གཡུང་དྲུང་བོན་གྱི་དྲྭ་རྒྱ།

༧སྨན་རིའི་གླིང་དུ་སྐབས་སོ་དགུ་པའི་ཤེས་རབ་སྨྲ་བའི་སེང་གེའི་སྒྲུབ་པ་ཆེན་མོ་འཚོགས་པའི་གནས་བསྡུས།

དེ་ཡང་༧བྱེས་ཀྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་དུ་༡༩༨༠ནས་བཟུང་ལོ་ལྟར་བོད་ཟླ་དང་པོའི་ཚེས་༢༣ ནས་ཚེས་༣༠ བར་བདུན་ཕྲག་གཅིག་གི་རིང་། རིག་པའི་ལྷ་མཆོག་ཤེས་རབ་སྨྲ་བའི་སེང་གེའི་སྒྲུབ་པ་ཆེན་མོ་འཚོགས་བཞིན་ཡོད་པ་མ་ཟད།
རིག་པའི་ལྷ་མཆོག་ཤེས་རབ་སྨྲ་བའི་སེང་གེའི་སྒྲུབ་པ་འདི་ནི་༧དཔལ་གཤེན་བསྟན་སྨན་རིའི་གླིང་དུ་ཟླ་བ་ཡར་ངོ་ལ་འཆད་ཉན་དང་མར་ངོ་ལ་བསྙེན་སྒྲུབ་དགོས་པར་དམ་པ་གོང་མའི་ཞལ་ལུང་དང་སྲོལ་རྒྱུན་བཟང་པོ་སོགས་ལ་བརྟེན། ལོ་འཁོར་ཟླ་བ་བཅུ་གཉིས་ཀྱི་མར་ངོའི་འཆར་ཅན་སྒྲུབ་པ་བཅུ་གཉིས་ཀྱི་ནང་ཚན་དང་པོ་དེ་ཡིན་ལ།
དེ་ཡང་བཤད་སྒྲུབ་སློབ་གཉེར་བ་རྣམས་ཀྱི་ཤེས་རབ་མེ་ལྟར་འབར་བའི་རྟགས་བདུན་མངོན་པར་འགྲུབ་པ་དང་མཁའ་ཁྱབ་སེམས་ཅན་རྣམས་ཕྱི་མར་སྨྲ་སེང་རིག་ལྔའི་གོ་འཕང་མྱུར་དུ་འཐོབ་པ་སོགས་ཀྱི་ཆེད་དུ་དམིགས་ནས་བཙུགས་པ་ཞིག་ཀྱང་ཡིན།

དེས་ན་ད་ལན་ཡང་བོད་ས་མོ་ཕག་ལོའི་བོད་ཟླ་༠༡ཚེས་༢༣ཉིན་གྱི་ཞོགས་པའི་ཆུ་ཚོད་དྲུག་པ་ནས་སྐབས་༣༩པའི་རིག་པའི་ལྷ་མཆོག་ཤེས་རབ་སྨྲ་བའི་སེང་གེའི་སྒྲུབ་པ་ཆེན་མོ་དབུ་འཛུགས་ཐོག  ༧ཞྭ་དཀར་བསྟན་པའི་གཙུག་རྒྱན་སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་༣༤པ་རིན་པོ་ཆེ་མཆོག་དང་༧སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེ་རྣམ་པ་གཉིས་དབུ་བཞུགས་ཐོག སྨན་རིའི་བཤད་སྒྲུབ་སློབ་དཔོན་རིན་པོ་ཆེ་དང་དེ་བཞིན་བཀའ་རབ་འབྱམས་པ་དགེ་བའི་བཤེས་གཉེན་རྣམས་དང་སློབ་གཉེར་བ་ཡོངས་རྫོགས་ཀྱིས་བདུན་ཕྲག་གཅིག་རིང་བསྒྲུབ་པར་བཞུགས་གནང་བ་དང་།

བོད་ཚེས་ཉེར་དགུའི་དགོང་མོར་མཚན་ཕུད་ཀྱི་སྒྲུབ་པ་བཅས་ཉིན་མཚན་བརྒྱད་ཀྱི་རིང་རིག་པའི་ལྷ་མཆོག་ཤེས་རབ་སྨྲ་བའི་སེང་གེའི་དཀྱིལ་འཁོར་ཞལ་ཕྱེས་ནས་ཤེས་རབ་སྨྲ་བའི་སེང་གེའི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ལྔའི་བསྙེན་འཛབ་གྲངས་ཚང་བསགས་མཛད་རྗེས། བོད་ཚེས་༣༠ཉིན་གྱི་ཞོགས་པ་ནས་༧རྒྱལ་བ་མཉམ་མེད་ཆེན་པོའི་བླ་སྒྲུབ་དང་ཤེས་རབ་སྨྲ་བའི་སེང་གེའི་སྒྲུབ་གཞུང་སོགས་སྦྲགས་ཏེ་གཏང་རག་གི་ཚོགས་འཁོར་རྒྱས་འབུལ་བྱེད་པ་དང་།

བོད་ཚེས་༣༠སྔ་དྲོའི་ཕྱག་ཚོད་བཅུ་པ་ཙམ་ནས་༧ཞྭ་དཀར་བསྟན་པའི་གཙུག་རྒྱན་སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་༣༤པ་ལུང་རྟོགས་ཟླ་བ་དར་རྒྱས་རིན་པོ་ཆེ་མཆོག་ནས་བོན་གཞིས་སེར་སྐྱ་མི་མང་ཡོངས་དང་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་ཕེབས་པའི་དད་ལྡན་རྣམས་དང་དེ་བཞིན་སློབ་ཕྲུག་བཅས་ལ་རིག་པའི་ལྷ་མཆོག་ཤེས་རབ་སྨྲ་བའི་སེང་གེའི་གཞུང་དང་ཚེ་སྒྲུབ་དང་བཅས་པའི་བཀའ་དབང་ཟབ་མོ་བཀའ་དྲིན་བསྩལ་གནང་བ་བཅས་ཀྱི་གནས་བསྡུས་ཙམ་མོ།།