གཡུང་དྲུང་བོན་གྱི་དྲྭ་རྒྱ།

ལྷ་ལུང་དཔལ་གྱི་རྡོ་རྗེའི་སྐུ་ཚེའི་ལོ་རྒྱུས་འཚོལ་ཞིབ།

Screen-Shot-2013-09-28-at-10.25.54-PMཕྲན་གྱིས“ལྷ་ལུང་དཔལ་གྱི་རྡོ་རྗེའི་སྐུ་ཚེའི་ལོ་རྒྱུས་འཚོལ་ཞིབ་”ཅེས་པའི་རྩོམ་ཡིག་འདི་ནི་ཕྱི་ལོ་༢༠༠༠ལོའི་ལོ་མཇུག་ཏུ་བྲིས་པ་རེད་ལ། སྐབས་དེར་བྲིས་པའི་རྩོམ་ཡིག་འདིར་དཔྱད་གཞི་ཡིག་ཆ་ཕུན་སུམ་ཚོགས་པ་ཞིག་མ་འཛོམས་སྟབས། ལྷ་ལུང་དཔལ་གྱི་རྡོ་རྗེའི་སྐུ་ཚེའི་རི་མོ་གསལ་ལ་མ་གསལ་ཞིག་ཀྱང་འབྲི་ཐུབ་བྱུང་མི་འདུག ཕྱིས་སུ་བོད་ཀྱི་རྒྱལ་རབས་ལོ་རྒྱུས་སོགས་ཀྱིས་མཚོན་པའི་བསྟན་བཅོས་ཁག་ལ་མཇལ་ཐེངས་རེར་བརྗོད་གཞི་འདིའི་སྐོར་ལ་དོ་སྣང་བྱས་ཤིང་། ཉེ་ཆར་བརྗོད་གཞི་གཞན་ཞིག་གི་སྐོར་ལ་ཉར་ཚགས་བྱས་པའི་ཡིག་ཆ་ཞིག་བསྔོགས་སྐབས་ལྷ་ལུང་དཔལ་གྱི་རྡོ་རྗེའི་སྐོར་ལ་བསྡུ་རུབ་བྱས་པའི་ཟིན་ཐོའི་ཤོག་ལེབ་འགའ་མཐོང་བྱུང་བར་བརྟེན། སྔར་བྲིས་ཟིན་པའི་རྩོམ་ཡིག་ལ་སྣོན་འཕྲི་དང་ཁ་གསབ་བྱེད་པར་འདུན་པ་ཞིག་སྐྱེས་བྱུང་། སྤྱིར་བོད་སྤྱི་ལ་དབང་བསྒྱུར་པའི་རྒྱལ་པོ་མཐའ་མ་ཞེ་གཅིག་པ་ལྷ་སྲས་དར་མ་(803-842)ཞེས་གྲགས་པ་བཀྲོངས་མཁན་ལྷ་ལུང་དཔལ་གྱི་རྡོ་རྗེའམ་ལྷ་ལུང་དཔལ་རྡོར་ཞུ་བ་ཁོང་གི་སྐུ་ཚེའི་ལོ་རྒྱུས་བོད་ཀྱི་རྒྱལ་རབས་ལོ་རྒྱུས་དང་ཆོས་འབྱུང་སོགས་སུ་ངེས་པར་དུ་འཁོད་དགོས་པ་ཞིག་ཡིན་མོད། ཁོང་གི་སྐུ་ཚེའི་ལོ་རྒྱུས་དང་མཛད་པ་ཁག་འཚོལ་ཞིབ་བྱེད་སྐབས་རྒྱལ་རབས་ལོ་རྒྱུས་དང་ཆོས་འབྱུང་སོགས་ནའང་ཁོང་གི་སྐུ་ཚེའི་ལོ་རྒྱུས་ཧ་ཅང་ཉུང་བ་དང་ཟུར་ཙམ་ཡོད་པ་དེ་དག་ཀྱང་ངག་རྒྱུན་ལྟ་བུའི་ངོ་བོར་འཕོས་ཟིན་འདུག དེས་ན་ཕྲན་གྱིས་ལྷ་ལུང་དཔལ་གྱི་རྡོ་རྗེའི་སྐོར་གྱི་ལོ་རྒྱུས་གང་རྙེད་པ་ཁག་ངོ་སྤྲོད་དང་བཅས་ཞིབ་བསྡུར་བྱ་རྒྱུའི་ཁུལ་ཡིན་ལ། མ་རྙེད་པ་ཁག་ཕྱིས་སུ་རིམ་གྱིས་ཁ་སྐོང་ཞུ་འཆར་ཡོད་ལགས་ཞེས་དེ་ལྟར་སྔོན་དུ་འགྲོ་བའི་ཚིག་འདི་ཙམ་ཞུ་བ་ཡིན།

ལྷ་ལུང་དཔལ་གྱི་རྡོ་རྗེའི་འཁྲུངས་ཡུལ་དང་། འཁྲུངས་ལོ། སྟག་ཉ་བཟང་གི་སྐོར།

ལྷ་ལུང་དཔལ་གྱི་རྡོ་རྗེའི་འཁྲུངས་ཡུལ་སྐོར་གྱི་ཡིག་ཆ་འཁོད་སྔ་ཤོས་ནི་“ཡེར་པའི་དཀར་ཆག་”ཞེས་པ་འདི་ཡིན། “ཡེར་པའི་དཀར་ཆག་”ལ་“ཡེར་པའི་དཀར་ཆག་ལྷ་ལུང་དཔལ་རྡོར་མ་”དང་“ཡེར་པའི་དཀར་ཆག་བསྟན་པ་དར་རྒྱས་མ་”ཞེས་དཀར་ཆག་གཉིས་ཡོད་[1] ལ། དཀར་ཆག་འདི་ནི་དུས་རབས་བཅུ་གཉིས་པའི་ནང་དུ་བླ་མ་ཟངས་རི་བ་ཞུ་བ་ཞིག་གིས་འབྲི་རྩོམ་གནང་བའམ་ཡང་ན་གཏེར་ལས་བཏོན་པ་ཞིག་ཡིན་པ་དང་། བླ་མ་ཟངས་རི་བ་ནི་རྗེ་རས་ཆུང་བའི་ཐུགས་སྲས་ཁྲོད་ཀྱི་གཅིག་ཡིན། “དེབ་ཐེར་སྔོན་པོའི་”ནང་དུ་“དེ་ལ་སྤྱིར་སློབ་མ་མང་ཡང་ཐུགས་ཀྱི་སྲས་བཅུ་གསུམ་བྱོན་ནས། ་་་ བུར་སྒོམ་ནག་པོ། ལ་སྟོད་པ་ཟངས་རི་རས་པ། ་་་”[2] ཞེས་གསལ་བའི་ལ་སྟོད་པ་ཟངས་རི་རས་པ་ནི་བླ་མ་ཟངས་རི་བ་ཡིན་པར་གྲགས། དེས་ན་གོང་གི་“ཡེར་པའི་དཀར་ཆག་”གི་ནང་དུ་ལྷ་ལུང་དཔལ་གྱི་རྡོ་རྗེ་ནི་“འབྲོམ་སྟོད་དགུང་མོ་ཆེར་སྐུ་སྐྱེ་བ་བཞེས།”[3]ཞེས་འཁོད་ཡོད་ལ། ཕྱིས་སུ་དཔའ་བོ་གཙུག་ལག་ཕྲེང་བས་(1504-1566)དཀར་ཆག་དེ་ལ་གཟིགས་ནས་“ཆོས་འབྱུང་མཁས་པའི་དགའ་སྟོན་”གྱི་ནང་དུ་“གཞན་ཡང་ཡེར་པ་དང་ཆུ་བོ་རི་ལ་སོགས་ལ་སྒོམ་གྲྭ་ཆེན་པོ་བཙུགས་པ་ལས་གྲུབ་ཐོབ་མང་དུ་བྱུང་སྟེ་ཡེར་པའི་དཀར་ཆག་བླ་མ་ཟངས་རི་བས་ཡེར་པའི་བསོས་པའི་སྤེའུ་སེར་པོ་ཐོན་པ་ལས། ལྷ་ལུང་དཔལ་གྱི་རྡོ་རྗེ་ནི་འབྲོམ་སྟོད་དགུང་མོ་ཆེར་སྐུ་འཁྲུངས། ་་་”[4]ཞེས་ལོ་རྒྱུས་དུམ་བུ་ཞིག་དྲངས་འདུག བློ་གྲོས་མཐའ་ཡས་ཀྱིས་(1813-1894)བརྩམས་པའི་“རིན་ཆེན་གཏེར་མཛོད་ཆེན་མོའི་”ནང་དུ་“དབུ་རུ་འགྲམ་སྟོད་གུད་མོ་ཆེར་འཁྲུངས།”[5]ཞེས་དང་། རྡོ་སྦིས་ཤེས་རབ་རྒྱ་མཚོས་(1884-1968)བརྩམས་པའི་“ཨ་ཆུང་གནམ་རྫོང་གི་ལོ་རྒྱུས་”ཀྱི་ནང་དུ་“ཁོང་ནི་དབུ་རུ་གུང་པོ་ཆེར་འཁྲུངས།”[6]ཞེས་གསལ་བ་དང་། ནོར་བྲང་ཨོ་རྒྱན་གྱིས་ཀྱང་“འབྲོམ་སྟོད་གུང་མོ་ཆེར་སྐུ་འཁྲུངས།”[7]ཞེས་གསུངས་པ་སོགས་མང་དུ་མཆིས་ཀྱང་མཁས་པ་ཕལ་མོ་ཆེ་གོང་གི་དཀར་ཆག་དེའི་རྗེས་སུ་འབྲངས་ནས་བསྐྱར་ཟློས་གནང་རྐྱང་བྱས་ཡོད་པ་མ་གཏོགས་ས་ཆ་འདི་རེད་ཅེས་གསལ་ཁ་མཛད་མེད། དུང་དཀར་བློ་བཟང་འཕྲིན་ལས་(1927-1997)ཀྱིས་“འབྲོམ་སྟོད་དགུང་མོ་ཆེ་ནི་འབྲོམ་ཐོད་ཤང་སྙན་རོང་ཞེས་པའི་ཉེ་འདབས་སུ་གུར་པ་ཞེས་པའི་ས་ཆ་ཞིག་ཡོད་པ་དེ་མིན་ནམ་སྙམ།”[8]ཞེས་གསུངས་ཡོད་ལ། ས་ཆ་དེ་ནི་དེང་སང་བོད་རང་སྐྱོང་ལྗོངས་ཟེར་བའི་སྟག་རྩེ་རྗོང་འབྲོམ་ཤང་ངམ་ཡང་ན་ཆུ་ཤུར་རྫོང་གི་ཉེ་འཁོར་དུ་ཡོད།

དེ་མིན་གཞན་ཁོང་གི་འཁྲུངས་ཡུལ་གྱི་སྐོར་ལ་ངག་རྒྱུན་གཉིས་ཡོད་པའི་གཅིག་ནི་ལྷོ་ཁ་བ་ཚོས་ལྷོ་བྲག་ཏུ་ལྷ་ལུང་དགོན་པ་ཟེར་བ་ཞིག་ཡོད་པ་དེ་ལྷ་ལུང་དཔལ་གྱི་རྡོ་རྗེའི་འཁྲུངས་ཡུལ་དུ་ངོས་འཛིན་བྱེད་པ་དང་། ཅིག་ཤོས་ནི་གཉིས་རྩེ་རྣམ་རྫོང་གླིང་དུ་ལྷ་ལུང་བླ་མ་ཚང་ཟེར་བའི་མི་ཚང་ཡོད་པ་དེ་ནི་ཁོང་གི་འཁྲུངས་ཡུལ་འཁྲུལ་མེད་དུ་འདོད་ཀྱིན་ཡོད། ངག་རྒྱུན་འདི་གཉིས་བོད་ཀྱི་བསྟན་བཅོས་ཁག་ཏུ་བཀོད་པ་མ་མཐོང་མོད། ངག་རྒྱུན་ཐམས་ཅད་རྫུན་མ་མིན་པའི་སྐབས་ཀྱང་ཡོད་སྟབས་འདིར་ཆེད་དུ་བྲིས་པ་ཡིན། འོན་ཀྱང་བོད་བཙན་པོའི་སྐབས་སུ་མིང་ལ་ལྷ་ལུང་ཟེར་བའི་མི་ཡོད་པ་དཔེར་ན་ལྷ་ལུང་རྡོ་རྗེ་དཔལ་དང་། ལྷ་ལུང་བློན་པོ་རྗེ་སྐར་གོང་། ལྷ་ལུང་བཟའ་མེ་ཏོག་མ་ལྟ་བུའང་བོད་ཀྱི་ཡིག་རྙིང་དང་ཆོས་འབྱུང་ཁག་ཏུ་མང་པོ་འབྱུང་ལ། ལྷ་ལུང་ཞེས་པ་ནི་རུས་རྒྱུད་ཅིག་གམ་ཡང་ན་ཡུལ་མིང་གང་ཡིན་ད་དུང་བཤད་དཀའ་མོད། འདུས་སྲོང་མང་པོ་རྗེ་རླུང་ནམ་འཕྲུལ་གྱི་རྒྱལ་པོ་ནི་སྒྲགས་ཀྱི་ལྷ་ལུང་ཞེས་པའི་ཡུལ་དུ་འཁྲུངས་པའི་ལོ་རྒྱུས་ཡོད། ཀ་ཐོག་རིག་འཛིན་ཚེ་དབང་ནོར་བུ་(1698-1755)ལྟར་ན་ལྷ་ལུང་དཔལ་གྱི་རྡོ་རྗེའི་“ལྷ་ལུང་”ཞེས་པ་ནི་“ལྷས་ལུང་”ཡིན་པ་འདི་ལྟར་“ཡི་དམ་ལྷ་དང་བླ་མས་བདུད་འདུལ་དཔའ་བོར་ལུང་བསྟན་པར་ལྷས་ལུང་དུ་གྲགས།”[9]ཞེས་གསུངས་ལ། “བདུད་འཇོམས་ཆོས་འབྱུང་”གི་ནང་དུའང་གོང་གི་ཚིག་ཇི་མ་ཇི་བཞིན་དུ་བཤུས་འདུག སྤྱིར་“ཡེར་བའི་དཀར་ཆག་ལྷ་ལུང་དཔལ་རྡོར་མ་”ཞེས་པའི་“ལྷ་ལུང་”མིང་ཅན་འདི་དུས་རབས་བཅུ་གཉིས་པའམ་ཡང་ན་དེའི་གོང་རོལ་ནས་བཏགས་པ་ཞིག་ཡིན་སྟབས། “ལྷས་ལུང་”ཞེས་པ་ནི་ཕྱིས་སུ་མཛེས་རྒྱན་སྤྲས་པས་སླད་ཅན་དུ་གྱུར་པ་རེད་སྙམ།

ལྷ་ལུང་དཔལ་གྱི་རྡོ་རྗེའི་སྐུ་ཚེའི་ལོ་རྒྱུས་ཐོར་རེ་བ་ཞིག་“ཡེར་པའི་དཀར་ཆག་”ཏུ་གསལ་བ་དང་། “སྦ་བཞེད་”སླད་ཅན་དུ་གྲགས་པའི་“ཆོས་འབྱུང་གི་ཡི་གེ་ཞིབ་མོ།” “སྦ་བཞེད་ཞབས་བཏགས་མའི་”ནང་དུའང་ཟུར་ཙམ་འབྱུང་མོད། ཁོང་གི་འཁྲུངས་ལོའི་སྐོར་མི་གསལ། ད་ནི་ཕྱིས་བྱུང་གི་ཡིག་ཆ་བེད་སྤྱད་ན་ཀ་ཐོག་རིག་འཛིན་ཚེ་དབང་ནོར་བུས་ལྷ་ལུང་དཔལ་གྱི་རྡོ་རྗེ་ནི་“ལྷ་སྲས་མུ་རུབ་སྐུ་གཤེགས་མ་ཐག་ཏུ་སྐྱེ་བའི་ཉིང་མཚམས་སྦྱར་བ་ཡིན།”[10]ཞེས་གསུངས་འདུག་ལ། ཚིག་དུམ་འདི་ནི་“བླ་མ་དགོངས་འདུས་ཀྱི་ལུང་བསྟན་བཀའ་རྒྱ་མ་”ལས་དྲངས་པ་གསལ་བཤད་གནང་ཡོད། དེ་བཞིན་དུ་ལྷ་ལུང་དཔལ་གྱི་རྡོ་རྗེ་ནི་“མེ་སྟག་གམ་མེ་ཡོས་གང་རིག་ཏུ་འཁྲུངས་དགོས་ལ། རྒྱལ་པོ་སྡིག་ཅན་སྒྲོལ་དུས་དགུང་ལོ་ང་བརྒྱད་དུ་ཕེབས་ཡོད།”[11]ཅེས་གསུངས་ཡོད། ཕྲན་གྱིས་གོང་གི་བཀའ་རྒྱ་མ་དེ་བཙལ་འཚོལ་བྱས་ནའང་མ་ཐོབ། དེ་ལྟར་ན་རྒྱལ་སྲས་མུ་རུབ་བཙན་པོ་ནི་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་(742-797)གྱི་སྲས་འབྲིང་བ་ཡིན་ལ། ཁོང་གིས་བློན་པོ་ཞང་གི་བུ་དབུ་རིང་བྱ་བ་བསད་པས། བློན་ཆེན་འགོས་ཀྱིས་ཞལ་ལྕེ་དགའ་གསུམ་དང་འདར་གསུམ་བྱ་བ་བཅད་དེ་ཁོང་ས་མཐར་སྤྱུགས་པ་དང་། གཅེན་པོ་མུ་ནེ་བཙན་པོ་(774-797)སྐུ་གཤེགས་རྗེས་རྒྱལ་སྲིད་ཀྱི་བྱ་བཞག་ཐམས་ཅད་གཅུང་པོ་ཁྲི་ལྡེ་སྲོང་བཙན་གྱིས་བསྐྱངས་དགོས་བྱུང་ཡོད། ཁོང་གི་འཁྲུངས་འདས་ཀྱི་ལོ་ཚིགས་གསལ་པོ་མེད་ནའང་། གཅུང་པོ་ཁྲི་ལྡེ་སྲོང་བཙན་ནི་སྤྱི་ལོ་༧༧༦ལོར་འཁྲུངས་པ་དང་། སྤྱི་ལོ་༨༡༥ལོར་སྐུ་གཤེགས་པ་རེད། བོད་ཀྱི་ལོ་རྒྱུས་ཡོངས་གྲགས་སུ་མུ་རུབ་བཙན་པོ་ནི་ཁོང་གི་གཅུང་པོའི་སྔོན་དུ་འདས་ཡོད་ཚུལ་བརྗོད་ཀྱིན་ཡོད།

ནོར་བྲང་ཨོ་རྒྱན་གྱིས་“མེ་སྟག་སྤྱི་ལོ་༧༨༦ལོའམ་ཡང་ན་མེ་ཡོས་སྤྱི་ལོ་༧༨༧ཙམ་ལ་སྐུ་འཁྲུངས་པ་རེད་”[12]གསུངས་འདུག ཁོང་གི་ལོ་ཚིགས་ཀྱི་ཁུངས་གཏུགས་སའི་བསྟན་བཅོས་ནི་ཀ་ཐོག་རིག་འཛིན་ཚེ་དབང་ནོར་བུས་མཛད་པའི་“བོད་རྗེ་ལྷ་བཙན་པོའི་གདུང་རབས་ཚིག་ཉུང་དོན་གསལ་”ཞེས་པ་འདི་མིན་ནམ་སྙམ། གདོང་ཐོག་བསྟན་པའི་རྒྱལ་མཚན་གྱིས་ཀྱང་“མེ་སྟག་༨༤༦འཁྲུངས་པ་དང་། རྒྱལ་པོ་གླང་དར་མ་བཀྲོངས་དུས་དགུང་ལོ་དྲུག་ཅུ་རེ་གཅིག་ཡིན།”[13]ཞེས་གསལ་པོར་གསུངས་ཡོད། གདོང་ཐོག་ཚང་གི་ལོ་ཚིགས་འདི་ནི་སྲོང་བཙན་སྒམ་པོའི་འདས་ལོའི་ལོ་ཚིགས་ཀྱི་དབང་གིས་དྲུག་ཅུ་སྐོར་གཅིག་གི་ཁྱད་པར་བྱུང་བ་དང་། ཁོང་གིས་གསུངས་པའི་ལོ་ཚིགས་དེའི་ནང་གི་དྲུག་ཅུ་སྐོར་གཅིག་འཕྲི་ན་ཀ་ཐོག་ཚང་དང་ནོར་བྲང་ཨོ་རྒྱན་གྱིས་གསུངས་པའི་ལོ་ཚིགས་དང་མཐུན་པར་སྣང་། དེས་ན་ལོ་ཚིགས་འདིའི་དབང་དུ་བྱས་ན་ལྷ་ལུང་དཔལ་གྱི་རྡོ་རྗེ་ནི་སྤྱི་ལོ་༧༨༤ལོར་འཁྲུངས་པའམ་ཡང་ན་སྤྱི་ལོ་༧༨༦ལོར་གང་རུང་ཞིག་ཏུ་སྐུ་འཁྲུངས་པ་འདྲ་ནའང་ད་དུང་བརྟག་པར་འཚལ། ཁོང་གི་སྐུ་མཆེད་དུ་གྲགས་པའི་སྦ་དཔལ་དབྱངས་ཀྱི་ལོ་རྒྱུས་དང་བསྡུར་ནས་བཤད་ན། ལྷ་ལུང་དཔལ་གྱི་རྡོ་རྗེ་ནི་དུས་རབས་བརྒྱད་པ་དང་དགུ་པ་ཡས་མས་སུ་འཁྲུངས་ཡོད་པ་གསལ་པོ་རེད།

ལྷ་ལུང་དཔལ་གྱི་རྡོ་རྗེའི་སྐྱ་མིང་ལ་སྟག་ཉ་བཟང་དང་། སྐུ་ན་གཞོན་དུས་དམག་མི་ཞིག་ཡིན་པའི་སྐོར་“ཡེར་བའི་དཀར་ཆག་”གི་ནང་དུ་ཅུང་ཟད་གསལ་བ་ལུང་དྲངས་ན་འདི་ལྟར། “ལྷ་ལུང་དཔལ་གྱི་རྡོ་རྗེའི་མིང་སྐྱའི་མིང་སྟག་ཉ་བཟང་ཞུ་བ་ལགས། འབྲོམ་སྟོད་དགུང་མོ་ཆེར་སྐུ་སྐྱེ་བ་བཞེས། རྒྱ་བོད་ཀྱི་ས་མཚམས་བསྲུངས་ཏེ་རྒྱ་བོད་བྱེ་མའི་ཐོག་ཏུ་རྒྱའི་དམག་རྣམས་བཏུལ་ལོ། རིན་པོ་ཆེའི་གཡུང་དྲུང་ལ་བོར་ཏེ་སྟོང་བདེ་ན་མི་བསྐྱོད་པ་ཡོད། ལྷས་ཀྱི་ལྗང་ར་ན་སྤྱན་རས་གཟིགས་ཡོད། དེ་ཡན་ཆད་ན་རྒྱ་ནག་པོ་ཡོད། དེ་མན་ཆད་ན་བོད་ཀྱི་གུང་མོ་ཆེའི་དཔོན་སྟག་ཉ་བཟང་བྱ་བ་ལགས། མདུང་ཕྲག་པ་གཡས་པ་བཀལ་ནས་རྨོག་ཕྲག་པ་གཡོན་པ་ལ་བཀལ་ནས་ཡོང་ཙ་ན་”[14]ཞེས་འཁོད་འདུག་ལ། ལོ་རྒྱུས་དེབ་ཐེར་གཞན་དུའང་དཀར་ཆག་འདི་ལས་འཕྲོས་ཏེ་ཁོང་དམག་ལ་ཞུགས་ཏེ་དཔའ་རྟགས་བཞག་ཚུལ་དང་། སོ་བློན་གྱི་གོ་བབ་ཡོད་ཚུལ་སོགས་བརྗོད་འདུག

དེང་སང་བོད་བཙན་པོའི་དུས་སྐབས་ཀྱི་རྒྱ་བོད་ས་མཚམས་ཀྱི་དམག་དཔོན་དག་གི་མིང་འཚོལ་བར་དཀའ་ངལ་དེ་ཙམ་མེད་ཀྱང་། ཕྲན་གྱིས་ཏུན་ཧོང་ཡིག་རྙིང་གིས་གཙོས་པའི་རྒྱའི་ཡིག་ཚང་ལས་བྱུང་བའི་བོད་ཀྱི་ལོ་རྒྱུས་སོགས་ལ་ཞིབ་མོར་མཇལ་ནའང་སྟག་ཉ་བཟང་གིས་རྒྱ་བོད་ས་མཚམས་ཀྱི་དམག་དཔུང་མཛད་པའི་སྐོར་མ་མཐོང་ལ། “སྒྲ་སྦྱོར་བམ་གཉིས་”དང་“རྦ་བཞེད་”དུ་འབྱུང་བའི་“ཞང་རྒྱ་ཉེ་ཉ་བཟང་”ཟེར་བ་ཞིག་ཡོད་པ་དེ་ཡང་“སྟག་ཉ་བཟང་”མིན། སྤྱིར་སྟག་ཉ་བཟང་ཞེས་པའི་“སྟག་”འདི་མཐོང་སྐབས་བོད་བཙན་པོའི་དུས་སྐབས་སུ་དཔའ་བོ་ལ་སྟག་གིས་བསྟོད་པ་དང་། སྡར་མ་ལ་ཝ་ཡིས་སྨད་པ་སོགས་ཐོབ་དང་གོ་ས་སྟེར་བའི་ལམ་སྲོལ་ཡོད་སྟབས། ཁོང་གི་མཚན་གྱི་དབུ་ལ་སྦྱར་བའི་སྟག་འདི་ཡང་དེ་ལྟར་གསོལ་བ་མིན་ནམ་དྲན་ནའང་། ཕྱོགས་གཞན་ཞིག་ནས་བཤད་ན་ཁོང་གི་འཁྲུངས་ཡུལ་སྟག་རྩེ་རྗོང་ནི་གནའ་རབས་ཀྱི་ཡུལ་མིང་ཞིག་ཡིན་པ་དང་། དེ་ཐོགས་དོན་ཀྱང་རི་བོ་སྟག་ལྟ་བུའི་རྩེ་མོར་གནས་པས་རྫོང་ངམ་རྫོང་བཙན་པོ་སྟག་ལྟ་བུའི་དོན་སོགས་ལའང་འཇུག་པས། ཡུལ་མིང་རུས་མིང་དུ་ཐོགས་ཡོད་ཀྱང་སྲིད།

ལྷ་ལུང་དཔལ་གྱི་རྡོ་རྗེ་རབ་ཏུ་བྱུང་བ་དང་། སྐུ་མཆེད། མཁན་པོར་བཞུགས་པའི་སྐོར།

ལྷ་ལུང་དཔལ་གྱི་རྡོ་རྗེ་རབ་ཏུ་བྱུང་བའི་སྐོར་“ཡེར་པའི་དཀར་ཆག་”གི་ནང་དུ་གཏམ་རྒྱུད་ཀྱི་རྣམ་པ་ཅན་ཞིག་ཡོད་པ་འདི་ལྟར། སྟག་ཉ་བཟང་གིས་“གོ་ཆ་རྣམས་ཕུད་དུས་སུ། རིན་པོ་ཆེ་རྟོགས་བཟུངས་ཀྱི་ནང་ན། བྲ་ཉེ་ལ་ནི་གང་སྐྱེས་པ། རྐང་མཐིལ་ལ་ནི་དམར་པོ་ཅན། ཤི་ནས་དམྱལ་བ་སྐྱེ་བར་འགྱུར། ཟེར་བ་ཐོས་པས། རྐང་མཐིལ་གྱི་སུལ་ལ་བལྟས་པས་རྨེ་བ་དམར་པོ་འདུག་པས། ཀློག་མཁན་ལ་སྐྱ་ལས་ཀློག་དང་བྱས་པས། དེ་བཞིན་དུ་འདུག་ཟེར། དེར་ཡབ་མཆེད་གཉིས། ཁོ་རང་སྤུན་གསུམ་བསམ་ཡས་ན་པཎྜི་ཏ་བཞུགས་པའི་སར་ཕྱིན། རབ་ཏུ་བྱུང་པའི་མཁན་པོ་སློབ་དཔོན་བྷི་མ་ལ་མི་ཏྲ་དང་། སློབ་དཔོན་པདྨ་སམ་བྷ་བ་བྱ་བ་ལ་བྱང་ཆུབ་སེམས་དཔའི་སྡོམ་པ་གསུམ་བླངས།”[15]ཞེས་གསལ་བ་འདིའི་ཐོག་ནས་བལྟས་ན་ཁོང་དམག་མི་ཡིན་སྐབས་སུ་ཞིག་གི་ལུང་བསྟན་ལྟ་བུའི་དབང་གིས་གློ་བུར་ཏུ་ངེས་འབྱུང་སྐྱེས་པ་དང་། དེ་ནས་བསམ་ཡས་སུ་ཕེབས་ཏེ་རབ་ཏུ་བྱུང་བ་ཤེས་ཐུབ་ནའང་། སློབ་དཔོན་བྷི་མ་ལ་མི་ཏྲ་ཞུ་བ་ཁོང་བོད་དུ་དངོས་སུ་ཕེབས་ཡོད་མེད་སྐོར་ལ་རྩོད་པ་ཡོད་ནའང་། ཕྲན་གྱིས་“སྦ་བཞེད་ཞབས་བཏགས་མ་”དང་། “མཁའ་འགྲོ་སྙིང་ཐིག་”གི་ནང་དུ་སློབ་དཔོན་རིན་པོ་ཆེས་བྷི་མ་ལ་མི་ཏྲ་སྤྱན་དྲངས་ཚུལ་ཟུར་ཙམ་གསལ་བ་དང་། “རྙིང་མའི་རྒྱུད་འབུམ་”གྱི་ནང་དུའང་མཁན་པོ་བྷི་མ་ལ་མི་ཏྲ་དང་། ལོ་ཙཱ་བ་གཡུ་སྒྲ་སྙིང་པོ་རྣམ་གཉིས་ཀྱིས་རྫོགས་པ་ཆེན་པོ་ཆོས་ཉིད་བྱང་ཆུབ་ཀྱི་སེམས་བཀྲ་ཤིས་མི་འགྱུར་བར་གསལ་བར་གནས་པའི་རྒྱུད་སོགས་བསྒྱུར་བ་མཐོང་བྱུང་བ་གང་ལྟར་ཡང་། ལྷ་ལུང་དཔལ་གྱི་རྡོ་རྗེ་སྐུ་མཆེད་གསུམ་དུས་མཉམ་དུ་བསམ་ཡས་སུ་ཕེབས་ནས་རབ་བྱུང་བསྒྲུབས་ཡོད་ཚེ། ལྷ་ལུང་དཔལ་གྱི་རྡོ་རྗེའི་མཚན་ཀྱང་སད་མི་བདུན་གྱི་གྲས་སུ་ཡོད་དགོས་ནའང་དེ་ལྟར་མི་གསལ་བས་ཁོང་ཕྱིས་སུ་རབ་ཏུ་བྱུང་བ་དང་དེའི་སྐོར་གྱི་ལོ་རྒྱུས་འོག་ཏུ་འཆད་རྩིས་ཡོད།

ཀ་ཐོག་རིག་འཛིན་ཚེ་དབང་ནོར་བུས་“ལྷས་ལུང་དཔལ་གྱི་རྡོ་རྗེ་འདི་ནི་གཉགས་ཛྙཱ་ན་ཀུ་མཱ་རའི་སློབ་མ་དཔལ་གྱི་མིང་ཅན་བརྒྱད་ཀྱི་ཡ་གྱལ་ཡིན་པ་ཡོངས་གྲགས་དང་། ལོ་བཅུ་བདུན་པར་སྤ་གྲོ་སྟག་ཚངས་སུ་གུ་རུ་པདྨའི་ཞལ་མཇལ་ཞིང་། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱིས་རྗེས་སུ་བཟུང་།”[16]ཞེས་གསུངས་ཡོད། བོད་ཀྱི་ཆོས་འབྱུང་རྙིང་གྲས་ཅན་“ཉང་རལ་ཆོས་འབྱུང་”དང་། “ལྡེའུ་ཆོས་འབྱུང་”ལྟ་བུའི་ནང་དུ་ཛྙཱ་ན་ཀུ་མཱ་རའི་སློབ་མ་དཔལ་གྱི་མིང་ཅན་བརྒྱད་ཀྱི་གྲས་སུ་ལྷ་ལུང་དཔལ་གྱི་རྡོ་རྗེའི་མཚན་མེད་ལ། ཕྱིས་སུ་སྔ་འགྱུར་རྙིང་མའི་ཆོས་འབྱུང་གྲགས་ཅན་“གུ་བཀྲ་ཆོས་འབྱུང་”དང་། “དཔལ་རྡོ་རྗེ་ཕུར་པའི་ཆོས་འབྱུང་”སོགས་ཀྱི་ནང་དུ“ཐང་བཟང་དཔལ་གྱི་རྡོ་རྗེ་”ཞེས་པ་“ལྷ་ལུང་དཔལ་གྱི་རྡོ་རྗེར་”བསྒྱུར་འདུག་པ་གང་ཡིན་ཆ་མ་འཚལ། ད་དུང་ལྷ་ལུང་དཔལ་གྱི་རྡོ་རྗེ་དགུང་ལོ་བཅུ་བདུན་ལ་ཕེབས་སྐབས་སློབ་དཔོན་པད་མ་འབྱུང་གནས་ཀྱི་ཞལ་མཇལ་བ་དང་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་རྗེས་སུ་བཟུང་ཡོད་ཚེ། སྐབས་དེར་བསམ་ཡས་གཙུག་ལག་ཁང་བཞེངས་མེད་ལ། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ནི་བསམ་ཡས་དགོན་པ་བཞེངས་གྲུབ་རྗེས་ཁྲི་སྲོང་ལྡེ་བཙན་གྱིས་སློབ་དཔོན་ལ་དབང་ཡོན་དུ་ཕུལ་བ་ཡོངས་གྲགས་ལྟ་བུ་ཡིན། སྤ་གྲོ་སྟག་ཚང་གི་ཡུལ་དེ་ཡང་འབྲུག་ཡུལ་དུ་ཡོད་པ་དང་། སློབ་དཔོན་པདྨ་འབྱུང་གནས་བཞུགས་ཡུལ་གྱི་གནས་ཆེན་བརྒྱད་ཡོད་པའི་གྲས་ཀྱི་གཅིག་ཡིན་སྟབས། མཁས་པ་ཆེན་པོ་ཀ་ཐོག་ཚང་གི་གསུང་འདི་དག་གཡོ་བ་མེད་པར་སེམས་ལ་ཟུག་འགྲོ་བ་ཞིག་མ་རེད།

དེ་ནས་“ཡེར་པའི་དཀར་ཆག་དད་པའི་ས་བོན་”དུ་“བཙུན་པ་དཔལ་གྱི་དབྱངས་དང་། དཔལ་གྱི་རྡོ་རྗེ། རབ་འབྱོར་དབང་པོ་དང་གསུམ་སྐུ་མཆེད་ཡིན།”[17]ཞེས་འབྱུང་ལ། བཙུན་པ་དཔལ་དབྱངས་ཟེར་བ་ཁོང་རབ་ཏུ་བྱུང་བའི་སྐོར་“སྦ་བཞེད་ཞབས་བཏགས་མ་”བྱ་བ་ལས་“བཙན་པོའི་ཞལ་ནས་ངའི་བློན་པོ་དགེ་སློང་མེད་པས། ངའི་ཞང་བློན་རྣམས་ལ་དེ་བཏུབ་བམ་མི་བཏུབ་ཅེས་བཀའ་སྩལ་བའི་ལན་དུ། བཏུབ་བམ་སད་པར་བྱ་གསུངས་ནས། བོད་ལ་དད་པ་ཆེ་བར་འབའ་ཁྲི་གཟིགས་དགེ་སློང་བྱས་མ་ཐག་ཏུ་མངོན་པར་ཤེས་པ་དང་ལྡན་པས་བཙན་པོ་དགྱེས་ཏེ་དེའི་ཞབས་སྤྱི་བོར་བླངས་ནས་ཁྱོད་བོད་ཀྱི་རཏྣ་ཡིན་ཞེས་བཀའ་བསྩལ་བས་མིང་ཀྱང་སྦ་རཏྣ་ཞེས་བཏགས་ཏེ། བོད་ཀྱི་རབ་ཏུ་བྱུང་བ་སྔ་བ་དེ་ཡིན་ནོ།”[18]ཞེས་འབྱུང་། ཡང་། “ཁྲི་གཟིགས་དགེ་སློང་བྱས་མ་ཐག་ཏུ་མཚན་སྦ་དཔལ་དབྱངས་སུ་བཏགས་”[19]ཞེས་ཀྱང་འབྱུང་ངོ་། སྦ་དཔལ་དབྱངས་ནི་བོད་ཀྱི་རབ་བྱུང་བའི་ཐོག་མ་ཡིན་ལ། ཁོང་བསམ་ཡས་ཀྱི་མཁན་རབས་གཉིས་པར་བཞུགས་མྱོང་། སྟོན་རྩེན་སྟོན་མིན་གྱི་རྩོད་པ་བྱེད་སྐབས་ཀྱི་སློབ་དཔོན་དང་། སྒྲ་སྦྱོར་བམ་གཉིས་གཏན་འབེབས་མཛད་སྐབས་ཀྱང་བོད་ཀྱི་ལོ་ཙཱ་བའི་གྲས་སུ་ཡོད། འདིར་གསལ་པོར་ཞུ་འདོད་པ་ནི། སྦ་དཔལ་དབྱངས་སྐུ་མཆེད་གསུམ་ནི་རྒྱལ་པོའི་ཞང་བློན་ཡིན་པ་དང་། བོད་ཀྱི་རྒྱལ་པོ་ལྷ་སྲས་དར་མ་བཀྲོངས་མཁན་ནི་ཁོང་གི་ཉེ་འབྲེལ་ཞིག་ཡིན་པ་དེ་རེད། སྐབས་རེར་“སྦ་བཞེད་ཞབས་བཏགས་མའི་”ནང་དུ་“སྦ་རྨ་གཟིགས་(ཁྲི་བཞེར)གྱི་བུ་རཏྣར།”[20]ཞེས་འབྱུང་བ་དང་དེ་ནི་ལྷ་ལུང་དཔལ་གྱི་རྡོ་རྗེའི་སྐུ་མཆེད་གསུམ་གྱི་ཡབ་ཀྱི་མཚན་མིན་ནམ་སྙམ་ལ། སྐབས་འདིར་འབྱུང་བའི་“སྦ་”འདི་ལའང་འབྲི་ཚུལ་མི་འདྲ་བ་འགའ་རེ་ཡོད་ནའང་། རྦ་དང་དབའ། དབས། ཡང་ན་འབའ་སོགས་གཅིག་ཡིན་ལ་དེ་ལས་མཆེད་པའི་རུས་རྒྱུད་འདིས་བཙན་པོ་གནམ་རི་སྲོང་བཙན་གྱི་དུས་ནས་བོད་ཀྱི་རྒྱལ་ཕྲན་དུ་མ་གཅིག་གྱུར་དང་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་རླབས་ཆེན་གྱི་མཛད་རྗེས་བཞག་ཡོད་ལ། བོད་སིལ་བུར་འཐོར་རྗེས་རྒྱ་དང་ཡུ་གུར་གཉིས་བསྡོངས་ནས་དབའ་ཁྲོམ་བཞེར་བཀྲོངས་ནས་བཟུང་རུས་རྒྱུད་ཆེན་པོ་འདིས་བོད་ལ་གནང་བའི་མཛད་རྗེས་ཀྱི་ལེའུ་དེ་མཇུག་བསྒྲིལ་ཡོད།

མཁན་ཆེན་ཞི་བ་འཚོ་ལས་སྦ་དཔལ་དབྱངས་ཀྱིས་གཙོས་པའི་སད་མི་བདུན་སོགས་རབ་ཏུ་བྱུང་བ་དེ་ལྟར་ལགས་ཀྱང་། ལྷ་ལུང་དཔལ་གྱི་རྡོ་རྗེ་རབ་ཏུ་བྱུང་བའི་ལོ་རྒྱུས་མི་གསལ། བོད་ཀྱི་རྒྱལ་རབས་ལོ་རྒྱུས་དང་ཆོས་འབྱུང་སོགས་ཀྱི་ནང་དུ་སད་མི་བདུན་གྱི་མཚན་མཐུན་མིན་སྣ་ཚོགས་མཆིས་པ་དཔེར་ན། “སྦ་བཞེད་”དུ་ལྷ་ལུང་དཔལ་གྱི་རྡོ་རྗེའི་སྐུ་མཆེད་ལྷ་ལུང་རབ་འབྱོར་དབྱངས་སད་མི་བདུན་གྱི་གྲས་སུ་བཅུག་པ་ལྟ་བུའང་ཡོད། འོན་ཀྱང་ཕྲན་ནི་ལོ་རྒྱུས་སྨྲ་བའི་ཁྱུ་མཆོག་དཔའ་བོ་གཙུག་ལག་ཕྲེང་བས་ཡིག་རིགས་སྣ་ཚོགས་ལ་ཞིབ་བསྡུར་མཛད་ཡོད་པ་དེའི་རྗེས་སུ་འབྲངས་ཡོད་དོ། གང་ལྟར་འདི་དག་གིས་མཚོན་པའི་ལོ་རྒྱུས་ལ་བསམ་ན་ལྷ་ལུང་དཔལ་གྱི་རྡོ་རྗེ་ཕྱིས་སུ་རབ་ཏུ་བྱུང་ནའང་མཁན་པོ་སུ་ཞིག་གི་མདུན་ནས་རབ་བྱུང་བསྒྲུབས་ཡོད་མེད་འཁྲུན་ཐག་གཅོད་ནུས་བྲལ། མཁན་ཆེན་ཞི་བ་འཚོའི་ལོ་རྒྱུས་ལ་ཞིབ་འཇུག་བྱེད་སྐབས་ཁོང་གི་སྐུ་ཚེའི་སྨད་དུ་བོད་ཀྱི་ཁྱིམ་པ་བ་ཚོར་རབ་བྱུང་གི་སྡོམ་པ་མནོས་པའི་ལོ་རྒྱུས་མཇལ་རྒྱུ་མེད་ལ། ཇོ་མོ་གཅེན་ཁྲི་རྒྱལ་མོ་བཙན་དང་སྲུ་བཙན་མོ་རྒྱལ་ལ་སོགས་པའི་མི་བརྒྱ་ལྷག་(སྐབས་དེར་མི་སུམ་བརྒྱ་རབ་ཏུ་བྱུང་བར་གྲགས)མཁན་པོ་སྦ་རཏྣ་(སྐབས་འདིར་སྦ་ཡེ་ཤེས་དབང་པོར་གོ་དགོས་པ་འདྲ)ལས་རབ་ཏུ་བྱུང་ཡོད་པ་དང་། དུས་ཚོད་ཀྱི་ཆ་ནས་བཤད་ན་ལྷ་ལུང་དཔལ་གྱི་རྡོ་རྗེའང་སྐབས་དེ་འདྲ་ཞིག་ལ་རབ་ཏུ་བྱུང་བ་མིན་ནམ་དྲན། གོང་དུ་ཞུས་ཟིན་པ་ལྟར་“ཡེར་པའི་དཀར་ཆག་”ཏུ་ལྷ་ལུང་དཔལ་གྱི་རྡོ་རྗེ་སྐུ་མཆེད་གསུམ་སློབ་དཔོན་བྷི་མ་ལ་མི་ཏྲ་ལས་རབ་ཏུ་བྱུང་བ་གསལ་མོད། ཕྲན་གྱིས་ད་ཕན་མཐོང་བའི་ལོ་རྒྱུས་“ཡེར་པའི་དཀར་ཆག་”ལས་གཞན་གྱི་ལོ་རྒྱུས་སོགས་ན་བྷི་མ་ལ་མི་ཏྲ་ཞུ་བ་བོད་ཀྱི་རབ་བྱུང་གི་མཁན་པོར་བཞུགས་པའི་ལོ་རྒྱུས་མེད་པས་ཞལ་ལུང་འདི་དངོས་ཡོད་ཀྱི་ལོ་རྒྱུས་དང་མཐུན་དཀའ་བས་ཡིད་ཆེས་བྱ་ཐབས་བྲལ། གཞན་ཡང་སློབ་དཔོན་པདྨ་འབྱུང་གནས་ཀྱང་དོན་དངོས་སུ་བོད་དུ་དུས་ཡུན་ཇི་ཙམ་བཞུགས་པའི་ལོ་དུས་ངེས་གཏན་ཁ་ཚོན་ཆོད་པ་ཞིག་མེད་ནའང་། ལྷ་ལུང་དཔལ་གྱི་རྡོ་རྗེས་སློབ་དཔོན་པད་མ་འབྱུང་གནས་ལས་བྱང་སེམས་ཀྱི་སྡོམ་པ་ཞུས་ཡོད་ཚེ་ཞུ་ཡུལ་ནི་བསམ་ཡས་སམ་ཡང་ན་བྲག་ཡེར་པ་གང་རུང་ཞིག་ཡིན་དགོས་པ་ཆགས་མོད། དུས་ཚོད་ནམ་ཞིག་ལ་སྡོམ་པ་བླངས་པའི་ལོ་རྒྱུས་བརྗོད་དཀའ་སེ་ཞིག་འདུག

སྤྱི་ལོ་༡༩༨༢ལོར་མཁའ་རྨེའུ་བསམ་གཏན་རྒྱལ་མཚན་གྱིས་བརྩམས་པའི་དཔྱད་རྩོམ་ཞིག་ཏུ་ལྷ་ལུང་དཔལ་གྱི་རྡོ་རྗེ་“ཁོང་ནི་སངས་རྒྱས་ཆོས་ལུགས་ཀྱི་གྲྭ་པ་ཞིག་ཡིན་པར་མ་ཟད་བསམ་ཡས་ཀྱི་མཁན་རབས་དགུ་པ་ཡིན་པ་གནའ་རབས་ཀྱི་ཡིག་ཆ་ཏུན་ཧོང་ཡིག་རྙིང་བྲིས་མའི་གྲས་ནས་བདག་གིས་རྙེད་བྱུང་།”[21]ཞེས་དང་། ཉེ་ཆར་ཏུན་ཧོང་ཡིག་རྙིང་ཞིབ་འཇུག་གནང་མཁན་སམ་བན་(Sam Van Schaik)གྱིས་བརྩམས་པའི་“བོད། ལོ་རྒྱུས་ཤིག་”ཅེས་པའི་ནང་དུའང་ཁོང་ནི་བསམ་ཡས་ཀྱི་མཁན་རབས་དགུ་པ་ཡིན་[22]པའི་སྐོར་འབྲི་རྩོམ་གནང་ཡོད། སྐབས་དེའི་བསམ་ཡས་ཀྱི་མཁན་པོ་རྣམས་མཁན་པོར་བཞུགས་ཡུན་གྱི་ལོ་དུས་དང་། མཁན་རབས་རེ་རེའི་ལོ་རྒྱུས་འཚོལ་བར་དཔྱད་གཞིའི་ཡིག་ཆ་མ་འཛོམས་པར་བརྟེན་ཞིབ་འཇུག་བྱ་ཐབས་བྲལ་མོད། ཁྲི་ལྡེ་སྲོང་བཙན་སྐབས་ཀྱི་མཁན་པོ་ནི་ཕལ་ཆེར་ཤཱནྟི་ཞུ་བ་ཡིན་ལ། ཁོང་ནི་བསམ་ཡས་ཀྱི་མཁན་རབས་གསུམ་པ་ཡིན་པ་འདྲ། དེར་བརྟེན་ལྷ་ལུང་དཔལ་གྱི་རྡོ་རྗེ་བསམ་ཡས་ཀྱི་མཁན་རབས་དགུ་པར་ཕེབས་སྐབས་ཁོང་དགུང་ལོ་མཐོ་པོར་སླེབས་ཡོད་པ་ནི་སྨོས་མ་དགོས། ཡིན་ནའང་། ཁོང་བྲག་ཡེར་པར་ཕེབས་པའི་ལོ་རྒྱུས་ལ་དཔྱད་ན་དེ་ལའང་འགལ་འཛོལ་ཞིག་ཡོད་པ་འོག་ཏུ་འཆད་པར་འགྱུར་ལ། སྤྱིར་བོད་ཀྱི་རྡོ་རིང་གི་ཡི་གེ་དང་བསྟན་བཅོས་རྙིང་པ་དག་གི་ཤུགས་བསྟན་ལ་བསམ་བློ་གཏོང་སྐབས། བར་སྐབས་དེར་“ཆོས་ཀྱི་བློན་པོ་”ཞེས་པ་ཞིག་བྱུང་སྟབས། རིམ་བཞིན་བསམ་ཡས་ཀྱི་མཁན་པོ་ཚོས་རྒྱལ་པོའི་ཕོ་བྲང་དང་དེའི་ཕྱི་ནང་གི་ཆོས་ཀྱི་བྱ་བ་ལ་ཐེ་གཏོགས་བྱེད་པའི་དབང་ཆ་དེ་ཡང་མེད་པར་གྱུར་པ་ལྟ་བུར་མངོན།

ལྷ་ལུང་དཔལ་གྱི་རྡོ་རྗེ་བྲག་ཡེར་པར་ཕེབས་པ་དང་། ལྷ་སྲས་དར་མ་བཀྲོངས་པ། མདོ་སྨད་དུ་བྲོས་བཤོལ་གནང་བའི་སྐོར།

ལྷ་ལུང་དཔལ་གྱི་རྡོ་རྗེ་བྲག་ཡེར་པ་ཞེས་པའི་སྒྲུབ་གནས་དེར་དུས་ནམ་ཞིག་ལ་ཕེབས་པའི་ལོ་རྒྱུས་མེད་ནའང་། “ཡེར་པའི་དཀར་ཆག་”ཏུ་“སྐུ་མཆེད་གསུམ་པོ་གྲིབ་ཀྱི་དཀར་མོ་རོང་དུ་བསྒོམས་པས་དཔལ་གྱི་རྡོ་རྗེའི་ཆས་གོས་ལྷགས་པས་ཁྱེར་བ་བསྙེགས་པས་ཡེར་པ་ལྷ་རི་སྙིང་པོར་ཤུག་པ་བྱ་ཕོང་ཙམ་ཞིག་ལ་དཀྲིས་ནས་འདུག ཁོང་ས་དཔྱད་ལ་མཁས་པས་རི་དེ་གནས་ཁྱད་དུ་འཕགས་པ་ཞིག་ལ་གཟིགས་ནས་ཡབ་མཆེད་སྤྱན་དྲངས་ནས་མཆོད་པའི་རྟེན་བཙུགས་ཤིང་སྦལ་སྙོས་གཉིས་བྱང་ཚྭ་ཁུར་བཏང་ནས་བྲག་ཕུག་བྲུས།”[23]ཞེས་སོགས་འཁོད་འདུག ཁོང་གི་སྒྲུབ་ཕུག་ནི་སྲོང་བཙན་ཕུག་གི་འོག་ཏུ་ཡོད་པའི་གཟིམ་ཕུག་དེ་ཡིན་པར་བཤད་ཅིང་། ཁོང་གིས་སྒྲུབ་ཕུག་དེ་ནས་གྲུབ་ཐོབ་བརྒྱ་རྩ་བརྒྱད་ཀྱི་ཞབས་ཏོག་བསྒྲུབས་པ་དང་། སྐུ་གསུང་ཐུགས་ཀྱི་རྟེན་བཞེངས་ཤིང་རབ་གནས་ལེགས་པར་སྒྲུབ་ཚུལ་སོགས་“ཡེར་པའི་དཀར་ཆག་”ཏུ་གསལ་བས་འདིར་རྒྱས་སྤྲོས་མ་བྱས་ལ། ཁོང་གིས་སྒྲུབ་པ་ཉམས་ལེན་གཙོ་བོར་མཛད་པས་གྲུབ་པ་ཐོབ་ཅིང་རྗུ་འཕྲུལ་ཅན་ཞིག་ཏུ་གྱུར་པར་གྲགས་ཤིང་། དེའི་ལེགས་ཚོགས་ལ་བརྟེན་ནས་ཁོང་གི་མཚན་རྗེ་འབངས་ཉེར་ལྔའི་གྲས་སུ་མཇལ་རྒྱུ་བྱུང་བ་རེད།

འོན་ཀྱང་། “ཡེར་པའི་དཀར་ཆག་”གི་ནང་དུ་ཁོང་དང་ལྷན་དུ་སྐུ་མཆེད་གཉིས་ཡོད་པ་གསལ་བ་དང་། ཁོང་གི་སྐུ་མཆེད་སྦ་དཔལ་དབྱངས་ནི་རྒྱལ་པོ་མུ་ནེ་བཙན་པོའི་རིང་དུ་སྐུ་གཤེགས་ཡོད་པ་འདྲ། ཁོང་སྐུ་གཤེགས་ཁར་“ཇོ་མོ་ཡིད་བཞིན་འཁོར་ལོས་བསྒྱུར་བའི་སྐུ་གཟུགས་ཀྱིས་སྤྱན་ཆབ་ཕྱུང་།”[24]ལྟ་བུའི་ལོ་རྒྱུས་ཡོད། འདི་ལ་དཔྱད་ན་དུས་སྐབས་དེ་ནི་ཕལ་ཆེར་ཁྲི་སྲོང་ལྡེ་བཙན་གྱི་སྐུ་ཚེའི་མཇུག་གམ་ཡང་ན་མུ་ནེ་བཙན་པོའི་སྐབས་སུ་འཁེལ་བ་ལྟ་བུ་སྣང་ནའང་། སྐབས་དེར་ལྷ་ལུང་དཔལ་གྱི་རྡོ་རྗེ་བསམ་ཡས་ཀྱི་མཁན་པོར་ངེས་པར་དུ་བཞུགས་དགོས་པ་ཆགས་ཡོད། དེའི་རྒྱུ་མཚན་ནི་ཁོང་གིས་རྒྱལ་པོ་ལྷ་སྲས་དར་མ་མ་བཀྲོངས་བར་དུ་བྲག་ཡེར་པ་ནས་བསམ་ཡས་སུ་གཤེགས་པའི་ལོ་རྒྱུས་མེད་པ་དང་། ཁྲི་སྲོང་ལྡེ་བཙན་དང་མུ་ནེ་བཙན་པོའི་སྐབས་ཀྱི་མཁན་པོ་ནི་སྦ་ཡེ་ཤེས་དབང་པོ་དང་སྦ་དཔལ་དབྱངས་རྣམ་གཉིས་ཡིན་ལ། ཁྲི་ལྡེ་སྲོང་བཙན་སྐབས་ཀྱི་མཁན་པོ་ནི་ཕལ་ཆེར་ཤཱནྟི་ཞུ་བ་ཡིན་སྟབས། བསམ་ཡས་ཀྱི་མཁན་པོ་རྣམས་ཀྱི་མཚན་ཐོ་གུང་བསྒྲིགས་ན་དོན་དངོས་སུ་ལྷ་ལུང་དཔལ་གྱི་རྡོ་རྗེ་བསམ་ཡས་ཀྱི་མཁན་པོར་ག་དུས་ཤིག་ལ་ཕེབས་པ་མི་ཤེས་པས་དཔྱད་པར་འཚལ།

ལྷ་ལུང་དཔལ་གྱི་རྡོ་རྗེ་བྲག་ཡེར་པར་བཞུགས་སྐབས། བོད་ཀྱི་སྤྱི་ཚོགས་ཁྲོད་དུ་མི་གཞོན་མང་པོ་རབ་ཏུ་བྱུང་བར་བརྟེན་བོད་རྒྱལ་ཁབ་ལ་གྱོང་གུད་ཕོག་པས། རྒྱལ་པོ་ལྷ་སྲས་དར་མ་གཙོས་པའི་བློན་ཆེན་དབའ་རྒྱལ་ཏོ་རེ་སྟག་གཉའ་སོགས་ཀྱིས་མི་གཞོན་རབ་ཏུ་བྱུང་བ་རྣམས་བཀག་པ་དང་། གྲྭ་པ་འགའ་ཤས་ཁྱིམ་དུ་ཕབ་པ་སོགས་ཀྱི་གནས་སྟངས་སྡུག་པོ་བྱུང་ཡོད། བོད་ཀྱི་ལོ་རྒྱུས་དང་ཆོས་འབྱུང་རྙིང་པ་དཔེར་ན་“སྦ་བཞེད་”དང་“ཆོས་འབྱུང་མཁས་པའི་དགའ་སྟོན་”སོགས་ཀྱི་ནང་དུ་རྒྱལ་པོ་ལྷ་སྲས་དར་མས་ཆོས་བསྣུབས་པའི་སྐོར་ཅུང་ཟད་གསལ་བ་དང་། ཉེ་རབས་བརྗོད་གཞི་འདིའི་སྐོར་ལ་རྩོམ་ཡིག་འབྲི་མཁན་མང་པོ་བྱུང་ཡོད་སྟབས་ཕྲན་གྱིས་ཡིག་ཚོགས་བསྐྱུངས་པ་ཡིན། མཁར་རྨེའུ་བསམ་གཏན་གྱིས་བརྩམས་པའི་“བཙན་པོ་ལྷ་སྲས་དར་མ་དང་དེའི་རྗེས་སུ་བྱུང་བའི་རྒྱལ་རབས་ལོ་རྒྱུས་མདོར་བསྡུས་ཞེས་པ་ནི་ཚན་རིག་དང་མཐུན་པའི་དཔྱད་རྩོམ་ལེགས་པོ་ཞིག་རེད་སྙམ།

གང་ལྟར་བོད་ཀྱི་དགོན་པ་ཁག་དང་བསམ་ཡས་ཀྱི་གྲྭ་པ་ཚོའི་གནས་སྟངས་གནམ་ས་བླ་འོག་ཏུ་སྒྱུར་བཞིན་པའི་དུས་དེར། དཔལ་གྱི་མགོན་པོ་དང་དཔལ་གྱི་ལྷ་མོས་གཙོས་པའི་གྲིབ་ཀྱི་བཙན་རྫོང་གསུམ་གྱིས་ལྷ་ལུང་དཔལ་གྱི་རྡོ་རྗེར་རྒྱལ་པོ་ལྷ་སྲས་དར་མ་གསོད་དགོས་པའི་སྐུལ་སློང་དང་། གསོད་པའི་དུས་སུ་གྲོགས་དན་མཛད་པར་ཁས་ལེན་མཛད་པ་དང་། ལྷ་ལུང་དཔལ་གྱི་རྡོ་རྗེས་ཀྱང་རྒྱལ་པོས་བསྟན་པ་བསྣུབས་པར་མཁྱེན་ཏེ་སྙིང་རྗེ་ཁྱད་པར་ཅན་འཁྲུངས་པ་སོགས་བོད་ཀྱི་ལོ་རྒྱུས་“སྦ་བཞེད་ཞབས་བཏགས་མའི་”ནང་དུ་གསལ་བ་དང་། ཕྱིས་བྱུང་ལོ་རྒྱུས་སྨྲ་པ་ཚོས་ཀྱང་འདི་ལ་གཙིགས་ཆེན་གནང་ཡོད། འོན་ཀྱང་“ཉང་རལ་ཆོས་འབྱུང་”གི་ནང་དུ་སྣུབས་སངས་རྒྱས་ཡེ་ཤེས་ཀྱིས་བསྐུལ་བའི་ལོ་རྒྱུས་བཀོད་འདུག་ལ། གཞན་“ཆོས་འབྱུང་གི་ཡི་གེ་ཞིབ་མོ་”དང་། “ཆོས་འབྱུང་མཁས་པའི་དགའ་སྟོན་”སོགས་ཀྱི་ནང་དུ་ལྷ་ལུང་དཔལ་གྱི་རྡོ་རྗེས་ཕོད་ཀ་དང་ཞྭ་དཀར་ཕྱི་ནག་པོ་གྱོན་ཞིང་། ཕུ་ཐུང་དུ་ལྕགས་མདའ་ལྕགས་གཞུ་བཅུག དེ་ནས་རྟ་དཀར་སོལ་བ་ཞུགས་པ་ལ་བྱོན་ནས་ལྷ་སར་ཕེབས་ཏེ། རྒྱལ་པོས་རྡོ་རིང་གི་ཡི་གེ་གཟིགས་བཞིན་ཡོད་པའི་གླགས་དང་བསྟུན་ནས་མདའ་འཕངས་ཏེ་བཀྲོངས་པའི་ལོ་རྒྱུས་གསལ་མོད། “ལྡེའུ་ཆོས་འབྱུང་”གི་ནང་དུ་རྒྱལ་པོ་མདའ་ཡིས་བཀྲོངས་པར་མིན་པར་“རྒྱལ་པོའི་སྐེ་རལ་གྲིས་བཅད་དོ།”[25]ཞེས་དང་། “སྔོན་གྱི་གཏམ་མེ་ཏོག་ཕྲེང་བ་”ལས་“སྙིང་གར་མདུང་བརྒྱབ་ནས་བཀྲོངས་སོ།”[26]ཞེས་འབྱུང་བ་སོགས་མདོར་ན་སྤྱི་ལོ་༨༤༢ལོར་ལྷ་ལུང་དཔལ་གྱི་རྡོ་རྗེས་རྒྱལ་པོ་ལྷ་སྲས་དར་མ་བཀྲོངས་པར་དོགས་པ་རྣམ་རྟོག་མེད་ལ། རྒྱའི་ཡིག་ཚང་དུའང་རྒྱལ་པོ་“བཀྲོངས་” ཞེས་པའི་ཐ་སྙད་འབྱུང་ངོ་།

དེ་ནས་ལྷ་ལུང་དཔལ་གྱི་རྡོ་རྗེས་མི་གཞན་དང་ལྷན་དུ་གྲོས་བཏབ་ནས་རྒྱལ་པོ་བཀྲོངས་ཡོད་པ་དཔེར་ན་“ཡེར་པའི་དཀར་ཆག་”ཏུ་“འབངས་ལྔ་ཡོད་པ་རྒོད་མ་དཀར་པོ་ཡོད་པ་གཡར། རྒྱལ་བོ་གསོད་པའི་དུས་བྱས།”[27]ཞེས་དང་། ཡང་། “དར་མ་དཔོན་གཡོག་གཉིས་དང་འཛོམས་པའི་དུས་བཏབ།”[28]ཞེས་འབྱུང་བ་ལྟ་བུ། “ལྡེའུ་ཆོས་འབྱུང་”དུའང་“ཡེར་པ་ལྷ་རི་སྙིང་པོ་ན་བཞུགས་པའི་ལྷ་ལུང་དཔལ་གྱི་རྡོ་རྗེས་གསོད་པའི་གྲོས་ བྱས།”[29]ཞེས་གསལ་བ་སོགས་ཀྱི་ཚིག་ཟུར་ལ་བརྟག་ན་ཤེས་ནུས་པ་ཞིག་རེད་ལ། སྐབས་དེར་རྒྱལ་པོའི་ཕོ་བྲང་གི་ཕྱི་རོལ་དུ་སྣུབས་སངས་རྒྱས་ཡེ་ཤེས་ལྟ་བུ་རྒྱལ་པོ་དཀྲོང་འདོད་པའི་སྔགས་པ་ཡོད་པ་དང་། ཕོ་བྲང་གི་ནང་དུའང་སངས་རྒྱས་ཆོས་ལ་དགའ་བའི་བློན་པོ་ཡོད་སྟབས། ལྷ་ལུང་དཔལ་གྱི་རྡོ་རྗེས་མི་དེ་དག་གི་གཞོགས་འདེགས་ཀྱི་འོག་ཏུ་རྒྱལ་པོ་ལྷ་སྲས་དར་མ་བཀྲོངས་པ་གསལ་པོ་རེད། ཡིན་ནའང་ཁོང་གིས་རྒྱལ་པོ་བཀྲོངས་རྗེས་ཕྱིར་བྲག་ཡེར་པར་ཕེབས་ཚུལ་གྱི་འཆར་ཡན་རིང་ལུགས་ཀྱི་རྣམ་པར་འདྲེས་པའི་ལོ་རྒྱུས་ཤིག་ཡོད་པ་དེ་བདེན་པ་འདྲ་ནའང་བདེན་སྟོབས་མི་ཆེ། རྒྱུ་མཚན་ནི་གོང་དུ་ཟུར་ཙམ་གླེང་ཟིན་པ་ལྟར། ལྷ་ལུང་དཔལ་གྱི་རྡོ་རྗེས་རྒྱལ་པོ་དཀྲོང་པར་ཐབས་ཇུས་བཏིངས་ཡོད་སྟབས། ཁོང་ཕྱིར་སྒྲུབ་གནས་སུ་ཕེབས་ན་ཐབས་ཇུས་གནང་མེད་པ་སྟོན་གྱི་ཡོད་ལ། ཁོང་ལ་རྗེས་འདེད་གཏོང་མཁན་དེས་ཀྱང་ཁོང་ནི་རྒྱལ་པོ་བཀྲོངས་མཁན་ཡིན་པ་ཤེས་བཞིན་དུ་སྣང་མེད་དུ་བསྐྱུར་ཡོད་པ་ལྟ་བུ་རེད།

ལྷ་ལུང་དཔལ་གྱི་རྡོ་རྗེས་རྒྱལ་པོ་ལྷ་སྲས་དར་མ་བཀྲོངས་རྗེས། ཁོང་གི་སྐུ་མཆེད་རྡོ་རྗེ་སྤུན་དྲུག་སོགས་ཀྱང་འབྲུག་ཡུལ་དུ་བྱོན་ནས་གདུང་རྒྱུད་འཕེལ་ཚུལ་སོགས་“འབྲུག་གི་ལོ་རྒྱུས། འབྲུག་གསལ་བའི་སྒྲོན་མེ་”རུ་གསལ་བས་འདིར་མ་བྲིས། འོན་ཀྱང་། བོད་ཀྱི་ལོ་རྒྱུས་ཕལ་མོ་ཆེའི་ནང་དུ་ཁོང་“ཁམས་སུ་བྲོས་”ཞེས་འབྱུང་ནའང་། ཁོང་ཇི་ལྟར་བྲོས་ཚུལ་དང་། ས་ཆ་གང་དང་གང་བརྒྱུད་ནས་བྲོས་པ་སོགས་མི་གསལ་བས། ཕྲན་གྱིས་ཞིབ་ཏུ་བཙལ་སྐབས་“ཨ་ཀྱཱ་ཡོངས་འཛིན་གྱི་བཀའ་འབུམ་”ལས་“དེ་ནས་ལྷ་ལུང་དཔལ་གྱི་རྡོ་རྗེ་ལྷོ་ཁམས་བརྒྱུད་ནས་རིམ་གྱིས་མདོ་སྨད་ཕྱོགས་སུ་བྱོན་ནོ།”[30]ཞེས་དང་། “ཀུན་མཁྱེན་གོ་བོ་རམ་འབྱམས་པ་བསོད་ནམས་སེངྒེའི་བཀའ་འབུམ་”དུ་“དེ་ནས་ཁོང་རྒྱ་ནག་ཏུ་བྲོས་པས་ཐར།”[31]ཞེས་གསལ་བ་གཉིས་རྙེད་བྱུང་། སྐབས་འདིའི་ལྷོ་ཁམས་ཞེས་པ་ནི་ཁམས་མི་ཉག་དར་རྩེ་མདོའི་ཕྱོགས་ལ་གོ་དགོས་པས། ཕལ་ཆེར་ལྷ་ལུང་དཔལ་གྱི་རྡོ་རྗེས་རྒྱལ་པོ་ལྷ་སྲས་དར་མ་བཀྲོངས་རྗེས་ཁོང་ཡུ་གུར་ཕྱོགས་སུ་བྲོས་ཏེ་དར་སི་ཚོང་ལམ་བརྒྱུད་ཡོད་པ་དང་། དེ་ནས་ཇ་རྟའི་ཚོང་ལམ་དུ་ཞུགས་ནས་ཁམས་དར་རྩེ་མདོར་སླེབས་པ་མིན་ནམ་སྙམ། ཕྱིས་སུ་ཁོང་དགེ་སློང་གི་སྡོམ་པ་ཞུས་པའི་ཁ་སྐོང་དུ་བཞུགས་མ་ཐུབ་པའི་སྐབས་དེར། ལྷ་ལུང་དཔལ་གྱི་རྡོ་རྗེ་རྒྱའི་ཧྭ་ཤང་གཉིས་ལ་འབྲེལ་བ་ཡོད་པ་དང་། ཁོང་རྒྱའི་ཧྭ་ཤང་གཉིས་ལ་དར་སི་ཚོང་ལམ་དང་འཁེལ་བའི་ཏུན་ཧོང་བྲག་ཕུག་ནས་ཐུག་འཕྲད་བྱུང་ཡོད་པ་ལྟ་བུའི་ཚོད་དཔག་ཀྱང་བྱེད་ཆོག་པ་རེད། དེ་བཞིན་དུ་མི་ཉག་ཕྱོགས་སུའང་བླ་མ་སངས་རྒྱས་རིན་ཆེན་ཞུ་བ་ཞིག་ཡོད་པ་དེ་ནི་ལྷ་ལུང་དཔལ་གྱི་རྡོ་རྗེ་ཡིན་པའི་གྲགས་སྐད་ཆེ་ཞིང་། ཁོང་གིས་གནས་ཆེན་རི་བོ་གངས་དཀར་དང་། མི་ཉག་ལྔ་བརྩེགས་ཕོ་བྲང་སོགས་སུ་གྲུབ་རྟགས་སྣ་ཚོགས་བསྟན་པའི་ངག་རྒྱུན་ད་དུང་ཡང་མ་ཉམས་པར་ཡོད་པར་བརྟག་ན་ཁོང་དར་རྩེ་མདོར་སླེབས་ཡོད་ཚོད་འདུག

འོན་ཀྱང་། “དན་ཏིག་དཀར་ཆག་”ཏུ་དན་ཏིག་ཕྱོགས་ཀྱི་ཨ་མ་ཅར་ཞེས་པའི་ཡུལ་དེ་ནས་བོད་དམག་གིས་ལྷ་ལུང་དཔལ་གྱི་རྡོ་རྗེ་ཟིན་ལ་ཁད་བྱེད་སྐབས། ཁོང་ཐུགས་འཇིགས་ཏེ་གསུང་སྐད་ཤོར་བ་དང་། དེ་ནས་བྲོས་ཏེ་རྨ་ཆུའི་ཕར་འགྲམ་དུ་ཕེབས་པའི་ཚེ་ཁོང་འཇིགས་པ་ལས་ཐར་པའི་ངག་རྒྱུན་ཞིག་དྲངས་ཡོད་[32]པ་དེ་དང་། “རྨ་འགྲམ་བྲག་གི་ལོ་རྒྱུས་”ལས་“མཁས་པ་མི་གསུམ་ལ་དམེ་གྲིབ་ཕོག་པར་དོགས་ནས་ཁོང་རྣམ་པ་གསུམ་གནས་འདི་དང་ཐག་ཉེ་བའི་སྒོམ་གཞི་ཟེར་བར་ཕེབས་པར་བཅུག་ཅིང་ལྕགས་ཀྱི་མདའ་གཞུ་སྒྲུབ་ཁང་མདུན་གྱི་འབུམ་ཁང་གླས་ཞེས་པར་གཏེར་དུ་བཅུག་ཀྱང་རྡོ་སྤུངས་མཛད།”[33]ཞེས་འབྱུང་བ་ལས་མདའ་གཞུ་སྦས་ཚུལ་སོགས་ལ་བསམ་བློ་བཏང་ན། ཁོང་དར་རྩེ་མདོ་ནས་མ་བཞུགས་པར་ཐད་ཀར་མདོ་སྨད་དུ་ཕེབས་པར་མངོན།

ལྷ་ལུང་དཔལ་གྱི་རྡོ་རྗེ་མཁས་པ་མི་གསུམ་དང་མཇལ་བའི་སྔ་རྗེས་དང་། སྒོམ་སྒྲུབ་མཛད་པ། མཐར་སྐུ་གཤེགས་པའི་སྐོར།

བོད་ཀྱི་མཁས་པ་མི་གསུམ་མངའ་རིས་ཕྱོགས་སུ་བྲོས་ཏེ། གར་ལོག་དང་། དེ་ནས་ཧོར་ཡུལ་བརྒྱུད་དེ་རིམ་གྱིས་མདོ་སྨད་ཕྱོགས་སུ་ཕེབས་ཏེ་ཐོག་མར་རྨ་འགྲམ་རྡོ་རྗེ་བྲག་ར་ཞེས་པའི་སར་སྒོམ་སྒྲུབ་བྱེད་ཅིང་བཞུགས་པའི་སྐབས་སུ། ལྷ་ལུང་དཔལ་གྱི་རྡོ་རྗེའང་གནས་དེར་ཕེབས་ཏེ་མཁས་པ་མི་གསུམ་དང་ཐོག་མར་མཇལ་བར་གྲགས་ཤིང་། ལོ་རྡོ་རྗེ་བྲག་ཏུ་ལྷ་ལུང་དཔལ་གྱི་རྡོ་རྗེ་མཁས་པ་མི་གསུམ་དང་ཞལ་མཇལ་བྱུང་སྐབས། གོང་དུ་གླེང་བ་ལྟར། ལྷ་ལུང་དཔལ་གྱི་རྡོ་རྗེར་རང་ཉིད་རྒྱལ་པོ་བཀྲོངས་པའི་སྡིག་ཅན་དང་དམེ་ཅན་དུ་བལྟས་ནས་ཅུང་རྒྱང་རིང་དུ་བསྡད་ཅིང་། རྒྱལ་པོ་དགྲོང་བྱེད་ཀྱི་མདའ་གཞུ་སྒྲུབ་ཕུག་གི་འདབས་སུ་སྦས་པ་དང་། དེང་སང་དེར་“འབུམ་ཁང་འཇའ་འོད་མ་”ཞེས་འབོད་ཟེར། གང་ལྟར་དེ་ནས་བཟུང་ལྷ་ལུང་དཔལ་གྱི་རྡོ་རྗེས་མཁས་པ་མི་གསུམ་གྱི་སྐུ་སྲུང་མཛད་ཕྱིར་མར་གཡོ་གཙང་གསུམ་གྱི་སྒྲུབ་ཕུག་མཐོང་བའི་ཤ་མ་ལུང་པའི་བྲག་ཕུག་ཏུ་རྒྱུན་བཞུགས་གནང་བ་དང་། ཕྱིས་སུ་མདོ་སྨད་རྫོང་གསུམ་མམ་རྫོང་བཞིའི་ཡ་གྱལ་ཨ་ཆུང་གནམ་རྫོང་དུ་ཕེབས་ཏེ་ལོ་ངོ་ཉི་ཤུ་རྩ་སྟོད་ཅིག་ལ་སྒྲུབ་པའི་རྒྱལ་མཚན་བསྒྲེངས་ཤིང་། དེང་སང་ཡང་མཁས་པ་མི་གསུམ་དང་ལྷ་ལུང་དཔལ་གྱི་རྡོ་རྗེའི་སྒྲུབ་ཕུག་སོགས་མཇལ་རྒྱུ་ཡོད་ལ། “ཨ་ཆུང་གནམ་རྫོང་གི་ལོ་རྒྱུས་”སུ་ལྷ་ལུང་དཔལ་གྱི་རྡོ་རྗེའི་སྒྲུབ་ཕུག་ནི་“དེ་ནས་གསང་བའི་རིམ་པ་ཤར་གྱི་ཕྱོགས་ན་འུག་རྫོང་སྟེ། ལྷ་ལུང་དཔལ་རྡོར་གྱི་སྒྲུབ་ཕུག་དང་དེའི་ཀླད་ཀྱི་བྲག་ལྡེབས་སུ་མཆོད་རྟེན་ཆ་བརྒྱད་རང་བྱོན་ཀུན་གྱི་མངོན་སུམ་མིག་གི་སྤྱོད་ཡུལ་དུ་སོན་ཐུབ།” [34]ཞེས་གསལ་བ་ལྟར་རོ།

ཕྱིས་སུ་བོད་ཀྱི་མཁས་པ་མི་གསུམ་དན་ཏིག་ཤེལ་གྱི་ཡང་དགོན་དུ་ཕེབས་པ་དང་། བླ་ཆེན་དགོངས་པ་རབ་གསལ་བསྙེན་པར་མ་རྫོགས་པའི་སྔོན་དེར། མཁས་པ་མི་གསུམ་གྱིས་ལྷ་ལུང་དཔལ་གྱི་རྡོ་རྗེར་དགེ་སློང་གི་སྡོམ་པ་ཞུ་བའི་ཁ་སྐོང་དུ་བཞུགས་པར་ཞུས་སྐབས། ཁོང་ཁམས་ཀློང་ཐང་ན་བཞུགས་པ་“ཆོས་འབྱུང་མཁས་པའི་དགའ་སྟོན་”དུ་“སྔར་ལྷ་ལུང་དཔལ་རྡོར་བ་གསུམ་ཀློང་ཐང་ན་འདུག་པར་ཐོས་ནས་བཙལ་བས་ཁོང་ན་རེ་ངས་རྒྱལ་པོ་བསད་པས་ཁ་སྐོང་འོང་གཞན་བཙལ་གྱི་གསུངས་་་།”[35]ཞེས་འབྱུང་ལ། “བླ་ཆེན་དགོངས་པ་རབ་གསལ་གྱི་རྣམ་ཐར་”དུ་“སྐབས་དེར་ཤར་སྟོང་རིའི་ལྷ་ལུང་སྒྲུབ་ཕུག་ན་ལྷ་ལུང་དཔལ་གྱི་རྡོ་རྗེ་བཞུགས་པ་ལ་ཞུས་པས། ངས་སྡིག་རྒྱལ་གླང་དར་མ་བསད་པས་ཁ་སྐོང་དུ་མི་འོས་”[36]ཞེས་གསལ་བ་ལ་བལྟས་ན་ཁོང་མདོ་སྨད་དུ་བཞུགས་ཚུལ་བསྟན་ཡོད། ཨ་ལགས་ཚེ་ཏན་ཞབས་དྲུང་ཚང་(1910-1985)གིས་དཔལ་བོ་གཙུག་ལག་ཕྲེང་བར་བླ་ཆེན་པོ་མདོ་སྨད་དུ་འཁྲུངས་པ་དང་། ལྷ་ལུང་དཔལ་གྱི་རྡོ་རྗེ་ཡང་ལྷ་ལུང་སྒྲུབ་ཕུག་ན་སྒོམ་སྒྲུབ་མཛད་བཞིན་ཡོད་སྟབས། དགེ་སློང་གིས་ཁ་སྐོང་འཚོལ་བའི་དོན་དུ་དན་ཏིག་ནས་ཁམས་ཀློང་ཐང་འདྲ་ལ་འགྲོ་བ་ནི་ཚེགས་ཆེན་པོ་རེད་ཅེས་དགག་པ་མཛད་འདུག ཡང་། ཉང་ཉི་མ་འོད་ཟེར་(1136-1204)གྱིས་“རྒྱ་དར་རྩེའི་ཚོང་འདུས་ན་ལྷ་ལུང་དཔལ་གྱི་རྡོ་རྗེ་ལས་ཀྱི་ཁ་སྐོང་ཞུས། ་་་”[37]ཞེས་ཁམས་དར་རྩེ་མདོ་ན་བཞུགས་ཡོད་ཚུལ་གསུངས་ཡོད་ལ། སྤྱིར་“ཉལ་རལ་ཆོས་འབྱུང་”ནི་ཆོས་འབྱུང་རྙིང་པའི་གྲལ་ནས་གདེང་ཚོད་ཡོད་པ་ལྟ་བུ་ཞིག་ཏུ་མཐོང་ནའང་། སྐབས་དེར་ལྷ་ལུང་དཔལ་གྱི་རྡོ་རྗེ་ཁམས་དར་རྩེ་མདོར་ཕེབས་པའི་ལོ་རྒྱུས་མ་མཐོང་བས། རེ་ཞིག་ཨ་ལགས་ཚེ་ཏན་ཞབས་དྲུང་ཚང་གི་གསུང་དེ་གཞི་ལ་འཇོག་རྒྱུ་ཡིན། ཕྱོགས་གཞན་ཞིག་ནས་བཤད་ན། “སྔོན་གྱི་གཏམ་མེ་ཏོག་ཕྲེང་བའི་”ནང་དུ་ཨ་ཆུང་གནམ་རྫོང་དུ་དབུས་པ་མི་དྲུག་དང་རྒྱའི་ཧྭ་ཤང་གཉིས་འཛོམས་ཏེ་བརྒྱད་པོ་འཚོགས་ནས། ལྷ་ལུང་དཔལ་དབྱངས་རབ་འབྱོར་གྱིས་མཁན་པོ་བགྱིས་པའི་ལོ་རྒྱུས་དེ་ལའང་དཔྱད་དགོས་པར་སྣང་ལ། ལྷག་པར་དུ་ཆོས་འདུལ་བའི་གཞུང་ན་མི་གཅིག་བསད་པའི་གང་ཟག་ཅིག་གིས་དགེ་སློང་གི་ཁ་བསྐོང་མི་རུང་བ་གསུངས་ཡོད་བཞིན་དུ། མཁས་པ་མི་གསུམ་གྱིས་ལྷ་ལུང་དཔལ་གྱི་རྡོ་རྗེར་དགེ་སློང་གི་ཁ་སྐོང་ཞུས་པ་དེ་ལའང་དོགས་པ་ཞིག་མི་སྐྱེས་ཀ་མེད་རེད།

གང་ལྟར་ཡང་། ལྷ་ལུང་དཔལ་གྱི་རྡོ་རྗེ་དན་ཏིག་དང་། སྟོང་རི་གཡུ་མཚོའི་འགྲམ་དང་ཉེ་བའི་ལྷ་ལུང་སྒྲུབ་ཕུག་སོགས་སུ་སྒོམ་སྒྲུབ་མཛད་ཡོད་པ་གསལ་པོ་རེད་ལ། བྲག་དགོན་པ་དཀོན་མཆོག་བསྟན་པ་རབ་རྒྱས་(1801-1866)ཀྱིས་“གང་ལྟར་མཁས་པ་མི་གསུམ་དང་བླ་ཆེན་པོའི་བཀའ་དྲིན་ལས་བསྟན་པའི་མེ་རོ་གང་ནས་བསླང་བའི་གཞིར་གྱུར་པས་འཕགས་ཡུལ་དབུས་འགྱུར་འཆང་གཉིས་པར་བསྔགས་འོས་པ་འདི་བྱུང་། དན་ཏིག་རྒྱལ་བུ་དོན་གྲུབ་ཕེབས་པའི་གནས་སུ་བཤད་ཅིང་ལྷ་ལུང་དཔལ་རྡོར་གྱིས་ཡུན་རིང་སྒྲུབ་པ་མཛད་”[38]ཅེས་གསུངས་འདུག་ལ། དེ་བཞིན་དུ་དན་ཏིག་ཕྱོགས་སུ་ལྷ་ལུང་དཔལ་གྱི་རྡོ་རྗེ་བཞུགས་སའི་བྲག་གི་ཕུག་པ་སོགས་མཇལ་རྒྱུ་ཡོད་པ་མ་ཟད། ཁོང་དང་འབྲེལ་བའི་ངག་རྒྱུན་སྣ་ཚོགས་ཀྱང་ད་དུང་ཡུལ་མིའི་ངག་ལ་འཇགས་བསྡད་ཡོད།

ནེའུ་པཎྜི་ཏ་གྲགས་པ་སྨོན་ལམ་བློ་གྲོས་དང་ཀ་ཐོག་རིག་འཛིན་ཚེ་དབང་ནོར་བུ་སོགས་ཀྱིས་ལྷ་ལུང་དཔལ་གྱི་རྡོ་རྗེས་གནམ་ལྡེ་འོད་སྲུང་ལ་ཚེ་དབང་གནང་བ་ཞེས་ཁོང་གི་སྐུ་ཚེའི་སྨད་དུ་དབུས་སུ་ཕེབས་པ་ལྟ་བུ་བསྟན་ཡོད་ནའང་། ལྷ་ལུང་དཔལ་གྱི་རྡོ་རྗེ་ཁམས་སུ་བྲོས་ཏེ་མདོ་སྨད་དུ་ཕེབས་པས་འོད་སྲུངས་སྐུ་ནར་སོན་རྗེས་ཆོས་འབུལ་བའི་གོ་སྐབས་མེད་ལ། འོད་སྲུང་ལ་མཚོན་ན་ཁོང་ནི་རང་ཉིད་ཀྱི་ཕ་གསོད་མཁན་ཡིན་སྟབས་དེ་ལྟར་གནང་མི་སྲིད་པས་གསུང་རྒྱུན་འདི་མ་དག་པ་རེད་སྙམ། དེས་ན་ཁོང་དན་ཏིག་ཕྱོགས་ནས་ཁམས་ཀློང་ཐང་དུ་ཕེབས་པ་“ཨ་ཆུང་གནམ་རྫོང་གི་ལོ་རྒྱུས་”སུ་“སྐུ་ཚེའི་སྨད་དུ་རི་བོ་དན་ཏིག་དང་ཁམས་ལྡན་ཐང་དུ་བྱོན་ནས་བསྟན་པ་ལ་བྱ་བ་མང་པོ་བྱས།”[39]ཞེས་འབྱུང་ལ། ད་དུང་ཁམས་འདན་བཀྲ་ཤིས་རྣམ་རྒྱལ་གླིང་དུ་ཕེབས་ཚུལ་“ཆོས་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོ་རྒྱ་མོ་བཟའ་འུན་ཤིང་ཀོང་ཇོ་རྒྱལ་དབང་པདྨ་ཀཱ་ར་རྗེ་འབངས་དང་བཅས་པ། ལྷ་ལུང་དཔལ་རྡོར། ་་་ རྒྱལ་དབང་ཀརྨ་པ་ཡབ་སྲས་རྣམས་ཀྱིས་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་པའི་གནས།”[40]ཞེས་གསལ་བ་འདི་རེད། ལྷག་པར་དུ་ལྷ་ལུང་དཔལ་གྱི་རྡོ་རྗེ་ཁམས་ཀློང་ཐང་སྒྲོལ་མ་ལྷ་ཁང་དུ་ཕེབས་ཚུལ་ཞིག་“འདན་མའི་ལོ་རྒྱུས་གསེར་གྱི་འོད་ཐིག་”ཏུ་གསལ་བ་དྲངས་ན་“བོད་ཀྱི་ནང་ཆོས་ལ་མཛད་རྗེས་རླབས་པོ་ཆེ་ལྡན་པའི་ལྷ་ལུང་དཔལ་གྱི་རྡོ་རྗེ། རིག་པའི་དཔའ་བོ་འཇུ་མི་ཕམ་བཅས་སྐྱེས་མཆོག་རྣམས་ཆོས་དབྱིངས་སུ་ཐིམ་པའི་གནས།”[41]ཞེས་འབྱུང་བ་ཙམ་དུ་མ་ཟད། དུས་ད་ལྟའང་ཡུལ་དེར་ལྷ་ལུང་དཔལ་གྱི་རྡོ་རྗེས་སྒྲུབ་པ་ཉམས་ལེན་གནང་སའི་ཕུག་པ་ཡོད་ཅིང་། ཁོང་གི་གདུང་རྟེན་ལས་བཞེངས་པའི་བྱང་ཆུབ་མཆོད་རྟེན་དང་བཅས་པ་ཡོད་པ་སོགས་ལ་བལྟས་ན། ཕལ་ཆེར་བོད་ཀྱི་རྒྱལ་པོ་མཐའ་མ་ཞེ་གཅིག་པ་ལྷ་སྲས་དར་མ་ཞེས་གྲགས་པ་བཀྲོངས་མཁན་ལྷ་ལུང་དཔལ་གྱི་རྡོ་རྗེའམ་ལྷ་ལུང་དཔལ་རྡོར་ཞུ་བ་ཁོང་ཁམས་ཀྱི་ས་ཆ་ཀློང་ཐང་ནས་སྐུ་གཤེགས་པ་མིན་ནམ་སྙམ། སྐུ་གཤེགས་ཡུལ་ནི་ཀློང་ཐང་སྒྲོལ་མ་ལྷ་ཁང་ངམ་ཡང་ན་ཁོང་གི་སྒྲུབ་ཕུག་གང་ཡིན་མ་ཤེས་མོད། ངག་རྒྱུན་དུ་སྐུ་འོད་ཀྱི་ཕུང་པོ་ཡལ་བར་གྲགས་པའམ་ཡང་ན་འཇའ་ལུས་སུ་འཐིམ་ཚུལ་གྱི་རྗོད་སྲོལ་ཞིག་ཀྱང་འདུག

ད་ནི་མཐའ་བསྡོམས་ཀྱི་ཚུལ་དུ་འདི་འདྲ་ཞིག་བརྗོད་འདོད་བྱུང་། ཀ་ཐོག་ཚང་གིས་གསུངས་པའི་ལོ་ཚིགས་དེའི་དབང་དུ་བྱས་ན། ལྷ་ལུང་དཔལ་གྱི་རྡོ་རྗེ་ནི་སྤྱི་ལོ་༧༨༤ལོར་འཁྲུངས་པའམ་ཡང་ན་སྤྱི་ལོ་༧༨༦ལོར་གང་རུང་ཞིག་ཏུ་སྐུ་འཁྲུངས་པ་རེད། ང་ཚོས་ཁོང་གི་གཤེགས་ལོ་མི་ཤེས་ཀྱང་། བླ་ཆེན་དགོངས་པ་རབ་གསལ་བསྙེན་པར་རྫོགས་སྐབས་ཁོང་མདོ་སྨད་དུ་བཞུགས་ཡོད་པ་ལ་དོགས་པ་རྣམ་རྟོག་མེད། སྤྱིར་བླ་ཆེན་པོའི་འཁྲུངས་འདས་ཀྱི་ལོ་ཚིགས་སྐོར་ལ་བཞེད་པ་མང་ནའང་། སྐབས་འདིར་རྒྱལ་པོ་ཁྲི་རལ་པ་ཅན་གྱི་སྐྱིད་རྟག་ཅེས་པར་བསྟུན་ནས་བཤད་པའི་བླ་ཆེན་པོའི་འཁྲུངས་ལོ་དེ་སྤྱི་ལོ་༨༩༢ དང་འདས་ལོ་སྤྱི་ལོ་༩༧༥ལ་ངོས་འཛིན་བྱ་རྒྱུ་ཡིན། དེར་བརྟེན་བླ་ཆེན་པོ་བསྙེན་པར་རྫོགས་དུས་ནི་སྤྱི་ལོ་༩༤༡རེད། དེས་ན་བླ་ཆེན་པོ་བསྙེན་པར་རྫོགས་སྐབས་ལྷ་ལུང་དཔལ་གྱི་རྡོ་རྗེ་དགུང་ལོ་༡༥༧ཡས་མས་ལ་ཕེབས་ཡོད་པ་དང་། སྐབས་དེར་ཁོང་དན་ཏིན་ཕྱོགས་ན་བཞུགས་ཤིང་། དེ་ནས་ཁམས་ཀློང་ཐང་ཕྱོགས་སུ་ཕེབས་པ་སོགས་ལ་རོབ་རྩིས་ཤིག་བརྒྱབ་ན་ལྷ་ལུང་དཔལ་གྱི་རྡོ་རྗེ་དགུང་ལོ་བརྒྱ་དང་དྲུག་ཅུའམ་ཡང་ན་བརྒྱ་དང་བདུན་ཅུ་ལྷག་ལ་བཞུགས་པ་འདྲ་བས། འདི་ན་གསང་བ་ཆེན་པོ་ཞིག་འདུག་ལ། ཕྲན་གྱིས་གོང་དུ་གླེང་ཟིན་པའི་ལྷ་ལུང་དཔལ་གྱི་རྡོ་རྗེའི་སྐུ་ཚེའི་ལོ་རྒྱུས་འདི་ནི་གང་ཟག་གཅིག་གི་ལོ་རྒྱུས་སམ། ཡང་ན་གང་ཟག་གཉིས་ཀྱི་ལོ་རྒྱུས་ཡིན་མིན་གསལ་པོ་མི་ཤེས་པས་དོགས་པ་ཞིག་རང་ཤུགས་སུ་སྐྱེས་བྱུང་། དོགས་པ་ནི་དོགས་པ་རང་ཡིན་ལ། དོགས་པ་དེ་སེལ་བར་ད་དུང་དཔྱད་གཞིའི་ཡིག་ཆ་ཁུངས་བཙན་མ་རྙེད་པར་བརྟེན་རེ་ཞིག་རྩོམ་ཡིག་འདིའི་མཇུག་བསྡུས་པ་ཡིན་ནོ།།

རྩོམ་པ་པོ་སྙན་བཟང་གཡུང་དྲུང་ཚེ་རིང་། ཧྥ་རན་སི་གནས་བཞུགས།

________________________________________
 * བོད་ཀྱི་ནང་བསྟན་དཔེ་ཚོགས་ལྟེ་གནས་ཀྱིས་འབྲེལ་ཡོད་ཀྱི་ཡིག་ཆ་སོགས་གནང་བ་ལ་ཐུགས་རྗེ་ཆེ་ཞུ།
 [1] དུང་དཀར་ཚིག་མཛོད་ཆེན་མོ། དུང་དཀར་བློ་བཟང་འཕྲིན་ལས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་གྲངས ༡༨༦༨ “ཡེར་པའི་དཀར་ཆག་འདི་ལ་མི་འདྲ་བ་ཁ་ཤས་ཡོད་པ་སྟེ། ལ་སྟོད་དམ་པ་དམར་པོས་གཏེར་ནས་བཏོན་པའི་ཡེར་པའི་དཀར་ཆག་དང་། བླ་མ་ཟངས་རི་བས་བྲག་ཡེར་པ་ཉམས་གསོ་གནང་སྐབས་སྤེའུ་སེར་པོ་ནས་ཐོན་པའི་ཡེར་པའི་དཀར་ཆག ཡེར་པའི་དཀར་ཆག་ལྷ་ལུང་དཔལ་རྡོར་མ། ཡེར་པའི་དཀར་ཆག་བསྟན་པ་དར་རྒྱས་མ་བཅས་ཡོད་”ཅེས་བཞི་རུ་ཕྱེ་གནང་མཛད་ཡོད། ཕྲག་གྱིས་འདྲི་རྩད་བྱས་པ་ལྟར་ན་དཀར་ཆག་འདི་ལ་ཡེར་པའི་དཀར་ཆག་ལྷ་ལུང་དཔལ་རྡོར་མ་དང་། ཡེར་པའི་དཀར་ཆག་བསྟན་པ་དར་རྒྱས་མ་གཉིས་ལས་མེད་པར་གྲགས།
 [2] དེབ་ཐེར་སྔོན་པོ། འགོས་ལོ་ཙཱ་བ་གཞོན་ནུ་དཔལ། ལྦཱ་ཎ་བཛྲ་བིདྱྰ་དཔེ་མཛོད་ཁང་། ༢༠༠༢ ལོ། ཤོག་གྲངས ༥༢༥
 [3] ཡེར་པའི་དཀར་ཆག་ལྷ་ལུང་དཔལ་རྡོར་མ། ཤིང་པར། ཤོག་གྲངས ༡- ༢ བར།
 [4] ཆོས་འབྱུང་མཁས་པའི་དགའ་སྟོན། དཔའ་བོ་གཙུག་ལག་ཕྲེང་བ། མི་རིགས་དཔེ་སྐྲུན་ཁང་། ༢༠༠༦ ལོ། ཤོག་གྲངས ༡༩༢
 [5] རིན་ཆེན་གཏེར་མཛོད་ཆེན་མོ། བློ་གྲོས་མཐའ་ཡས། ཞེ་ཆེན་དཔེ་མཛོད་ཁང་། པོད་དང་པོ། ༢༠༠༧-༢༠༠༨ ལོ། ཤོག་གྲངས ༤༢༠
 [6] ཕྱི་དར་བསྟན་པའི་གནས་མཆོག་མདོ་སྨད་ཨ་ཆུང་གནམ་རྫོང་གི་ལོ་རྒྱུས་བདེན་གཏམ་ལྷ་ཡི་རོལ་མོ་ཞེས་བྱ་བ་བཞུགས་སོ། ཤེས་རབ་རྒྱ་མཚོ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༠༨ ལོ། ཤོག་གྲངས ༢༩
 [7] བོད་སིལ་བུའི་དུས་ཀྱི་བྱུང་བ་བརྗོད་པ་ཤེལ་དཀར་ཕྲེང་བ། ནོར་བྲང་ཨོ་རྒྱན། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༡༩༩༡ ལོ། ཤོག་གྲངས ༦༩
 [8] དུང་དཀར་ཚིག་མཛོད་ཆེན་མོ། དུང་དཀར་བློ་བཟང་འཕྲིན་ལས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ལོ། ཤོག་གྲངས ༢༡༦༧
 [9] ཀ་ཐོག་རིག་འཛིན་ཚེ་དབང་ནོར་བུའི་བཀའ་འབུམ། སྨད་ཆ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༦ ལོ། ཤོག་གྲངས ༥༠
 [10] ཀ་ཐོག་རིག་འཛིན་ཚེ་དབང་ནོར་བུའི་བཀའ་འབུམ། སྨད་ཆ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༦ ལོ། ཤོག་གྲངས ༥༠
 [11] ཀ་ཐོག་རིག་འཛིན་ཚེ་དབང་ནོར་བུའི་བཀའ་འབུམ། སྨད་ཆ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༦ ལོ། ཤོག་གྲངས ༥༠
 [12] བོད་སིལ་བུའི་དུས་ཀྱི་བྱུང་བ་བརྗོད་པ་ཤེལ་དཀར་ཕྲེང་བ། ནོར་བྲང་ཨོ་རྒྱན། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༡༩༩༡ ལོ། ཤོག་གྲངས ༦༩
 [13] བོད་ཀྱི་ལོ་རྒྱུས་དེབ་ཐེར་གཟུར་གནས་དཔྱོད་ལྡན་དགྱེས་པའི་དབྱངས་སྙན། གདོང་ཐོག་བསྟན་པའི་རྒྱལ་མཚན། ས་པན་བཤད་སྒྲུབ་གླིང་། ༢༠༠༤ ལོ། ཤོག་གྲངས ༡༤༦
 [14] ཡེར་པའི་དཀར་ཆག་ལྷ་ལུང་དཔལ་རྡོར་མ། ཤིང་པར། ཤོག་གྲངས ༡- ༢ བར།
 [15] ཡེར་པའི་དཀར་ཆག་ལྷ་ལུང་དཔལ་རྡོར་མ། ཤིང་པར། ཤོག་གྲངས ༡- ༢ བར།
 [16] ཀ་ཐོག་རིག་འཛིན་ཚེ་དབང་ནོར་བུའི་བཀའ་འབུམ། སྨད་ཆ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༦ ལོ། ཤོག་གྲངས ༥༠
 [17] སྒྲུབ་པའི་གནས་མཆོག་ཡེར་པའི་དཀར་ཆག་དད་པའི་ས་བོན། སྣུམ་པར། ལྷ་ས་ཆབ་གྲོས་ནས་པར་བཏབ། ཤོག་གྲངས ༢༤
 [18] སྦ་བཞེད། སྦ་གསལ་སྣང་། མི་རིགས་དཔེ་སྐྲུན་ཁང་། ༡༩༨༠ ལོ། ཤོག་གྲངས ༥༨
 [19] སྦ་བཞེད། སྦ་གསལ་སྣང་། མི་རིགས་དཔེ་སྐྲུན་ཁང་། ༡༩༨༠ ལོ། ཤོག་གྲངས ༥༨
 [20] སྦ་བཞེད། སྦ་གསལ་སྣང་། མི་རིགས་དཔེ་སྐྲུན་ཁང་། ༡༩༨༠ ལོ། ཤོག་གྲངས ༥༩ ལུང་འདི་ནི་སྒྲིག་མཁན་གྱི་མཆན་ཞིག་ཡིན་པ་འདྲ། ད་དུང་“སྦ་ཁྲི་བཞེར་གྱི་བུ་སང་ཤི་ཏ་ཡང་ཟེར་”བ་ལྟ་བུ་འབྱུང་བར་བརྟེན། ཕྲན་གྱིས་སྦ་བཞེད་ཁག་མ་འདྲ་བ་བཞི་བཀླགས་ནས་བསྡུར་ནའང་། སྐབས་རེར་སྦ་གསལ་སྣང་དང་། སྦ་དཔལ་དབྱངས། རྒྱའི་བཙུན་པ་སངས་ཤི་གསུམ་གང་ཟག་སུ་ཡིན་གསལ་པོ་མི་ཤེས་པ་དང་། དེ་དག་གང་ཟག་གཅིག་ལ་འཁྲུལ་ཉེན་ཆེ་བས་ཞིབ་འཇུག་ངྱེད་དགོས་པར་སྣང་།
 [21] མདའ་དང་འཕང་། མཁར་རྨེའུ་བསམ་གཏན་རྒྱལ་མཚན། སྟོད་ཆ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༧ ལོ། ཤོག་གྲངས ༡༤
 [22] Tibet: A History. Sam Van Schaik. Yale University Press. Publication 2011. P 46 “ Lhalung Palgyi Dorjee was the ninth abbot of Samye, the great temple built in the reign of Trisong Detsen.”
 [23] ཡེར་པའི་དཀར་ཆག་ལྷ་ལུང་དཔལ་རྡོར་མ། ཤིང་པར། ཤོག་གྲངས ༣ – ༤ བར།
 [24] སྦ་བཞེད་ཕྱོགས་བསྒྲིགས། བདེ་སྐྱིད་ཀྱིས་བསྒྲིགས། མི་རིགས་དཔེ་སྐྲུན་ཁང་། ༢༠༠༩ ལོ། ཤོག་གྲངས ༡༥༤
 [25] མཁས་པ་ལྡེའུས་མཛད་པའི་རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ། མཁས་པ་ལྡེའུ། བོད་ཀྱི་དཔེ་མཛོད་ཁང་། ༢༠༡༡ ལོ། ཤོག་གྲངས ༣༥༦
 [26] བོད་ཀྱི་ལོ་རྒྱུས་དེབ་ཐེར་ཁག་ལྔ། བོད་ལྗོངས་ཡིག་རྙིང་དཔེ་སྐྲུན་ཁང་། ༡༩༩༠ ལོ། ཤོག་གྲངས ༣༡
 [27] ཡེར་པའི་དཀར་ཆག་ལྷ་ལུང་དཔལ་རྡོར་མ། ཤིང་པར། ཤོག་གྲངས ༤ – ༥ བར།
 [28] ཡེར་པའི་དཀར་ཆག་ལྷ་ལུང་དཔལ་རྡོར་མ། ཤིང་པར། ཤོག་གྲངས ༤ – ༥བར།
 [29] མཁས་པ་ལྡེའུས་མཛད་པའི་རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ། མཁས་པ་ལྡེའུ། བོད་ཀྱི་དཔེ་མཛོད་ཁང་། ༢༠༡༡ ལོ། ཤོག་གྲངས ༣༥༦
 [30] ཨ་ཀྱཱ་ཡོངས་འཛིན་གྱི་བཀའ་འབུམ་བཞུགས་སོ། སྟོད་ཆ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༡༡ ལོ། ཤོག་གྲངས ༢༢༨
 [31] ཀུན་མཁྱེན་གོ་བོ་རམ་འབྱམས་པ་བསོད་ནམས་སེངྒེའི་བཀའ་འབུམ། ལམ་འབྲས་བུ་དང་བཅས་པའི་མན་ངག་གི་བྱུང་ཚུལ་གསུང་ངག་བསྟན་པ་རྒྱས་པའི་ཉི་འོད་དང་བཅས་པ་བཞུགས་སོ། ཤིང་པར་དུ་གསལ། ཤོག་གྲངས་མི་གསལ།
 [32] མདོ་སྨད་གྲུབ་པའི་གནས་ཆེན་དན་ཏིག་ཤེལ་གྱི་རི་བོ་ལེ་ལག་དང་བཅས་པའི་དཀར་ཆག་དོན་ལྡན་ངག་གི་རྒྱུད་མངས་ཞེས་བྱ་བ་བཞུགས་སོ། ཚེ་ཏན་ཞབས་དྲུང་། ཤིང་པར། ཅ། དན་ཏིག ཉེར་གསུམ།
 [33] མདོ་སྨད་གནས་ཆེན་རྨ་འགྲམ་རྡོ་རྗེ་བྲག་གི་ལོ་རྒྱུས་བཞུགས་སོ། བློ་བཟང་སྙན་གྲགས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༢ ལོ། ཤོག་གྲངས ༢༣
 [34] ཕྱི་དར་བསྟན་པའི་གནས་མཆོག་མདོ་སྨད་ཨ་ཆུང་གནམ་རྫོང་གི་ལོ་རྒྱུས་བདེན་གཏམ་ལྷ་ཡི་རོལ་མོ་ཞེས་བྱ་བ་བཞུགས་སོ། ཤེས་རབ་རྒྱ་མཚོ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༠༨ ལོ། ཤོག་གྲངས ༢༩
 [35] ཆོས་འབྱུང་མཁས་པའི་དགའ་སྟོན། དཔའ་བོ་གཙུག་ལག་ཕྲེང་བ། མི་རིགས་དཔེ་སྐྲུན་ཁང་། ༢༠༠༦ ལོ། ཤོག་གྲངས ༢༤༥
 [36] བླ་ཆེན་དགོངས་པ་རབ་གསལ་གྱི་རྣམ་པར་ཐར་བ་མདོ་ཙམ་བརྗོད་པ་ཐུབ་བསྟན་ཁང་བཟང་མཛེས་པའི་ཏོག་ཅེས་བྱ་བ་བཞུགས་སོ། ཚེ་ཏན་ཞབས་དྲུང་། ཤིང་པར། ག བླ་ཆེན དྲུག
 [37] ཆོས་འབྱུང་མེ་ཏོག་སྙིང་པོའི་སྦྲང་རྩིའི་བཅུད། ཉང་ཉི་མ་འོད་ཟེར། བོད་ཀྱི་དཔེ་མཛོད་ཁང་། ༢༠༡༠ ལོ། ཤོག་གྲངས ༤༣༤
 [38] མདོ་སྨད་ཆོས་འབྱུང་། བྲག་སྒོམ་པ་དཀོན་མཆོག་བསྟན་པ་རབ་རྒྱས། རིག་གནས་མྱུར་སྐྱོབ་དཔེ་མཛོད་ཁང་། ཤོག་གྲངས ༡༩
 [39] ཕྱི་དར་བསྟན་པའི་གནས་མཆོག་མདོ་སྨད་ཨ་ཆུང་གནམ་རྫོང་གི་ལོ་རྒྱུས་བདེན་གཏམ་ལྷ་ཡི་རོལ་མོ་ཞེས་བྱ་བ་བཞུགས་སོ། ཤེས་རབ་རྒྱ་མཚོ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༠༨ ལོ། ཤོག་གྲངས ༣༠
 [40] ཁམས་ཕྱོགས་དཀར་མཛེས་ཁུལ་གྱི་དགོན་སྡེ་སོ་སོའི་ལོ་རྒྱུས་གསལ་བར་བཤད་པ་ཐུབ་བསྟན་གསལ་བའི་མེ་ལོང་། འཇིགས་མེད་བསམ་གྲུབ་སོགས་ཀྱིས་རྩོམ་སྒྲིག་བྱས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༡༩༩༩ ལོ། ཤོག་གྲངས ༢༦༦
 [41] འདན་མའི་ལོ་རྒྱུས་གསེར་གྱི་འོད་ཐིག འདན་ཚེ་རིང་དབང་ཕྱུག སམ་བྷོ་ཊ་པར་སྒྲིག་ལྟེ་གནས། ༢༠༠༢ ལོ། ཤོག་གྲངས ༩༤