་འབྲེལ་ཞུ་བ་དང་ཆབས་ཅིག་གང་གིས་བཅོལ་ཞིང་བཏམ་པའི་ལས་དོན་དངོས་ཏེ་དཔྱད་དེབ་དེ་ཉིད་དང་འབྲེལ་བའི་ཚིག་འབྲུ་བཟང་པོ་ཁ་ཤས་སྤེལ་བར་སྤྲོ།
ལར་དཔྱད་དེབ་ཀྱི་ཞལ་བྱང་ལ་<<ལྷ་བོན་སྒོ་བཞི་>>རུ་བཏགས་པ་ནི་རྟེན་འབྲེལ་བཟང་བའི་མཚན་དུ་སྣང་། རྒྱུ་མཚན་ནི། བོན་སྲིད་ཟུང་འབྲེལ་གྱི་རྒྱལ་ཁམས་དེར་གྲི་གུམ་སྐབས་རྒྱལ་གཤེན་དབར་གྱི་འགལ་ཟླའི་རྐྱེན་ལས་རྒྱལ་པོས་བོན་དང་གཤེན་གཉིས་བོད་ཡུལ་རུ་བཞིའི་མཐའ་རུ་བསྐྲད་ཀྱང་། གསས་མཁར་གྱི་བླ་སྲོག་ཏུ་གྱུར་པའི་ལྷ་བོན་སྒོ་བཞི་དེ་མ་བསྣུབས་པར་དེ་དག་སྤྱོད་པའི་གཤེན་པོའང་བོད་དུ་བཞུགས་པར་བསྐུལ། དེས་ན་དཔྱད་དེབ་འདི་ཉིད་ཀྱི་བརྗོད་བྱ་ལའང་བོད་པའི་གོམས་སྲོལ་ལས་ལར་ནས་འགེར་དུ་མི་རིགས་པ་སྟེ། རླུང་རྟ་དང་འཕྲེང་བ་སོགས་ཀྱི་མཚོན་དོན་རྣམས་ཚགས་སུ་བཀྲོལ་ཡོད་ཅིང་། ལྷག་པར་དུ་བོད་མི་རིགས་ཀྱི་བློ་ཡུལ་ལས་དོར་དུ་མི་རུང་བ་སྟེ། ཡར་ཀླུང་རྒྱལ་རབས་ཀྱི་བྱུང་རིམ་དང་། བོད་ཡིག་གི་གཞི་ཁུངས་རྣམས་ཕུགས་འཕེར་བཙན་པོས་གཏན་ལ་ཕབ་ཡོད་སྟབས། འདི་དག་ཀྱང་<<ལྷ་བོན་སྒོ་བཞི་>>ལྟར་ཇི་མི་སྙམ་པར་བོར་ན་ཕངས་འགྱོད་ཀྱི་གནས་སུ་འགྱུར་ངེས་པའི་ཉེན་ཚབས་ཆེ་བར་མཚོན་འདུག་པར་སྙམ།

དཔྱད་དེབ་ཀྱི་ནང་དོན་དངོས་ལ་བལྟས་ན། <<བར་དོའི་རྣམ་བཤད་སྐྱ་རེངས་གསར་པ་>>འདིས་རྫོགས་ཆེན་གྱི་བོན་གཞུང་ལྟ་བ་ཐོག་བབ་ཁུངས་སུ་བཅོལ་ནས་བར་དོ་རྣམ་པ་དགུ་རུ་ངོས་བཟུང་མཛད་པ་དེས་བར་དོའི་རྣམ་གྲངས་ལ་རྒྱུན་གཏན་ཡོངས་གྲགས་ལྟར་གྱི་གསུམ་དང་བཞི་ལས་ཆ་རྒྱུས་དབེན་པ་དག་གི་སྐལ་ངོར་བློ་སྐྱེད་ཡང་དག་ཅིག་ཀྱང་བསྩལ་བར་སེམས།
དེ་བཞིན་<<གནའ་བོའི་རླུང་རྟ་ལས་འཕྲོས་པའི་དཔྱད་ཞིབ་>>ཀྱིས་ཀྱང་རླུང་རྟའི་བྱུང་རབས་དང་མིང་ཁུངས། ཚོས་གཞི་དང་སྲོག་ཆགས་ཀྱི་མཚོན་དོན། འབྱུང་བའི་གོ་རིམ་དང་སྒྲོན་པའི་དུས་སྦྱོར་སོགས་ཕན་རླབས་ཆེ་བའི་གནད་དོན་རྣམས་གཏན་ཚིགས་ལུང་ཁུངས་ཀྱིས་བསྒྲུབས་པ་དག་ནི་བློ་གསར་དོན་གཉེར་ཅན་གྱི་ཡིད་སྨན་ཁོ་ནར་མཐོང་།
ད་དུང་དོ་གལ་ནན་པོས་མནོ་བར་དགོས་པ་ཞིག་སྟེ། བོད་རིགས་དགེ་སྦྱོར་བ་ཡིན་ནོ་ཅོག་ཧ་ལམ་གྱིས་འཕྲེང་བ་འཛིན་ཞིང་བཀོལ་བ་ནི་སྤྱིར་བཏང་གི་གོམས་གཤིས་སུ་འཇགས་ཡོད་མོད། འོན་ཀྱང་ཕལ་ཆེ་བས་དེ་ནི་བྱང་འདྲིས་སུ་གྱུར་པའི་སྲོལ་ལུགས་ཤིག་ལས་ཕན་ཡོན་རྣལ་མ་ཇི་ཡོད་མཁྱེན་ནམ་སྙམ། དེས་ན་<<བོན་ལུགས་དང་འབྲེལ་ཏེ་འཕྲེང་བའི་སྐོར་ལ་གསར་དུ་དཔྱད་པ་>>དེས་འཕྲེང་བའི་བརྡ་མཚོན་དང་མིང་དོན། ངོ་བོ་དང་རྣམ་གྲངས། འདྲེན་ཚུལ་དང་བླང་དོར། ཐ་ན་རབ་ཏུ་གནས་ཚུལ་སོགས་མཐར་ཆགས་སུ་གདམས་པ་དེ་ནི། འཕྲེང་ཐོགས་དགེ་སྒྲུབ་པ་རྣམས་ཀྱི་ཞེ་ཡང་འཕྲེང་བའི་གནས་སུ་སྣང་།

མདོར་ན་དམིགས་ཀྱིས་ངེས་གཟུང་བཀར་མིན་ལ་མ་བལྟོས་པར་དཔྱད་དེབ་འདི་ཉིད་ཀྱི་བརྗོད་བྱ་ལྟག་འོག་བར་གསུམ་ཀུན་ཀ་མན་ངག་བློ་སྐྱེད་དང་གསར་སྤྲོས་ཤེས་བྱས་གཏམས་ནས་བཀོད་སྤེལ་བགྱིས་པ་དེ་ལས་རྩོམ་པ་པོ་གང་གི་མཁས་པའི་བྱ་བ་གསུམ་གྱི་མཛད་སྤྱོད་ཕྱོགས་རེའང་མངོན་པ་དེ་དག་མོས་ཤིང་རང་བའི་གནས་སུ་ཆེ། ཕྱོགས་གཞན་ནས་གླེང་ན་དེ་ནི་རྩ་འགངས་ཆེ་བའི་བོད་ཀྱི་རྩོམ་རིག་རྒྱ་མཚོའི་ངོགས་སུ་ཁ་སྣོན་གྱི་ཞབས་འདེགས་གོང་ཐང་ཅན་ཞིག་ཀྱང་བསྒྲུབས་འདུག་སྙམ།
དེས་ན་རྒྱུན་དུ་རང་སེམས་སྨད་ཅིང་སྲུང་བའི་བློ་ཐུབ་ཀྱི་བོན་གྲོགས་ཏེ། ན་གསར་སྒང་ནས་སེམས་རྩ་འཁོལ་པོས་གཞུང་དོན་བྱང་བར་ཆུབ་ཅིང་། སྒོ་གསུམ་བསླབ་པས་བཅུན་ལ། ཕན་སེམས་ལྷག་བསམ་དཀར་བས། མཁས་བཙུན་བཟང་གསུམ་གྱི་དཔལ་དང་ལྡན་པའི་བྲག་རབ་འབྱམས་པ་འདི་བ་ད་སྐབས་དར་ལ་བབ་དུས་འཁྲུངས་གཞིས་ཀྱི་དབེན་དགོན་དེ་ན་བུ་སློབ་སྐྱོང་བཞིན་མཆིས་པར་ཐག་རིང་རྣ་བའི་དཔྱིད་དུ་ལྷགས་པས། བདག་ཡིད་རངས་ནས་སླད་མར་ཡང་སློབ་འབངས་སྔ་ཚར་དུ་མ་སྲིང་བའི་བཤེས་གཉེན་དམ་པར་འགྱུར་བའི་སྨོན་འདུན་གྱིས་མཐར་བརྒྱན་ཏེ། དཔྱད་དེབ་འདི་ཉིད་བཀླགས་པའི་མྱོང་ཚོར་དོན་བསྡུས་རེག་ཟིག་ཟིན་ཐུན་དུ་བསྟར་བ་མཇུག་བསྡུས་ཁུལ་བགྱིས་པ་ལགས་སོ།། །།
ཆོས་འཁོར་ཚང་ཉི་མ་འོད་ཟེར་པས་ཡུ་རོབ་མགོ་སེར་གླིང་ནས།

བྲག་མགོ་དགེ་བཤེས་ཚེ་དབང་རྒྱལ་མཚན།  
ཁོང་ནི་ཕྱི་ལོ1972ལོར་མདོ་ཁམས་བྲག་མགོ་སྙི་ཡུལ་རྦ་མདའ་སྡེ་བ་རུ་འཁྲུངས།  དགུང་གྲངས་བརྒྱད་ཀྱི་སྟེང་ནས་ས་གནས་སློབ་ཆུང་དུ་ཞུགས།  རིམ་བཞིན་འཛིན་རིམ་བདུན་པ་ནས་སློབ་མཐར་སོན་ཏེ་བདེ་ཆེན་བསམ་གཏན་གླིང་གི་སྒྲིག་སྒོར་ཞུགས།  དེ་ནས་བཟུང་མཆོག་སྤྲུལ་ནམ་མཁའ་འོད་ཟེར་དང་བླ་མ་འཇམ་དཔལ་རྒྱ་མཚོ་རྣམ་གཉིས་ཀྱི་མདུན་ནས་དབང་ལུང་ཁྲིca6bc1f368d4831f3cc70156a44a5143ད་གསུམ་གང་མང་གསན།
ཕྱིས་སུ་ཕྱི་ལོ1987ལོར་རྔ་ཡུལ་རྟོགས་ལྡན་དགོན་དུ་ཕེབས་ནས་རབ་བྱུང་གི་སྡོམ་པ་ཞུས་ནས་ལོ་གསུམ་སྒྲུབ་མཚམས་ཉམས་ལེན་མཐར་ཕྱིན་པར་གནང་།  མ་ཟད་ཐུན་མོང་རིག་གནས་སྐོར་སོགས་ལ་སྦྱངས་པ་ལྷོད་མེད་གནང་།
ཕྱི་ལོ1996ལོར་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་༧དཔལ་གཤེན་བསྟན་སྨན་རིའི་གླིང་དུ་ཕེབས་ནས་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་སྐྱབས་འོག་ཏུ་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེ་ལ་སྒྲིག་ཞུགས་ཞུས་ནས་གཡུང་དྲུང་བོན་གྱི་མདོ་སྔགས་སེམས་གསུམ་ལ་སློབ་གཉེར་གནང་བའི་བསྐལ་བཟང་བྱུང་།
དེ་ནས་བཤད་སྒྲུབ་སློབ་གླིང་གི་སློབ་ཞོར་དུ་ཚོགས་གཙོ་གཞོན་པ་དང་དགེ་བསྐོས།  སྨན་རིའི་གྲྭ་ཚང་གི་གཉེར་པ།  སྨན་རིའི་ཚང་གི་ལས་བྱེད།  དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱི་ཚོགས་མི་སོགས་ཀྱི་ཕྱག་ལས་མང་པོ་གནང་།
ཕྱི་ལོ2012ལོར་༧དཔལ་གཤེན་བསྟན་སྨན་རིའི་གླིང་དུ་བཀའ་རབ་འབྱམས་པ་དགེ་བའི་བཤེས་གཉེན་གྱི་མཚན་རྟགས་བཞེས་ནས་ཁྲི་བཞེངས་མཛད་སྒོ་སྤེལ།  སྔ་ཕྱིར«བོན་སྒོ»ལོ་དེབ་སོགས་སུ་དཔྱད་རྩོམ་མང་པོ་སྤེལ་ཡོད་པ་དང་མ་ཟད་ཕྱི་ལོ2013ལོར་སོག་པོ་རྒྱལ་ས་ཨོ་ལིམ་པ་ཐར་ལ་རྒྱལ་སྤྱིའི་བོད་རིག་པའི་ཚོགས་ཆེན་ཐེངས་བཅུ་གསུམ་པར་ཞུགས་ཏེ་དཔྱད་རྩོམ་སྒྲོག་སྦྱོང་མཛད།  ད་ལྟ་ཁམས་བྲག་མགོ་གཞི་རིང་བྱམས་བརྩེ་སློབ་གླིང་དུ་དགེ་རྒན་གྱི་ཕྱག་ལས་གནང་བཞིན་ཡོད་པ་བཅས་ཀྱི་ངོ་སྤྲོད་གནད་བསྡུས་ཙམ་མོ།།

1,306 total views, 3 views today



མདོ་སྔགས་ཟུང་འབྲེལ་ཐེག་ཆེན་གཡུང་དྲུང་བོན།

མདོ་སྔགས་ཟུང་འབྲེལ་ཐེག་ཆེན་གཡུང་དྲུང་བོན་ཞེས་པའི་མཚོན་དོན་མདོར་བསྡུས། དེ་ཡང་གཡུང་དྲུང་གཉིས་ནི་འདུལ་བ་མདོ་ཡི་སྡེ་དང༌། གསང་བ་ཟབ་དཀར་སྔགས་ཀྱི་སྡེ་གཉིས་མཚོན་པར་བྱེད་པ་ད ང༌། བར་གྱི་ལྕུམ་བཞོགས་དེ་ནི་ཐེག་པའི་ཡོངས་རྩེ་རྫོགས་པ་ཆེན་པོ་སེམས་ཀྱི་སྡེ་བཅས་མདོར་ན་མི་ལོ་ཆིག་ཁྲི་བརྒྱད་སྟོང་གི་གོང་དུ་བྱོན་པའི་རྣམ་འདྲེན་ཚེ་ལོ་བརྒྱ་བའི་སྟོན་མཆོག་རྫོགས་པའི་སངས་རྒྱས་རྒྱལ་བ་གཤེན་རབ་མི་བོ་མཆོག་གིས་གཏན་ལ་ཕབས་པའི་བོན་སྒོ་བཞི་མཛོད་ལྔའམ་ཐེག་པ་རིམ་དགུ་མཚོན་པར་བྱེད་དོ།

གཡུང་དྲུང་བོན་གྱི་དྲྭ་རྒྱ་ངོ་སྤྲོད།

གཡུང་དྲུང་བོན་གྱི་དྲྭ་ཚིགས་ཆེན་མོ་འདི་ནི་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་མཆོག་གི་བཀའ་འཁྲོལ་གཞིར་བཟུང་འོག་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་གི་དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱི་སྟངས་ འཛིན་འོག་ཆེད་དུ་གསར་སྒྲུབ་བྱས་པའི་བོད་གནའ་བོའི་རིག་གཞུང་སྣ་ཚོགས་དང་འབྲེལ་བའི་གཡུང་དྲུང་བོན་སྤྱི་བའི་དྲྭ་ཚིགས་ཤིག་ཡིན།