གཡུང་དྲུང་བོན་གྱི་དྲྭ་རྒྱ།

སྙིང་པོ་རྣམ་གསུམ་གྱི་ཚིག་འགྲེལ་དང་དེའི་དགོས་པ།

བཤད་སྒྲུབ་མཁན་པོ་དགེ་བཤེས་གཤེན་བསྟན་རབ་གསལ།

སྙིང་པོ་རྣམ་གསུམ་དེ་ཡང་བོན་ལུགས་འཛིན་པའི་སྐྱ་སེར་ཕལ་ཆེ་བས་རྒྱུན་ལྡན་ཏུ་བསགས་སྦྱང་གནང་པའི་སྲོལ་བཟང་སྔར་གནས་རྒྱུན་འཇགས་སུ་གྱུར་ནའང་།   དེ་དག་སྐུ་གསུམ་གྱི་སྙིང་པོར་འབྲེལ་ཚུལ་དང༌། སྙིང་པོ་སོ་སོའི་འབྲུ་དོན་དང་བཟླས་བརྗོད་ཀྱི་སྐབས་སུའང་སྔོན་འགྲོ་དངོས་གཞི་རྗེས་བྱ་གསུམ་ཚང་དགོས་པའི་གལ་ཆེའི་དོན་གནད་ཁག་གཅིག་དགོས་མེད་ལྟ་བུའི། ལྟ་སྟངས་ཀྱི་དབང་གིས་སྐྱ་སེར་མང་དག་ཤིག་དེ་དག་ལ་གོ་རྟོགས་ཀྱི་ཆུ་ཚད་ཧ་ཅང་དམན་སྟབས། དེ་རྣམས་ལ་ངོ་སྤྲོད་ཀྱི་ཚུལ་དུ་བོན་སྐུའི་སྙིང་པོ་ནི།  ཨ་ཨྰོྃ་ཧྰུྃ། ཨྰ་ཨ་དཀར་སལེ་འོད་ཨ་ཡང་ཨྰོྃ་འདུ་དང་། རྫོགས་སྐུའི་སྙིང་པོ་ནི།   ཨྰོྃ་མ་ཏྲི་མུ་ཡེ་ས་ལེ་འདུ་དང་།   སྤྲུལ་སྐུའི་སྙིང་པོ་ནི།  ཨ་དཀར་ཨ་རྨད་དུ་ཏྲི་སུ་ནག་པོ་ཞི་ཞི་མལ་མལ་སྭཧྰ་ཞེས་པ་འདི་གསུམ་ནི་སྙིང་པོ་རྣམ་གསུམ་མོ།།

དང་པོ་བོན་སྐུའི་སྙིང་པོ་ནི།

དང་པོ་བོན་སྐུའི་སྙིང་པོའི་ཐོག་མ་‘‘ཨ་ཨྰོྃ་ཧྰུྃ་’’གསུམ་ནི།     སྐུ་གསུམ་མམ་སྐུ་གསུང་ཐུགས་ཀྱི་སྙིང་པོ་དང་།       ‘‘ཨྰ་ཨ་དཀར་’’གསུམ་ནི།     གནས་ལུགས་སྟོང་པ་དང་།   གསལ་བ།   གསལ་སྟོང་དབྱེར་མེད་དང་གསུམ་གྱི་སྙིང་པོའོ།   ‘‘ སལེ་’’ནི་མཚན་མ་དང་བྲལ་བའི་ཡེ་ཤེས་ཀྱི་སྙིང་པོའོ།    ‘‘འོད’’་ནི་འགྲོ་འདུལ་འདོ་ཟེར་སྤྲོ་བའི་སྙིང་པོའོ།     ‘‘ཨྰོྃ་’’ནི་སྐུ་ལྔ་ཡེ་ཤེས་ལྔ་ཡི་སྙིང་པོ་བཅས་བོན་སྐུའི་སྙིང་པོའི་འབྲུ་ འགྲེལ་ལོ༎
གཉིས་པ་རྫོགས་སྐུའི་སྙིང་པོ།
ཨྰོྃ་མ་ཏྲི་མུ་ཡེ་ས་ལེ་འདུ་བཅས་ཡིག་འབྲུ་བརྒྱད་པོ་འདི་རྣམས་རིམ་བཞིན་ དུ།       སྐུ་ལྔ་ཡེ་ཤེས་ལྔ་ཡི་བདག་ཉིད་སྟོན་པ་དང༌།    ཐུགས་རྗེ་བྱམས་མ།    མུ་ཆོ་ལྡེམ་དྲུག      གསང་བ་ངང་རིང་    ཏི་སངས་རང་ཞི་   གྲ་བྱིན་དོན་སྤུངས།       ལྕེ་རྒྱལ་པར་ཏི།     ཡེ་གཤེན་གཙུག་ཕུད་བཅས་ཀྱི་སྙིང་པོའོ།།
གསུམ་པ་ སྤྲུལ་སྐུའི་སྙིང་པོ་ནི།

‘‘ཨ་དཀར་ཨ་རྨད’’་བཞི་ནི་བདེར་གཤེགས་གཙོ་བཞིའི་སྙིང་པོ་དང་།       ‘‘དུ་ཏྲི་སུ་ནག་པོ་’’བཅས་ཡིག་འབྲུ་དྲུག་པོ་ནི།       སྦྱང་བྱ་དམྱལ་བ་སོགས་འགྲོ་དྲུག་གི་སྙིང་པོའོ།      ‘‘ཞི་ཞི་’’ནི་མཐོ་རིས་དང་ངན་སོང་གཉིས་ཀྱི་སྦྱོང་བྱེད་འདུལ་གཤེན་དྲུག་གི་ སྙིང་པོ་དང་།    ‘‘མལ་མལ་’’གཉིས་ནི་འགྲོ་དྲུག་གི་སྡུག་བསྔལ་སྦྱོང་བའི་ཡོན་ཏན་ཡེ་ཤེས་བཅུ་ གསུམ་གྱི་ས་བོན་ནོ།    ‘‘སྭཧྰ’’གཉིས་ནི་ནད་གདོན་བར་ཆད་རྐྱེན་ངན་བཟློག་པའི་སྙིང་པོ་བཅས་སྙིང་པོ་སོ་ སོའི་འབྲུ་དོན་ནོ།   སྦྱོར་དངོས་རྗེས་གསུམ་ནི།        སྔོན་འགྲོ་བསྒོམ་རིམ་ཏིང་འཛིན་གྱི་རིམ་པ་དང༌།   དངོས་གཞི་སྙིང་པོ་བཟླས་བརྗོད་ཀྱི་རིམ་པ།  རྗེས་བྱ་སྔོ་སྨོན་གྱི་རིམ་པ་དང་གསུམ་མོ།།

བཞི་པ་སྙིང་པོ་དེ་དག་ཕན་ཡོན་གྱི་ཆ་ནས་རིམ་བཞིན།

སལེ་འོད་ལ་གསལ་བ་དགུ་འཛབ་ཏེ།    བླ་ཆེན་དྲན་པའི་ཞལ་ནས།     བཟླས་ཆོག་མ་རིག་མུན་སེལ་ཨ་དཀར་འོད།    མ་རིག་མུན་པ་སེལ་བའི་ཉི་མ་ཡིན།   ཉོན་མོངས་བརྒྱད་ཁྲིའི་མཚོ་སྐེམ་མེ་དཔུང་ཡིན།  འདི་བཟླས་ཙམ་གྱིས་སྣང་སྲིད་ལྷ་སྐུར་ཤར།  ཞེས་དང༌།

མ་ཏྲི་ལ་བཟླས་ཆོག་རིན་ཆེན་སྒྲོན་མ་སྟེ།      ལྷ་གཤེན་ཡོངས་སུ་དག་པའི་ཞལ་ནས།    ངག་གིས་བཟླས་པར་ཆོག་པའི་འབྲུ་བརྒྱད་འདིས།     འོད་གསལ་དངོས་ཤར་བར་དོའི་འཁྲུལ་སྣང་ཞི།    བུ་འདོད་རིགས་སྤེལ་སྣང་སྲིད་དབང་བསྡུས་རྩལ།    ཉེས་ལྟུང་གནོང་འགྱོད་ཐམས་ཅད་བཤགས་པའི་མཆོག  ཅེས་དང༌།
དུ་ཏྲི་སུ་ལ་ངན་སོང་དོང་སྤྲུག་གི་སྙིང་པོ་ཏེ།    མཁའ་འགྲོ་བཅོ་བཟའ་བོན་མོའི་ཞལ་ནས།     བཟླས་ཆོག་ངན་སོང་དོན་སྤྲུག་རིན་ཆེན་འོད།     མཆོག་ཐུན་དངོས་གྲུབ་འབྱུང་བའི་ནོར་བུ་ཡིན།   ལན་ཆགས་ཤ་འཁོན་བྱང་བའི་བཤགས་སྦྱོང་ཡིན།      བག་ཆགས་སྡིག་སྒྲིབ་དག་པའི་ཆུ་བོ་ཡིན།      ཞེས་གསུང་པ་ལྟར་འདི་ཕྱི་གཉིས་ཀའི་དོན་ཐམས་ཅད་བསམ་པ་ཡིད་བཞིན་དུ་འབྱུང་བས་ན་ སྙིང་པོ་རྣམས་གསུམ་གྱི་བཟླས་བརྗོད་ལ་རིམ་ཤིག་ཅེས་ནན་གྱིས་ཞུ་བ་དང་བཅས་དགེ་ བཤེས་གཤེན་བསྟན་རབ་གསལ་གྱིས་བྲིས་སོ༎

གཤིན་གྱི་འབྱུང་ལྡན་ ༣༠༡ བོད་ཤིང་འབྲུག་ལོའི་བོད་ཟླ་བཞི་པ།

ཕན་བདེའི་འབྱུང་གནས་རྒྱལ་བསྟན་རིན་པོ་ཆེ། ། འཛིན་སྐྱོང་སྤེལ་ལ་གཅེས་པའི་སྐྱེ་བོ་གང་། ། ཚེ་བསོད་དཔལ་གྲགས་མངའ་ཐང་རྒྱས་པ་དང་། ། མཁའ་མཉམ་འགྲོ་བའི་བདེ་ལེགས་དཔལ་འབར་ཤོག།

ཐ་ཚན་མུ་ཙུག་སྨར་རོ།

སྙིང་པོ་རྣམ་གསུམ་གྱི་ཚིག་འགྲེལ་དང་དེའི་དགོས་པ།