གཡུང་དྲུང་བོན་གྱི་དྲྭ་རྒྱ།

༧སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེས་ཏོག་དབྱིབས་ནད་དུག་བཀག་བསྐྱོད་སྐབས་འདིར་རང་དགོན་གྱི་གྲྭ་བཙུན་ཚོར་འཚོ་བའི་མཁོ་ཆས་བསྩལ་བ།

དེ་ཡང་ཏོག་དབྱིབས་ནད་དུག་ཁྱབ་འཕེལ་གྱིས་འཛམ་གླིང་གི་མི་རིགས་ཀུན་ལ་དཀའ་ངལ་མི་ཉུང་བ་འཕྲད་ཡོད་ལ། ཚོགས་པ་དང་སྤྱི་སྒེར་མང་པོས་ཀྱང་རོགས་སྐྱོར་མི་དམན་པ་གནང་བཞིན་ཡོད་པ་རེད།

དེ་ཡང་༧གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་དུའང་༧སྐྱབས་རྗེ་མཁན་སློབ་དག་གིས་གྲྭ་བཙུན་སློབ་ཕྲུག་གཙོས་པའི་བདེ་ཐང་གལ་ཆེན་འགངས་ཆེན་དུ་བརྩིས་ནས་ཉེ་བའི་ཟླ་བ་བརྒྱད་ལྷག་ཅིག་རིང་ཕྱི་བཀག་ནང་སྡོམ་གྱི་སྒྲིག་ཁྲིམས་གཏན་འབེབས་དང་།

གྲྭ་བཙུན་དང་སློབ་ཕྲུག་དག་གིས་ཀྱང་སྒྲིག་རང་ཁུར་གྱིས་གླིང་འདི་དང་ལྷ་སྡེ་མི་མང་ཀུན་བདེ་འཇགས་ངང་དུ་གནས་ཡོད་པ་དང་། ད་དུང་ཡང་མི་མཐུད་དུ་སྒྲིག་གཞི་རྒྱུན་མཐུད་བྱེད་འཆར་ཡོད་པས། ༧སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེས་ཐུགས་བསམ་ཆེར་བཞེས་ཀྱིས་ཨ་རིར་རྟེན་གཞི་བྱས་པའི་ཁོང་གི་བོན་ཚོགས་ཁྱུང་རྫོང་འོད་གསལ་གླིང་གིས་ཕྱི་ཟླ་༡༠།ཚེས༢༠ཉིན་འདུས་མང་ཡོངས་ལ་གྲོ་ཕྱེ་དང་།

ཕྱི་ཚེས་༢༤ཉིན་གསོལ་སྣུམ། ཕྱི་ཟླ་༡༡ཚེས་༡༢ཉིན་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེ་དང་། བཙུན་དགོན་རདྞ་སྨན་གླིང་གི་བཤད་སྒྲུབ་འདུས་སྡེའི་བཙུན་མ་རྣམས་ལ་སྨད་གོས། གསོ་རིག་འབུམ་བཞིའི་མཐོ་སློབ་ཀྱི་སློབ་མ་དག་ལ་རོགས་དངུལ་གནང་བ་བཅས་རོགས་མགོན་མི་དམན་པ་གནངས་པའི་གནས་བསྡུས་སུ།