གཡུང་དྲུང་བོན་གྱི་དྲྭ་རྒྱ།

རིས་མེད་མདོ་སྔགས་སེམས་གསུམ་གྱི་ལྟ་གྲུབ་བགྲོ་གླེང་ཚོགས་ཆེན་དང་པོའི་ཉིན་གཉིས་པའི་གནས་བསྡུས།

 

ཕྱི་ཚེས་༢༤ཉིན་རིས་མེད་ཀྱི་མདོ་སྔགས་སེམས་གསུམ་གྱི་ལྟ་གྲུབ་བགྲོ་གླེང་ཚོགས་ཆེན་ཐེངས་དང་པོའི་ཉིན་གཉིས་པའི་བགྲོ་གླེང་མུ་མཐུད་དུ་གདན་ས་སྨན་རིའི་གླིང་གི་གཡུང་དྲུང་བོན་གྱི་དཔེ་མཛོད་ཁང་གི་གྲོས་ཚོགས་ཚོམས་ཆེན་དུ་ཚོགས་ཡོད་པ་དང་།
སྔ་དྲོ་ཆུ་ཚོད་༨།༤༥སྟེང་དེ་རིང་གི་ཚོགས་འདུའི་མདོ་འཛིན་པ་མཁན་པོ་ཚུལ་ཁྲིམས་བཟང་པོ་མཆོག་གི་མདོ་འཛིན་འོག་ཉིན་གཉིས་པའི་བགྲོ་གླེང་དབུ་འཛུགས་གནང་ཡོད་པ་དང་། ཉིན་འདིའི་ཚོགས་ཐུན་དང་པོའི་ཚོགས་འདུའི་གཙོ་སྐྱོང་བ་དགེ་བཤེས་བློ་བཟང་དབང་གྲགས་ལགས་ནས་རྒྱལ་བ་ཇོ་ནང་པའི་མཁན་པོ་ཀུན་དགའ་འཚམས་ཆུང་གི་ལོ་རྒྱུས་མདོར་བསྡུས་ཤིག་ཞུས་རྗེས། མཁན་པོ་ཀུན་དགའ་འཚམས་ཆུང་ཉིད་ནས་༼དཔལ་ལྡན་རྒྱལ་བ་ཇོ་ནང་བའི་མདོ་སྔགས་ཟུང་གི་ལྟ་གྲུབ་ངོ་བོ་གཅིག་པ་སྟོང་གཞི་དོན་དམ་བདེ་གཤེགས་སྙིང་བོའི་སྐོར་ཉུང་ཙམ་གླེང་བ་བློ་གསལ་དགའ་བའི་མུན་སེལ་སྒྲོན་མེ།༽ཞེས་པའི་བརྗོད་གཞི་ཐོག་བགྲོ་གླེང་གནང་ཡོད་པ་དང་། དེ་ཡང་དཔལ་རྒྱལ་བ་ཇོ་ནང་བའི་ཐུན་མིན་གྱི་ལྟ་གྲུབ་སྟོང་གཞི་དོན་དམ་བདེར་གཤེགས་སྙིང་བོ་འདི་ཉིད་བཀའ་ཐ་མ་ལེགས་པར་རྣམ་པར་ཕྱེ་བའི་ཆོས་འཁོར་གྱི་བརྗོད་དོན་གཙོར་བོར་གྱུར་བ་ཡིན་པར་གསུང་པ་དང་།

ཐོག་མར་ལྟ་གྲུབ་དེ་ཉིད་འཛིན་པའི་རྩ་བའི་སློབ་དཔོན་ངོས་བཟུང་དང་། འདོད་པ་སྟོན་པའི་གཞུང་ལུགས། དེའི་མཚན་ཉིད། འདོད་པའི་ཁྱད་པར་དང་བཞིའི་ཐོག་ནས་སྟོང་གཞི་དོན་དམ་བདེར་གཤེགས་སྙིང་བོའི་ངོ་བོ་དང་། དེའི་ཁྱད་ཆོས་སོགས་ཀྱི་སྐོར་ནས་ཆུ་ཚོད་གཅིག་རིང་བགྲོ་གླེང་ལྷུག་པར་གནང་བ་དང་།

དེ་རྗེས་དྲི་བ་དྲིས་ལན་གྱི་མཛད་རིམ་དབུ་འཛུགས་གནང་ནས་ཚོགས་བཅར་བ་བཙུན་པ་བཙུན་མ་རྣམས་ནས་རྒྱལ་བ་ཇོ་ནང་བའི་ལྟ་བའི་གཙོ་བོ་བདེ་གཤེགས་སྙིང་བོའི་སྐོར་ལ་དྲི་བ་དྲིས་ལན་བྱས་ནས་ཚོགས་ཐུན་དང་པོ་མཇུག་གྲུབ་ཡོད་པ་རེད།

ཚོགས་ཐུན་གཉིས་པའི་ཚོགས་འདུའི་གཙོ་སྐྱོང་བ་ཝར་ཎ་མཐོ་སློབ་ཀྱི་རྒན་ལགས་དགེ་བཤེས་ཕུན་ཚོགས་ཉི་མས་གནང་ཡོད་པ་དང་། གསུང་བཤད་སློབ་དཔོན་རི་བོ་དགེ་ལྡན་པའི་དགེ་བཤེས་ལྷ་རམས་པ་ངག་གི་དབང་ཕྱུག་ལགས་ནས་༼རི་བོ་དགེ་ལྡན་པའི་མདོ་སྔགས་ཀྱི་འོད་གསལ་དོན་དམ་བདེན་པ་བཞེད་མི་བཞེད་ཀྱི་བཟུང་མཚམས།༽ཞེས་པའི་བརྗོད་གཞི་ཐོག་ནས་གསུང་བཤད་དབུ་འཛུགས་གནང་ཡོད་པ་དང་།

དེ་ཡང་མདོ་སྔགས་གཉིས་ཀའི་གཞུང་ལས་འོད་གསལ་ལ་སྟོང་ཉིད་དམ་དོན་དམ་པའི་བདེན་པ་ཞེས་ཚིག་ཟུར་ལ་ཡོད་ཀྱང་སྔ་རབས་པས་ཡེ་ཤེས་ལ་དོན་དམ་སྤྲོས་བྲལ་དངོས་བཞེད་ཅིང་། དེ་ཡང་འཇམ་མགོན་ཙོང་ཁ་པ་ཆེན་པོས་དམིགས་བསལ་གྱིས་ཡུལ་གྱི་མིང་ཡུལ་ཅན་ལ་བཏགས་པ་ཙམ་ལས་དངོས་མ་ཡིན་པའི་བཞེད་ཚུལ་དང་། བདེར་གཤེགས་སྙིང་བོ་དེ་ཡང་འབྲས་མིང་རྒྱུ་ལ་བཏགས་པ་ཙམ་ལས་སངས་རྒྱས་དངོས་སུ་མི་འདོད་ཚུལ། གནད་དེ་དག་གྲུབ་མཐའ་གཞན་དང་ཐུན་མོང་མ་ཡིན་པའི་འདོད་ཚུལ་བཞི་ཙམ་བགྲང་བ་དང་། དེ་ཡང་འོད་གསལ་གྱིས་ཆོས་ཀུན་ལ་ཁྱབ་ལུགས་ཀྱི་གནད། མདོ་སྔགས་ཀྱི་ལྟ་བ་གཉིས་ཡུལ་ལ་མཆོག་དམན་མི་འཇོག་པའི་གནད། ཡུལ་དོན་བདེན་པའི་མིང་ཡུལ་ཅན་འོད་གསལ་ལ་བཏགས་པའི་གནད།

མཐའ་ཐམས་ཅད་རང་བཞིན་གྱིས་གྲུབ་པ་ལ་གནས་ཚུལ་གྱི་གནད་སོགས་ནས་བགྲོ་གླེང་གནང་ནས་དྲི་བ་དྲིས་ལན་གྱི་རིམ་པ་བཅས་ཐེངས་འདིའི་བགྲོ་གླེང་གི་གསུང་བཤད་སློབ་དཔོན་རྣམས་ཀྱི་གསུང་བཤད་མཇུག་གྲུབ་པར་བྱས་ཡོད་པ་རེད།
ལས་རིམ་མཐའ་མར་ཐེངས་འདིའི་མཇུག་བསྡོམས་མཛད་སྒོར་དངོས་སུ་གདན་ཞུ་ཞུས་པའི་སྐུ་མགྲོན་གཙོ་བོ་༧སྨན་རིའི་དཔོན་སློབ་རིན་པོ་ཆེས་ཐེངས་འདིའི་རིས་མེད་བགྲོ་གླེང་གདན་ས་འདིར་འཚོགས་ཐུབ་པ་ནི་བསྐལ་བ་བཟང་པོ་ཞིག་ཏུ་ངོས་འཛིན་ཞུ་བཞིན་ཡོད་ལ། སྔོན་གྱི་ལོ་རྒྱུས་གང་མང་ཞིག་ཏུ་ཆོས་ལུགས་གྲུབ་མཐའ་ཕན་ཚུན་བར་ལ་ཕྱོགས་རིས་ཆགས་སྡང་གི་སྦྱོར་བ་གང་མང་བརྩམས་ཡོད་ཀྱང་། དེ་དག་ནི་ཆོས་ལུགས་ངོས་ཀྱི་སྐྱོན་ཆ་མ་ཡིན་པར་ཆོས་པ་རང་ཉིད་མ་རྟོགས་ལོག་རྟོག་གི་དབང་དུ་སོང་བ་ཡིན་པས། དེང་གི་ཆར་དགེ་འདོན་སྐྱོན་སེལ་གྱི་སྒོ་ནས་རིས་མེད་ཆོས་ལུགས་གང་གི་གཞུང་རྣམས་ལ་གཟིགས་རྟོགས་བྱེད་དགོས་པར་གསུངས་པ་དང་། གྲུབ་མཐའ་རིས་མེད་ཀྱི་ལྟ་གྲུབ་དག་གཞི་གཅིག་ལ་མིང་ཐ་དད་གདགས་པ་ཙམ་ལས་དོན་གྱི་སྙིང་བོ་གཅིག་ཏུ་འདུས་ཡོད་ཚུལ་སོགས་ཀྱི་བཀའ་སློབ་ཟབ་རྒྱས་གྲུབ་མཚམས་༧སྨན་རིའི་དཔོན་སློབ་རིན་ཆེས་ཐེངས་འདིའི་རིས་མེད་བགྲོ་གླེང་གི་གོ་སྒྲིག་པའི་ངོས་ནས་གསུང་བཤད་སློབ་དཔོན་རྣམས་དང་བཀོད་སྒྲིག་མི་སྣ་དག་ལ་ཐུགས་རྗེའི་གསོལ་རས་གནང་ཡོད་པ་རེད།
མཐའ་དོན་ཉིན་འདིའི་མདོ་འཛིན་པ་མཁན་པོ་ཚུལ་ཁྲིམས་བཟང་པོ་མཆོག་ནས་ཐུགས་རྗེ་ལེགས་གསོལ་གྱི་གསུང་བཤད་གནང་བ་དང་། རིས་མེད་བགྲོ་གླེང་གི་མ་འོངས་པའི་འཆར་གཞི་སོགས་ནས་གསུང་བཤད་གནང་ནས་ཐེངས་འདིའི་ཚོགས་འདུ་ཡོངས་སུ་མཇུག་གྲུབ་པ་བཅས་སོ།