གཡུང་དྲུང་བོན་གྱི་དྲྭ་རྒྱ།

རྒྱལ་སྤྱིའི་བོད་རིག་པའི་ཚོགས་ཆེན་ཐེངས་༡༤ནོར་ཝེ་བར་ཀན་སློབ་ཆེན་ལ་ཚོགས་པ།

imageཕྱི་ཟླ་ ༦ ཚེས་ ༢༠ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༣ པར་ནོར་ཝེ་རྒྱལ་ཁབ་ཀྱི་གྲོང་ཁྱེར་བེར་གྷན་དུ་ཡོད་པའི་བེར་གྷན་གཙུག་ལག་སློབ་གྲྭ་ཆེན་མོའི་ནང་། རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་ཆེན་ཐེངས་ ༡༤ པ་དེ་དངོས་སུ་འཚོགས་ཤིང་། འཚོགས་འདུ་དབུ་འཛུགས་ཀྱི་མཛད་སྒོའི་སྐབས། ཚོགས་འདུའི་གོ་སྒྲིག་པ་ལྕམ་ཧ་ན་(Hana Havnevic)དང་། བྷར་གྷན་གཙུག་ལག་སློབ་ཆེན་དང་། ཨོ་སོ་ལོ་གཙུག་ལག་སློབ་ཆེན་གྱི་སྐུ་ཚབ། རྒྱལ་སྤྱིའི་བོད་རིག་པའི་ཚོགས་ཆེན་གྱི་ཚོགས་གཙོ་མཁས་དབང་ཤཀྱ་ཚེ་རིང་ལགས་བཅས་ཀྱིས་དགའ་བསུའི་གསུང་བཤད་གནང་ཞིང་། དེ་ནས་ཚོགས་འདུ་རྒྱས་འཛོམས་ཀྱི་ཚོགས་ཐུན་དང་པོའི་ཐོག་བོད་རིག་པའི་ཞིབ་འཇུག་ཁྱབ་ཁོངས་སུ་གྲུབ་འབྲས་མངོན་གསལ་ལེན་བཞིན་པའི་བུད་མེད་ཞིབ་འཇུག་པ་ས་རཱ་ (Sarah)ལགས་ཀྱིས་བོད་རིག་པའི་ཞིབ་འཇུག་དང་གླེང་མོལ་གྱི་སྒྱུ་རྩལ་ཞེས་པའི་གསུང་བཤད་གནང་བ་དང་། དེ་ནས་དབྱིན་ཡུལ་ཨོག་སེ་ཧྥོར་ཌི་གཙུག་ལག་སློབ་གྲྭའི་བླ་མ་སྐྱབས་ལགས་ཀྱིས་སྐད་ཡིག་སྲོག་སྙིང་དུ་བཟུང་ནས་ཤེས་བྱས་མ་བཤད་པ་དག་བཤད་པ་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་། བར་བར་དུ་བོད་ཀྱི་གཞས་མ་རྣམ་རྒྱལ་ལྷ་མོས་གླུ་གཞས་གཟིགས་འབུལ་ཞུས་ཏེ་དེ་རིང་གི་ལས་རིམ་མཇུག་བསྒྲིལ།imageཐེངས་འདིའི་ཚོགས་ཆེན་དེ་ཚེས་ ༢༥ བར་འཚོགས་གཏན་འཁེལ་ཞིང་ཚོགས་འདུར་བོད་རིག་པའི་མཁས་དབང་མཁར་རྨེའུ་བསམ་གཏན་མཆོག་དང་། བོད་ནང་ནས་ལོ་རྒྱུས་སྨྲ་བ་མཁས་དབང་ཚེ་རིང་ཐར་དང་། རྒྱལ་མོ་འབྲུག་པ་དང་། རྨེ་རུ་ཡུལ་ལྷ་ཐར། དབྲ་ཁྱུང་མཁན་པོ་དགེ་བཤེས་སྐལ་བཟང་ནོར་བུ་དང་མཁར་ནག་སྐལ་བཟང་རྒྱ་མཚོ། ཁྲི་བསོད་བསྟན། སྐ་བ་ཤེས་རབ་བཟང་པོ་སོགས་ཕེབས་ཡོད་པ་དང་། བོད་ཕྱི་ནས་མཁས་པ་ཆུང་ཚེ་རིང་དང་། མཁས་དབང་ཇོ་སྲས་བཀྲ་ཤིས་ཚེ་རིང་དང་། དགེ་བཤེས་བློ་བཟང་སྨོན་ལམ། བེ་རི་འཇིགས་མེད་དབང་རྒྱལ་དང་སྨན་རིའི་གླིང་ནས་ཁྲི་བདེ་མཆོག་སོགས་ཕེབས་འདུག་ཅིང་།

imageཚོགས་འདུར་རྩོམ་ཤོག་སྒྲོག་སྦྱང་གནང་མཁན་ཁྱོན་བསྡོམས་མཁས་པ་ ༥༠༠ ཙམ་ཡོད་པ་དང་། ཉིན་རེ་བཞིན་བརྗོད་གཞི་འདྲ་མིན་སྐོར་ལ་གཏམ་བཤད་སྤེལ་བཞིན་ཡོད་པ་བཅས་ཀྱི་གནས་བསྡུས་ཙམ་དུ།