གཡུང་དྲུང་བོན་གྱི་དྲྭ་རྒྱ།

ཞང་ཞུང་གི་སྐད་ཡིག་བྱུང་རབས་དང་དེའི་དགེ་མཚན།

སྣང་རྒྱལ་དགེ་བཤེས་ཤེས་རབ་དགེ་ལེགས།

ཡི་གེ་སྤྱིའི་བྱུང་རིམ་དང་མཚུངས་པར་ཞང་ཞུང་གི་ཡི་གེ་སྨར་ཆེ་ཆུང་གཉིས་ ལའང་དེ་མཚུངས་ཀྱི་བྱུང་རིམ་ཡོད་ཅིང་། མི་རིགས་གང་ཡིན་རུང་ཡི་གེའི་འབྱུང་ ཁུངས་སྐད་ལ་རགས་ལས་པ་བཞིན་སྨར་ཡིག་ཡང་དེ་ལས་མ་འདས། འགྲོ་བ་མིའི་རིགས་ཀྱི་ སྲིད་པ་གྲོལ་བ་ནས་ཕན་ཚུན་བརྡ་སྤྲོད་པའི་སྐད་ཀྱི་རྣམ་གཞག་འདི་བྱུང་བ་མ་ཡིན་ པར་ཡུན་རིང་གི་འཚོ་བའི་བརྒྱུད་རིམ་ཁྲོད། གོམ་སྟོབས་དང་རྣམ་དཔྱོད་ཟུང་འབྲེལ་ གྱིས་སྐྱེ་འཕེལ་བྱུང་བ་ཡང་དངོས་ཡོད་དང་རྒྱུ་མཚན་གྱིས་ར་འཕྲོད་ཐུབ་པ་ཞིག་ རེད། ཡུན་རིང་གི་འཚོ་བའི་བརྒྱུད་རིམ་ཁྲོད་སྐད་ཀྱི་རྣམ་གཞག་རྙེད་པ་བཞིན་ཡི་ གེའི་རྣམ་གཞག་ཀྱང་དེ་ལྟར་རྙེད་པ་རེད་ཅེས་བཤད་ཐུབ་པ་ཞིག་རེད།

འདིར་ཁོ་བོས་བཤད་བྱ་གཙོ་བོ་སྨར་ཡིག་གི་དགེ་མཚན་གྱི་སྐོར་ཡིན་ནའང་འཇིག་ རྟེན་གྱི་ཡི་གེ་སྤྱིའི་དགེ་མཚན་ལས་ལོག་སུ་སྨར་ཡིག་ལ་ཐུན་མིན་གྱི་ཁྱད་བོན་ ཞིག་བརྩི་རྒྱུ་མི་རྙེད་པས་ན་སྤྱི་འགྲོས་དང་བསྟུན་ཏེ་བཤད་རྒྱུ་ཡིན། སྨར་ཡིག་ དང་ཡིག་རིགས་ཕལ་མོ་ཆེར་ཆོས་སྲིད་གཉིས་ཀྱི་བརྡ་སྤྲོད་པའི་ནུས་པ་ཡོད་པ་ནི་ སུས་ཀྱང་ཤེས་ལ་ཡི་གེ་ཞེས་པའི་བྱ་དངོས་འདི་བསྐྲུན་དགོས་པའི་དམིགས་ཡུལ་ཡང་ རྒྱ་ཆེ་ས་ནས་བཤད་ན་དེ་ག་རང་རེད། ཡི་གེ་གང་ཡིན་རུང་རང་ཉིད་བྱུང་འཕེལ་གྱི་ལོ་ རྒྱུས་ཁྲོད་ཉམས་གུད་དང་འཕེལ་རྒྱས་ཀྱི་གོ་རིམ་ཞིག་ཡོད་ཅིང་། དེ་ཡང་ཡི་གེ་དེ་ སྤྱོད་པའི་ཁོར་ཡུག་གི་འགྱུར་ལྡོག་ལ་རགས་ལས་ཡོད། ཞང་ཞུང་གི་མངའ་ཐང་འཕེལ་ འགྲིབ་ཀྱིས་དེའི་སྐད་ཡིག་དང་ཡུལ་སྲོལ་གོམས་གཤིས་སོགས་ལའང་ཤུགས་རྐྱེན་ཐེབས་ ཡོད་ནའང་། སྐད་ཡིག་གིས་ཁྱབ་ཚད་ལ་དབང་ཤུགས་ཀྱིས་མ་ཁྱབ་པའི་རྐྱེན་གྱིས་བོད་ ཀྱི་མཐའ་མཚམས་ཁུལ་དང་ས་འབྲེལ་ཁག་ཏུ་ད་དུང་ཡང་ཞང་ཞུང་གི་སྐད་དང་ཡུལ་སྲོལ་ གོམས་གཤིས་སོགས་གསོན་པོར་གནས་འདུག་པ་དེ་དག་དེང་གི་དུས་སུ་སྔར་བྱུང་མྱོང་ བའི་རྒྱལ་ཁབ་ཅིག་གི་ར་སྤྲོད་དང་དཔང་རྟགས་སུ་གྱུར་འདུག དེར་བརྟེན་ང་ཚོས་ འདིར་ཞང་ཞུང་ཞེས་པའི་རྒྱལ་ཁབ་ཅིག་དང་དེའི་སྐད་ཡིག་བྱུང་ཡོད་མེད་ལ་དོགས་ སློང་བྱེད་རྒྱུ་མིན། ཡིན་ནའང་ཞང་ཞུང་གི་སྨར་ཡིག་ཙམ་མ་ཟད་བོད་ཀྱི་ཡི་གེ་ སྤྱིའི་བྱུང་རིམ་ལའང་དོགས་གཅོད་བྱེད་དགོས་པ་ཞིག་ཡོད་དེ། ཐོག་མར་བོད་ཡིག་གི་ ཐོག་མ་གང་ཡིན་པ་ངོས་འཛིན་རྒྱུ་ནི་གནད་འགག་ཅིག་རེད། ལོ་རྒྱུས་ཁྲོད་ས་ཁྱབ་ རྡོ་ཁྱབ་དུ་ཡོད་པའི་བཤད་སྟངས་དེ་དག་བཤད་སྟངས་ཙམ་དུ་བཞག་པ་མ་ཡིན་པར་དོན་གནད་ རེ་རེའི་ཐད་ཞིབ་མོར་དཔྱད་ན་ད་དུང་དབྱེ་བསྡུར་དང་གསེད་འགྲོལ་བྱ་དགོས་པའི་ གནས་ཀྱང་མང་། དེའི་ཕྱིར་འདིར་གཙོ་བོ་སྨར་ཡིག་གི་བྱུང་རིམ་རྩལ་དུ་བཏོན་ནས་ བཤད་རྒྱུ་ཡིན།
༡༽ ལོ་རྒྱུས་ཁྲོད་སྨར་ཡིག་གི་བྱུང་རིམ།
སྐབས་བབས་ཀྱི་བཤད་གཞི་འདིའི་སྐོར་གསལ་བའི་ལོ་རྒྱུས་ཀྱི་ཡིག་ཚོགས་ཤིན་ཏུ་མང་ ནའང་མདོར་བསྡུས་ན་ཁུངས་གཏུགས་ས་སྟོན་པར་ཐུག་པ་གཅིག་མཚུངས་ཡིན། དེ་ཡང་མདོ་ གཟེར་མིག་དང་དྲི་མེད་གཟི་བརྗིད་གཉིས་ལས་གང་གསལ་བ་རྣམས་ཡོངས་ཁྱབ་ཀྱི་བཤད་ སྟངས་ཤིག་ཏུ་གྱུར་བར་བརྟེན་ནས་ཆུ་མགོ་གཅིག་པའི་ཆུ་ཕྲན་ལྟ་བུར་སོང་བ་ རེད། སྟོན་པས་ཡི་གེའི་རྣམ་གཞག་མ་མཛད་པའི་སྔོན་དུ་བོད་ལ་ཡི་འབྲུ་འབུམ་གཉིས་ དང་ཁྲི་གཅིག་ཡོད་པ་ལས། བདུད་ཁྱབ་པས་གཏོ་ཡི་བཀའ་སྒྲོམ་མེ་ལ་བསྲེགས་པའི་རྗེས་ སུ་སྟོན་པས་དཔའ་བོ་འབྲུ་ལྔ་གཞི་རྩར་བཞག་སྟེ་འཕྲུལ་ཡིག་བཞི་བཅུའམ་ངེས་པའི་ ཐོ་ཡིག་བཞི་བཅུ་གཏན་ལ་ཕབས། དེ་ཡང་འབྱུང་ཆེན་དང་འབྱུང་ཆུང་གི་ཁམས་གཉིས་སུ་དབྱེ་བར་མཛད། སྐབས་དེར་ཕོ་མོ་མ་ནིང་གི་དབྱེ་བ་ཕྱེས་མེད་ཀྱང་སྒྲའི་སྐྱེ་གནས་དང་སྒྲ་དྲག་ ཞན་གྱི་དབང་གིས་འབྱུང་ཆུང་ལྔའི་དབྱེ་བ་མཛད་ཡོད་། དོན་གྱི་ཆ་ནས་ཀྱང་མིང་དུ་ཕོ་མོ་མ་ནིང་ཞེས་བཏགས་མ་བཏགས་ཙམ་མ་གཏོགས་དབྱེ་བ་ འབྱེད་པའི་རྒྱུ་མཚན་ལ་གཞི་རྩའི་ཆ་ནས་ཁྱད་པར་གང་ཡང་མེད། ཡིག་གཟུགས་དེ་ལ་ བརྟེན་ནས་རིམ་བཞིན་ཡིག་གཟུགས་སྣ་ཚོགས་འཕེལ་རྒྱས་བྱུང་སྟེ་ད་ལྟའི་དབུ་ཅན་དང་ དབུ་མེད་སོགས་ཀྱི་འབྲི་སྲོལ་འདི་བྱུང་། ལོ་རྒྱུས་མཁན་པོ་མང་པོ་ཞིག་གིས་འདི་ ལ་ལྡོག་ཕྱོགས་ཀྱི་ལྟ་སྟངས་ཤིག་འཛིན་བཞིན་ཡོད་ཅིང་། ཡོངས་གྲགས་སུ་གྱུར་པའི་ ལྟ་སྟངས་འདི་དུས་རབས་བཅུ་གཅིག་པའི་སྐབས་ནས་དར་སྲོལ་ཅན་དུ་གྱུར་འདུག འོན་ ཀྱང་ཕྱིས་སུ་ཞིབ་འཇུག་གི་གནད་འགག་འགའ་རེ་དང་ས་འོག་ནས་ཐོན་པའི་གནའ་བོའི་ དངོས་རྫས་སོགས་ལ་བརྟེན་ནས་བོད་རང་ལ་མ་མཐའ་ཡང་ལོ་བཞི་སྟོང་གི་སྔོན་ནས་ཡི་གེ་ ཡོད་པ་གསལ་པོར་གྱུར། འོན་ཀྱང་ང་ཚོས་གསལ་པོར་ཤེས་དགོས་པ་ཞིག་ནི་ཐོག་མར་འདི་ལ་སྨར་ཡིག་ཅེས་མིང་ བཏགས་མེད་ལ་སྟོན་པས་ཀྱང་དེ་ལྟར་བཏགས་མི་འདུག དེས་ན་མིང་འདི་ཕྱིས་སུ་བཏགས་པ་ཞིག་ཡིན་པར་ཐེ་ཚོམ་མི་དགོས།
༢༽ཡི་གེ་དེའི་རང་བཞིན།
སྨར་ཡིག་ལ་ཁྱད་བོན་ཇི་འདྲ་ཞིག་ཡོད་མེད་ལ་བཤད་སྲོལ་འདི་འདྲ་ཞིག་ཡོད་དེ། ཆོས་ ཕྱོགས་ཁོ་ན་ལས་སྲིད་ཕྱོགས་ལ་བཀོལ་སྤྱོད་བྱེད་རྒྱུའི་ནུས་པ་མེད་པ་དཔེར་ ན་ཟ་ལར་གྱི་ཡི་གེ་དང་མཚུངས་པར་བཤད། དེ་ལྟར་ན་ཞང་ཞུང་གི་སྲིད་ལུགས་ཀྱི་ལོ་རྒྱུས་རྣམས་སྐབས་ཐོག་དེར་ཡིག་ཐོག་ཏུ་ འགོད་ཐུབ་ཐབས་མེད་པ་ཞིག་རེད། མིག་སྔར་ང་ཚོས་མཐོང་དུ་ཡོད་པའི་ཞང་ཞུང་གི་ལོ་ རྒྱུས་ཡིག་ཆ་རྣམས་དུས་རབས་བཅུ་ གཅིག་ཡན་ཆད་དུ་འདེད་ཐུབ་པ་ཞིག་མེད་པས་རྐྱེན་ གྱིས་བཤད་སྟངས་འདི་ལ་རྒོལ་རྒྱུའི་ནུས་པ་མེད་ནའང་། ཏུན་ཧོང་གཏེར་ཡིག་ནས་ཐོན་ པའི་སྨན་དཔེའི་ཐོག་ཏུ་ཞང་ཞུང་གི་དཔྱད་ཡིག་ལ་དཔེ་བླངས་པ་གསལ་པོར་བྲིས་པ་དེས་ རྒྱུ་མཚན་གལ་ཆེན་ཞིག་འགྲེལ་བརྗོད་བྱས་ཡོད་པ་རེད། དེ་ཡང་ཞང་ཞུང་གི་དཔྱད་ཡིག་ ཞང་ཞུང་གི་ཡི་གེའི་ཐོག་ནས་བྲིས་པ་ཞིག་ཡིན་པ་སྨྲོས་མི་དགོས་ལ། ནང་དོན་ཡང་ སྤྱི་ཚོགས་ཀྱི་ནད་རིགས་དང་སྨན་དཔྱད་སོགས་ཡིན་པ་བཤད་མི་དགོས། དེས་ན་ཞང་ཞུང་ གི་ཡི་གེ་ཆོས་ཕྱོགས་ཁོ་ན་ལས་སྲིད་ཕྱོགས་ལ་བཀོལ་མི་ཐུབ་པའི་བཤད་སྲོལ་དེར་ཡང་ བརྡ་ལན་གསལ་པོ་ཞིག་སྤྲད་ཡོད། སྨར་ཡིག་གི་སྦྱོར་སྟངས་ཀྱི་དབང་གིས་གསར་བྱུང་གི་དངོས་པོ་ཡོད་ཚད་ཀྱི་མིང་ གསར་པ་བཟོ་ཐུབ་པར་ཚོད་དཔག་བྱས་ཆོག དེ་ལྟར་ཡིན་པའི་རྒྱུ་མཚན་ཡང་སྨར་ཡིག་འདི་ཉིད་ད་ལྟའི་བོད་ཡིག་གི་མེས་པོ་ཡིན་ པ་དང་། སྟོན་པས་ཡི་གེ་འདི་གཏན་ལ་འབེབ་པའི་སྐབས་སུ་དབྱངས་དང་འདོགས་ཅན་རྗེས་ འཇུག་སྔོན་འཇུག་སོགས་ཀྱི་རྣམ་གཞག་རྒྱས་པར་བསྟན་ཡོད་པས་ན། མིང་གི་སྦྱོར་བར་ མི་འདང་པའི་དཀའ་ངལ་གང་ཡང་མེད། ལར་ནས་སྐད་ཀྱི་རྨང་གཞི་ལ་བརྟེན་ནས་ཡི་གེ་གསར་བསྐྲུན་བྱས་པ་ཞིག་ཡིན་ཕྱིན་ འདི་འདྲའི་གནས་སྟངས་ཤིག་འབྱུང་དཀའ། དུས་རབས་འདི་ཙམ་གྱི་རིང་ལ་སྨར་ཡིག་གི་ངོ་བོ་གཞི་རྩའི་ཆ་ནས་འགྱུར་མེད་ ནའང་། སྤྱི་ཚོགས་དང་རིགས་གནས་ཀྱི་འཕོ་འགྱུར་གྱི་དབང་གིས་གཏན་ནས་འགྱུར་མེད་ པའང་མིན། ཉེ་ཆར་ས་འོག་ནས་ཐོན་པའི་སྨར་ཡིག་ལ་ཉུང་མཐར་ཡང་ལོ་ངོ་བཞི་སྟོང་གི་ ལོ་རྒྱུས་ཡོད་པར་འཐད་པ་དེའི་གཟུགས་རིས་མཐོང་ན་ད་ལྟ་ང་ཚོས་འབྲི་བཞིན་པའི་ སྨར་ཡིག་དང་དེ་གཉིས་གཤིབ་བསྡུར་གྱིས་སྐད་ཆ་ཞིག་བཤད་ཐུབ་རྒྱུ་གདོན་མི་ཟ་ཞིང་ ནང་དོན་གྱི་ཆ་ནས་ཀྱང་སྨར་ཡིག་ལ་ནུས་པ་ཇི་འདྲ་ཞིག་ཡོད་མེད་བརྟག་རྒྱུའི་ཕན་ ཐོག་ཆེན་པོ་ཡོད་པ་གདོན་མི་ཟ་ནའང་དེ་ལྟའི་སྐལ་བ་ཞིག་རེག་དཀའ་ཚོད་འདུག སྨར་ ཡིག་གི་ངེས་པའི་ཐོག་ཡིག་བཞི་བཅུ། །སྨར་ཡིག་ལ་གྲངས་བཞི་བཅུ་བགྲང་པ་འདི་ངེས་ པ་ཅན་གྱི་གྲངས་ཀ་ཡིན་པའི་རྒྱུ་མཚན་གྱིས་ངེས་པའི་ཐོ་ཡིག་བཞི་བཅུ་ཞེས་བརྗོད་ ནའང་བློར་འབབ་པ་ཞིག་འདུག་མོད། ལུང་དང་འབྲེལ་མིན་ཆ་མ་འཚལ་བས་འདི་ནི་འདིའོ་ ཞེས་སྨྲ་བར་ག་ལ་ནུས། ལུང་ལས་འདི་ལྟར་འབྱུང་སྟེ། “གསོལ་པ། སྤྲུལ་པའི་སྐུ་དེ་ལ་ངེས་པའི་ཐོ་ཡིག་དུ་ཞིག་མཆིས་པར་འགྱུར་རམ། བཀལ་བསྩལ་པ། དེ་ནི་འདི་ལྟར་སྟེ།   ཀ་ནི་རླུང་གི་ལྷ་མོ་སྦུབས་ལ་ངེས་པར་ཡོད་པའི་ཐོ་ཡིག་ གོ ཁ་ནི་བདུད་རྩི་སྨན་གྱི་ལྷ་མོ་བཻདྲུརྱ་འོད་ཀྱི་རྒྱལ་པོ་ཁ་ལ་ངེས་པར་ཡོད་ པའི་ཐོ་ཡིག་གོ”ཞེས་པ་ནས།“འགྲེང་བུ་དང་། ཞབས་ཀྱུ་དང་། ན་རོ་དང་། ཤད་དང་ཚེགས་ དང་ལྔ་ལ་གསང་བ་ལས་ཀྱི་ལྷ་ལྔ་ཡོད་པའི་ཐོ་ཡིག་གོ ངེས་པའི་ཐོ་ཡིག་དེ་དག་གིས་མཚོན་པའོ། ༼བོན་ཉིད་ཀྱི་སྙིང་པོ་བདལ་བའི་འབུམ་རྩ། གཡུང་དྲུང་བོན་གྱི་བཀའ་འགྱུར། པོད་ཨང་། ༡༤༤ ཤོག་གྲངས༢༡༡༽”ཞེས་གསུང་པ་ལས་ངེས་པ་ཞེས་པའི་དོན་ཡང་ལྷ་ཡི་རྩ་གནས་སུ་ངེས་པར་ དུ་ཡོད་པའི་དོན་དང་། ཞི་ཁྲོའི་གཞུང་དུ་སྐྱེས་བུ་སུ་ཡང་རུང་བའི་རྩ་གནས་སུ་ འཕྲུལ་ཡིག་བཞི་བཅུ་དང་དེའི་མཚོན་པའི་ལྷ་གང་ཞིག་གནས་ཡོད་མེད་སོགས་བསྟན་པ་ གཉིས་ལ་དོན་གྱི་ཆ་ནས་ཁྱད་པར་གང་ཡང་མེད་ནའང་། གོང་དུ་ཡི་གེའི་སྦྱར་གཞི་གཙོ་ བོ་ལྷར་བཟུང་བ་དང་། ཞི་ཁྲོའི་གཞུང་དུ་གཙོ་བོ་གཤིན་པོའི་རྩ་གནས་སུ་སྦྱར་བ་ དེ་ཙམ་རེད།དོན་དུ་ཐོ་ཡིག་བཞི་བཅུའི་གྲངས་འདྲེན་ལ་མི་མཐུན་པ་གང་ཡང་མེད་ ཅིང་། དོན་དུའང་འདི་ལས་ལྷག་ཅིག་དགོས་དོན་མེད་པ་རེད།