གཡུང་དྲུང་བོན་གྱི་དྲྭ་རྒྱ།

༧སྨན་རིའི་བཤད་སྒྲུབ་སློབ་དཔོན་དགེ་ལེགས་རྒྱ་མཚོ་མཆོག་གིས་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་མཛད་འཕྲིན་བསྐྱངས་པ།

 

དེ་ཡང་༧སྨན་རིའི་བཤད་སྒྲུབ་སློབ་དཔོན་དགེ་ལེགས་རྒྱ་མཚོ་མཆོག་རྒྱ་གར་རྒྱལ་ས་ལྡི་ལི་ནས་མཁའ་ལམ་བརྒྱུད་ཕྱི་ལོ་༢༠༡༨ཟླ་བ་༥པའི་ཚེས་༡༦ཉིན་ཨུ་རུ་སུའི་རྒྱལ་ས་Moscow ལ་ཕེབས་འབྱོར་བྱུང་བ་དང་། ཚེས་༡༧ནས་༢༤བར་ཨུ་རུ་སུའི་རྒྱལ་ས་རྙིང་པ་Sanket Petersborg དུ་སློབ་མ་ཁག་ཅིག་ལ་བྲུ་རྒྱལ་ཕྱག་ཁྲིད་ལས། ལམ་ཉམས་སུ་ལེན་པ་འོད་གསལ་སྒོམ་པའི་སྐོར་གྱི་དཔེ་ཁྲིད་གནང་བ་དང་ཡི་དམ་དབལ་ཁྱུང་དམར་པོའི་ཚོགས་འཁོར་བསྐོར་བ་དང་ནོར་ལྷ་མཆེད་བརྒྱད་ཀྱི་གཡང་འགུག་སོགས་གནང་།

ཚེས་༢༥ ནས་༢༨བར་ཨུ་རུ་སུའི་རྒྱལ་ས་གསར་པ་Moscow ཡི་དད་ལྡན་པ་ཁག་ཅིག་ལ་སྤྱིར་གཡུང་དྲུང་བོན་གྱི་ལོ་རྒྱུས་དང་། ཚེ་སྒྲུབ་དང་གཡང་འགུག་སོགས་ཀྱི་ཕན་ཡོན་དང་དགོས་པ། ཁྱད་པར་དུ་གཡུང་དྲུང་བོན་ལུགས་ལ་འདི་དང་ཕྱི་མའི་དཀའ་ངལ་གང་ལ་ཡང་གདོང་ལེན་བྱ་ཐབས་ཀྱི་མཐུན་རྐྱེན་ཕུན་སུམ་ཚོགས་པ་ཡོད་ཚུལ་སོགས་ཀྱི་སྐོར་ལ་སློབ་ཁྲིད་ཟབ་རྒྱས་གནང་བ་དང་ཆབས་གཅིག་དད་ལྡན་རྣམས་ཀྱིས་རེ་འདོད་བཞིན་ཚེ་སྒྲུབ་གཡང་འགུག་སོགས་ཀྱི་ཆོ་ག་གནངས།

ཕྱི་ཚེས་༢༩ ནས་ཕྱི་ཟླ་༦པའི་ཚེས་༨ བར་དུ་ཨུ་རུ་སུའི་ཀུན་བཟང་སྒར་དུ་ཉིན་བཅུའི་རིང་ལ་ཀུན་མཁྱེན་ཤར་རྫའི་སྐུ་གསུམ་རང་ཤར་ལས། ཐོད་བརྒལ་སྣང་བཞིའི་ཉམས་ལེན་ངོ་མཚར་སྣང་བའི་ལྟད་མོའི་སྐོར་ལ་དཔེ་ཁྲིད་གནང་།

གོང་ཟླའི་ཚེས་༡༠ ཉིན་ཡོ་རོབ་ལ་ཏི་ཝིའི་རྒྱལ་ས་Riga ལ་ཕེབས་པ་དང་ཕྱོགས་དེར་ཚེ་མི་རྟག་ཁྲིད་ཞུའི་སློབ་ཚོགས་དང་པོ་རྣམས་ལ་ཚེས་༡༢ ནས་༡༤བར་ཐུན་མོང་ཕྱི་ཡི་སྔོན་འགྲོ་ལས། ཚེ་མི་རྟག་སྐོར་གྱི་དཔེ་ཁྲིད་ཟབ་རྒྱས་གནང་བ་དང་།

ཚེས་༡༥ནས་༡༨་བར་ཡོ་རོབ་ལ་ཏི་ཝིའི་དབེན་གནས་Lizari རུ་སློབ་བུ་རྒན་པ་རྣམས་ལ། ཐུན་བཞིའི་ཉམས་ལེན་དང་སྦྲགས་ཀུན་མཁྱེན་ཤར་རྫ་བའི་ཀུན་བཟང་སྙིང་ཐིག་ལས། དངོས་གཞིའི་ངོ་སྤྲོད་སྐོར་གྱི་དཔེ་ཁྲིད་གནང་བ་དང་།

ཚེས་༡༨ དགོང་མོར་སླར་ཡང་ལ་ཏི་ཝིའི་རྒྱལ་སར་Riga ཕེབས་ཏེ་ཚེས་༡༩ ཉིན་ཕྱོགས་དེའི་དད་ལྡན་རྣམས་ཀྱི་འདོད་མོས་བཞིན་ཚེ་སྒྲུབ་དང་གཡང་འགུག་སོགས་ཀྱི་ཆོ་ག་གནངས་པ་དང་། ཚེས་༢༤ནས་༢༦བར་ཚེ་མི་རྟག་ཁྲིད་ཞུའི་སློབ་ཚོགས་གཉིས་པ་རྣམས་ལ་ཐུན་མོང་ཕྱི་ཡི་སྔོན་འགྲོ་ལས་ཚེ་མི་རྟག་སྐོར་གྱི་དཔེ་ཁྲིད་སྔར་བཞིན་གནང་བ་དང་།  ཚེས་༢༨ ནས་ཕྱི་ཟླ་༧ པའི་ཚེས་༡ བར་དབེན་གནས་Lizari རུ་ཐུན་བཞི་ཉམས་ལེན་དང་འབྲེལ་ལས་རྒྱུ་འབྲས་དང་ཞི་གནས་སོགས་ཀྱི་དཔེ་ཁྲིད་བཅས་མཇུག་ལེགས་པར་གྲུབ་ནས་ཚེས་༣ ཉིན་ཨུ་རུ་སུའི་རྒྱལ་ས་Moscow ཕེབས། Moscow ནས་མཁའ་ལམ་བརྒྱུད་ཚེས་ ༥ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཕེབས་འབྱོར་བྱུང་བ་དང་། ཚེས་༦ཉིན་རང་དགོན་གདན་ས་༧དཔལ་གཤེན་བསྟན་སྨན་རིའི་གླིང་དུ་ཞབས་སོར་བཀོད་པ་བཅས་ཀྱི་གནས་བསྡུས་སུ །།