བོན་ཐམས་ཅད་ཀྱི་ཡང་མཛོད་རྣམ་འབྱེད་འཕྲུལ་གྱི་ལྡེ་མིག་བཞུགས་སོ།

༄༅།།  ཀ་པི་ལྷ་ཡི་སྐད་དུ།  ལྡན་ཏོ་དེ་བ་ཀ་ཀུ་ནང།  ཞང་ཞུང་གི་སྐད་དུ།  མང་བཱེར་ནེ་ར་ཨག་ཐེར་གྱིན།  ནམ་པ་ལྡོང་གི་སྐད་དུ།  ཨ་ཏི་ཧ་ར་མུ་བཱེ་རེ།  སྤུ་རྒྱལ་བོད་ཀྱི་སྐད་དུ།  བཀའ་ལུང་རིག་པ་འཇལ་བའི་ཚད་སྲང།  མན་ངག་གཏན་ཚིགས་རིགས་པའི་དངོས་གཞི།  ཤེས་རབ་རྣམ་པར་འབྱེད་པའི་ལྡེ་མིག་ཅེས་བྱ་བ།  ཐུགས་རྗེས་གཞེན་བཏབ་གསུང་གི་འོད་ཟེར་གྱིས།  འགྲོ་དམན་བློ་ཡི་མུན་པ་སེལ་མཛད་པ།  གཤེན་རབ་སྟོན་པའི་མཆོག་ལ་ཕྱག་འཚལ་ལོ།  མཁའ་ལ་ཉི་ཟླའི་འོད་ཤར་བས།  རིས་སྒྲིབ་མུན་པ་བསལ་བ་བཞིན། སྟོན་པའི་ཐུགས་ལས་འོད་ཤར་བས། རྨོངས་པ་བློ་ཡི་མུན་བསལ་ཕྱིར།  རྗེས་སུ་འཇུག་པའི་གཤེན་རབ་ལ། གོ་བར་བསྟན་གྱིས་འབྲེལ་བར་གྱིས།  འདི་ལ་ངང་གིས་གོམས་བྱས་ན།  རང་རིག་རང་ལ་འཆར་བར་འགྱུར།  རྣམ་འབྱེད་འཕྲུལ་གྱི་ལྡེ་མིག་འདི།  ཡུལ་ནི་ཆུ་མིག་བརྒྱ་བཅུའི་འགོར།  རྒྱུང་ཡར་བླ་ཆེན་ཁོད་སྤུངས་ཀྱིས།  རྒྱུད་ལུང་མན་ངག་བཅུད་བསྡུས་ནས།  བློ་སྦྲམ་རྣམས་ཀྱི་སྒོ་དབྱེའི་ཕྱིར།  ཐེག་སྒོ་ཀུན་ལ་འཇུག་པ་རུ།  འདི་དང་གང་ལྡན་བློ་གྲོས་འཕེལ། འདི་ལ་གསུམ་སྟེ་ལོ་རྒྱུས་དང།  འཇལ་བྱེད་གཞལ་བྱ་གསུམ་ལས་སྤྲོས།  སྔོན་ཚེ་དེ་ཡི་དུས་སུ་གཤེན་རབ་ཀྱིས།  བཀྲ་ཤིས་གནས་རེར་བོན་སྒོ་མཛད་ཐབས་བསྟན།  གཤེན་རབ་སྐུ་འདས་རྒྱལ་ཐེབ་རིམ་གྱིས་འབྱུང།  གདུང་རྒྱུད་ལྷ་རྒྱུད་ས་འཛིན་ཞིང།  འཁོར་ལོ་བསྒྱུར་ཞིང་བརྡོལ་པ་བསྐོས། དེ་ཚེ་སྲིད་པ་གསུམ་ན་སྤྱོད།  རབས་བདུན་བསྟན་པ་རིམ་གྱིས་མཛད།  སྐུ་གཤེན་རྒྱལ་བློན་འཛོམས་རིམ་གྱིས། སྲིད་པ་དྭངས་མའི་རྒྱུད་བཟུང་ནས། གཡུང་དྲུང་བོན་གྱི་རྒྱུན་ལ་སྤྱོད། སྨན་དང་སྤྲུལ་ཞིང་མི་དང་འཚོ། དེ་ནས་རྒྱལ་སྲིད་ཐ་མ་ལ། སྲིད་པ་ཐ་མའི་རྒྱུད་འཛིན་པའི། ལས་དང་སྨོན་ལམ་འཕེན་ཤུགས་ཀྱིས། རྒྱ་གར་ནས་སྔགས་བོད་དུ་བྱུང།  ཁོད་སྤུངས་མཉམ་བཞག་ངང་ལས་ལྡང། ཐབས་ཀྱིས་རྒྱ་གར་རྩོད་པ་བཟློགས།  ལྟ་ཤག་བདེན་དང་བགྲོ་རྩོད་བྱེད། བསྟན་པའི་དོན་དུ་སྐུ་གདུང་བརྩིགས། དེ་ཡིས་འཆའ་མཁན་ཁོད་སྤུངས་བྱེད། དེ་དུས་ཁོད་སྤུངས་ནམ་མཁར་འཕོས། བསྟན་པ་རིན་ཆེན་གཏེར་དུ་འཇོག། སྔར་སྐྱེས་ང་སྐྱེས་དྲན་པ་ཡི། གཟུངས་ལྡན་བླ་ཆེན་ཁོད་སྤུངས་ཀྱིས། དོན་དུ་སྨོན་ལམ་དཀར་ནག་འདེབས། བདེར་གཤེགས་ལུང་ལས་དགེ་སྡིག་ཏུ། ལུང་བསྟན་ལུང་མ་བསྟན་པ་ཡི། གྲུབ་པའི་མཐའ་ནི་མཆོག་དམན་གཉིས། དཀར་ནག་དགེ་སྡིག་མུན་སྣང་ལྟར། གེ་ཤན་གཤེན་རབ་ཆོས་དང་གསུམ། བསྒྲུབ་ཕྱོགས་སོ་སོར་སྣང་མོད་ཀྱང། ཐིག་ལེ་སེམས་སུ་གྲུབ་མཐའ་གཅིག།  བོན་ཐམས་ཅད་ཀྱི་ཡང་མཛོད་རྣམ་འབྱེད་འཕྲུལ་གྱི་ལྡེ་མིག་ལས་ལོ་རྒྱུས་ཀྱི་ལེའུ་སྟེ་གཅིག་པའོ།  ༑

དགེ་སྡིག་ས་ལམ་གནས་གཙང་ཕྱིར། དེ་ལ་འཇལ་བར་བྱེད་པ་ནི། བཀའ་ལུང་མན་ངག་ཚད་མ་ཡིས།  སྡེ་གསུམ་སྣོད་ལ་གང་འཚམས་པར།  དེ་མ་ཡིན་གྱིས་མི་བསླུ་ཞིང།  རང་གི་མཚན་ཉིད་བསྒྲུབ་བྱའི་ཕྱིར། རྩོད་དང་རྩོད་ལྡོག་དཔང་པོ་གསུམ། དམན་པ་མ་ཡིན་དྲང་མཁན་དགོས།  མཚན་ཉིད་རྣམ་དབྱེ་གཅིག་གཞན་གསུམ།  གཞལ་བྱ་འཇལ་བྱེད་ཀུན་ལ་དགོས། ཁས་བླངས་གཏན་ཚིགས་མཐུན་དཔེ་གསུམ། སྦྱོར་བ་འགོད་པའི་དུས་ན་དགོས། དགག་དང་བསྒྲུབ་དང་བསལ་བ་གསུམ། སྦྱོར་བ་བཤིགས་སྒྲུབ་དུས་ན་དགོས།  རྫས་དང་བཏགས་ཡོད་མཚོན་ཡུལ་གསུམ། སྒོ་དམིགས་འཛིན་པའི་དུས་ན་དགོས། མེད་སྣང་ཡོད་སྣང་ལྐོག་འགྱུར་གསུམ།  ལོག་ཤེས་ཡོད་པའི་དུས་ན་དགོས།  ཡིན་སྣང་རྟོག་མེད་འཁྲུལ་པ་མེད། མངོན་སུམ་འཛིན་པའི་དུས་ན་དགོས། མཚོན་བྱ་མཚོན་བྱེད་མཚོན་ཚུལ་གསུམ། རྗེས་དཔག་བསྒྲུབ་པའི་དུས་ན་དགོས། ཁྱབ་བྱ་ཁྱབ་བྱེད་འབྲེལ་བ་གསུམ།  སྤྱི་དང་བྱེ་བྲག་དུས་ན་དགོས།  གྲུབ་མཐའ་ལ་ཟླ་པྲ་ཁྲིད་གསུམ།  འདི་དང་ཕྱི་མ་གཉིས་ཀར་དགོས།  བསྟན་ངག་མདོ་རྩ་ཉི་ཤུ་བདུན།  དེ་ལས་གྱེས་པའི་རྣམ་པ་ནི།  བཀའ་ཡི་མཚན་ཉིད་བཅོས་སླད་མེད། རྒྱལ་བའི་ཐུགས་དང་ཞལ་ནས་གསུངས།  རྒྱལ་ཐེབ་ཀྱིས་གསུང་ཚད་མའོ།  འདི་གསུམ་བཀའ་རུ་གཅིག་པ་སྟེ།  དགོངས་བསྒྲགས་གཞན་ནི་ཐ་དད་ཡིན།  བཀའ་གསུམ་བདག་ཉིད་གཅིག་འབྲེལ་ཏེ། མིང་དང་སྐབས་ཀྱི་རྒྱུ་འབྲས་སོ། ལུང་ནི་གཏན་ཚིགས་འབྱུང་གནས་ཏེ། རྣམ་པ་ཐེག་སྒོ་དུ་མ་ཡིན། བོན་དུ་གཅིག་ལ་ཐེག་སྒོས་དབེན། འབྲེལ་བ་དེ་བཞིན་ཤེས་པར་བྱ། མན་ངག་ཚེགས་ཆུང་དོན་ལ་མྱུར། རྣམ་པར་རྒྱས་འབྲིང་བསྡུས་པ་གསུམ། དོན་གཅིག་ངོ་གང་ཐ་དད་ཡིན། ཚད་མ་མ་ཡིན་བྱེད་མི་བསླུ།  རྣམ་པ་མན་ངག་གཏན་ཚིགས་རིགས། གཅིག་པ་མ་ཡིན་ཐ་དད་པའོ། བོན་ཅན་རྫས་དང་དེ་ཡི་རྟེན། རྣམ་པ་རྫས་དང་བཏགས་པ་སྟེ། གཅིག་པ་མ་ཡིན་ཐ་དད་ཡིན། གཞི་ནི་གང་ཞིག་ཁས་བླངས་པའི། སྡེ་གསུམ་སྣོད་ལ་འཚམས་པ་སྟེ། རྣམ་པ་རྒྱུ་འབྲས་ལ་ཟླ་གསུམ། དོན་དུ་གཅིག་ལ་བློ་ངོར་དབྱེན།  སྣོད་གསུམ་སྡེ་དང་འཚམས་པ་སྟེ། རྣམ་པ་རབ་འབྲིང་ཐ་མ་ཡང།  མཆོག་དང་དམན་པས་ཐ་དད་པའི།  དེ་མ་ཡིན་ནི་རང་མིན་གཞན།  བསླུས་པ་རང་ནི་གཞན་དུ་འཆོལ། རང་གི་མཚན་ཉིད་རང་གྲུབ་པའོ། དགེ་བྱེད་གང་ཞིག་དམན་པ་ནི། ཚེ་འདིའི་ཁེ་དང་གྲགས་པ་དང། ཟས་ནོར་ཞིང་ཁམས་འདོད་ཐབས་སུ། གཡོ་དང་གསོག་གིས་རང་འདོད་སྒྲུབ། དགེ་བར་སྙད་འདོགས་གཞན་ནོར་འབྲལ། གཡུང་དྲུང་བོན་ལ་འགལ་བར་རྩོད། ཕྱི་དཀར་ནང་ནག་གང་ཟག་དེ། ཝ་སྐྱེས་སེང་གེའི་ལྤགས་གྱོན་འདྲ། དེ་དོན་གཞི་ལམ་འབྲས་བུ་ཡི། དྭོགས་བཅས་ཐེ་ཚོམ་མི་སེལ་ཞིང། བཀའ་བགྲོ་བདེ་ཉམས་མི་བསྡུར་བར།  རྩོད་ངན་སྡང་བས་ཕ་རོལ་སྨོད། དེ་ཡིས་དམྱལ་བར་གཞེན་འདེབས་བྱེད།  རང་རྒྱལ་འདོད་ལ་ཆགས་ཞེན་པས། པྲིང་རྒྱུད་གནས་སུ་གཞེན་འདེབས་བྱེད། བག་མེད་གཟུ་ལུམ་འགལ་སྨྲས་པས།  དུད་མུར་དབྱིངས་སུ་གཞེན་འདེབས་བྱེད། བདེན་པའི་དོན་རྨོངས་ང་རྒྱལ་གྱིས། ལྷ་མེན་རྩོད་པར་གཞེན་འདེབས་བྱེད། ཚད་མར་མ་གྱུར་རྩོད་སྨྲས་པས། མཁས་པས་ཁྲེལ་ཞིང་ཡ་ག་འདུ།  བྱེེད་པའི་མཆོག་གྱུར་སྐྱེས་བུ་ནི། འདི་རུ་དམན་པའི་ཆ་འཛིན་ཞིང། ཟས་ནོར་འཁོར་ལ་ཆགས་པ་སྤངས། གཞན་ལ་མི་སྨོད་བདག་མི་བསྟོད། བཟོད་པའི་སྟོབས་ཀྱིས་དགྲ་ཚོགས་འཇོམས།  ཐབས་ལ་མཁས་པས་འགྲོ་བ་འདྲེན། ཐེ་ཚོམ་བགྲོ་གླེང་རྩོད་པ་མཁས། དམན་པའི་ཆ་བཟུང་འཕགས་པར་འགྱུར། ཞི་ཚིག་དོན་ལ་སྦྱོར་བ་ཡིས། ངན་སོང་སྒོ་གཅོད་ཐར་ལམ་འབྱེད།  ས་བཅུའི་ལམ་བགྲོད་འབྲས་བུ་ནི། སྐུ་གསུང་ཐུགས་དང་ཡོན་ཏན་ལ། ཐུན་མིན་དབང་དང་བླ་མེད་ཐོབ། བགྲོ་རྩོད་དམན་པར་གྱུར་པ་ནི། ཚོང་འདུས་འདྲ་བའི་གནས་ཡུལ་དུ། མཐའ་མི་འདྲ་བའི་སློབ་དཔོན་ལ། མུན་པ་འདྲ་བའི་བློ་སྦྱངས་པ།  ཆན་རྡོ་འདྲེས་འདྲའི་བཀའ་སྡེ་ཟིན། བྱེའི་སྙི་འཛིན་འདྲའི་བསྟན་པ་བཙུགས། ཐ་མལ་མིག་སྔར་རབ་བརྗིད་ཀྱང། རྒྱུད་སྦྱངས་སྤྱན་སྔར་མཆོག་ཐོབ་མིན། གཞན་སྨོད་སྙམ་ནས་ཕར་དྲིས་པས། རྩོད་པར་ཁས་བླངས་ཡེངས་ལ་འཇོག།  རྩོད་གཞི་མེད་པར་རྩོད་པར་བཟོ། དྲི་སྐབས་མེད་པར་གལ་དུ་རྩོད།  བགྲོ་བར་ཁས་བླངས་རྩོད་སྐྱོན་འགེལ། ཐེ་ཚོམ་བསལ་ནས་རང་ཆེ་འབྱིན། རང་ལ་ཟུག་པའི་སྐྱོན་སྤོང་ནས། དམ་བཅའ་ཉམས་པ་མི་སྤོང་ཞིང། གཏན་ཚིགས་ཁྱབ་པ་རང་འདོད་སྟོར། ལུང་རིག་དཔེ་ལ་ཁྱུར་མིད་བྱེད། དམ་དུ་བཅས་པའི་བསྒྲུབ་བྱ་སྟོར། དེས་མེད་འགལ་བ་བསྒྲུབ་བྱར་མཐོང། ཐལ་རྡེབ་ཚིག་ངན་བརླང་པོ་ཡིས། ཕ་རོལ་ཞེ་འགེམ་དུག་ལྔ་བསྐྱེད། ཐོས་པ་སྣུམ་ཞིང་ཆུ་བླུགས་འདྲ།  བསམ་པ་རྡོ་དང་ཆན་འདྲེས་འདྲ། འབྲས་བུ་ལ་ཁའི་བྱ་སྒྲོ་འདྲ། གང་ཞིག་བགྲོ་རྩོད་མཆོག་གྱུར་པ། རིགས་བཟང་སྒོ་གཙང་སྦྱངས་འཕྲོ་བླངས།  ནམ་མཁའ་འདྲ་བའི་གནས་ཡུལ་དུ། ཉི་ཤར་འདྲ་བའི་དཔོན་གསས་ལ། སྒྲོན་མེ་འདྲ་བའི་བློ་སྦྱངས་པས།  འོད་གསལ་འདྲ་བའི་སྡེ་སྣོད་འབྱོངས། བསྟན་པ་བདེན་གཉིས་ཉི་ཟེར་འདྲ།  ཐེག་སྒོ་ཀུན་ལ་རབ་སྦྱངས་ཤིང།  གོམས་ཀྱིན་སླ་བས་ཀུན་ལ་འཇུག། ཟབ་ཕྲའི་གཞུང་གཅིག་རབ་གཤོགས་པས།  གཅིག་ཤེས་ཀུན་ལ་མཁས་པར་འབྱུང།  མ་རྟོགས་ལོག་རྟོག་དུག་ལྔ་ལ།  སྣང་གསལ་འོད་ཆེན་འགྱེད་པར་འགྱུར།  ཐེ་ཚོམ་གེགས་སེལ་ཞུ་ལ་བརྩོན། བཀའ་བགྲོ་བདེ་ཉམས་བསྡུས་ལ་མཁས།  རྩོད་པས་ལོག་རྟོག་འཇོམས་པར་བྱེད། རྩོད་དུས་ངག་འཇམ་གཟི་མདངས་ལྡན། རང་དབང་མངོན་གྱུར་གཞན་དབང་གྲོལ། དེ་ནི་སྨྲ་བའི་སེང་གེ་སྟེ།  གསན་པ་ཚོན་ལ་རྩིས་སྨན་འདྲ།  དགོངས་པ་ས་གསེར་ཆུས་འབྱེད་འདྲ།  སྒོམ་པ་གསེར་གླིང་ཁྲོད་སླེབས་འདྲ།  འབྲས་བུ་ནམ་མཁའི་འཕྲོ་འདུ་འདྲ།  དམན་གྱུར་དེ་ཡིས་དཔང་བྱས་པས།  ལོག་པར་གཅོད་དང་གྱི་ནར་འཇོག། མི་འདྲ་ལོག་པ་དཔེར་འཇོག་ཅིང།  དཔེ་མེད་དངོས་ལ་ལྡབ་སྨྲ་བྱེད། དཔེ་ལ་དཔེས་མཚོན་བསྒྲུབ་བྱ་སྟོར།  དཔེ་དང་དཔང་པོར་འགྱུར་མ་ཡིན།  གང་ཞིག་དྲང་མཁན་མཆོག་གྱུར་པས། གོ་བས་བདེན་རྫུན་གོ་མི་ཟློག།  རྩོད་གཉིས་དོན་རྟོགས་གསོང་པོར་སྨྲ།  ལུང་རིགས་གཏན་ཚིགས་དཔེ་ཡིས་སྒྲུབ།  དཔེ་དང་དཔང་པོ་མཆོག་གྱུར་ཡིན། བོན་ཐམས་ཅད་ཀྱི་ཡང་མཛོད་རྣམ་འབྱེད་འཕྲུལ་གྱི་ལྡེ་མིག་ལས། བྱ་བ་བྱེད་པའི་ལེའུ་སྟེ་གཉིས་པའོ།  ༑  མཚན་ཉིད་རྣམ་དབྱེ་གཅིག་གཞན་ནི།  ཤེས་བྱ་སྤྱི་ཡི་མཚན་ཉིད་ནི། གཟུང་དོན་བརྡ་བཏགས་འབྲེལ་བ་ལས། རང་གི་མཚན་ཉིད་འཛིན་པ་ཡིན། གཟུང་དོན་བརྡ་ཡིས་མཚོན་པའི་དོན། གཞན་གྱི་རྗེས་ནས་ཟློག་པ་དང། རང་གི་གཟུང་དོན་གྲུབ་པ་དང། འབྲེལ་རྟགས་གཞི་ལ་གྲུབ་པ་ཡིན། དེ་ལས་གཞན་པའི་མཚན་ཉིད་མིན། གཟུང་དོན་བརྡ་དོན་གོ་དོན་ལ། གསུམ་ལས་དགུར་སྲིད་དེ་ནས་མིན། དབྱེ་དོན་རྩ་བའི་རྣམ་གྲངས་ཡིན། འཇལ་བ་བློ་ཡི་བྱེད་པའོ།  ཁས་བླངས་རང་གི་དམ་བཅའ་སྟེ། གཏན་ཚིགས་དེ་ཡི་སྒྲུབ་བྱེད་ཡིན། དཔེ་ནི་འདྲ་བའི་ཕྱོགས་ནས་མཚོན། སྦྱོར་བ་བསྒྲུབ་བྱའི་རྫས་ལའོ།  དགག་པ་གཞན་གྱི་ལོག་ཤེས་ཏེ། བསྒྲུབ་པ་དོན་གྱི་མཚན་ཉིད་ཡིན། བསལ་བ་ལུང་དང་རིག་པ་དང།  མངོན་སུམ་རྗེས་དཔག་བཞི་ཡིས་ནི།  གཞན་དགག་བདག་འདོད་བསྒྲུབ་པའོ། རྫས་ཡོད་རྟེན་དུ་རུང་བ་དང།  རང་འགྱུར་གཞན་ལ་མ་ལྟོས་དང།  བྱ་བ་བྱེད་པའི་འགལ་མཐུན་དང། གཞན་གྱིས་བསྒྲུབ་པས་གྲུབ་པ་དང།   ཡིད་ཀྱིས་དམིགས་པའི་རྫས་ཡོད་དོ།བཏགས་ཡོད་གདགས་པའི་གཞི་དང་འབྲེལ། མཚོན་པའི་མིང་དུ་བཏགས་པ་དང།  ཆ་དང་ཤས་ལ་བཏགས་པ་དང། མ་ཡིན་མིང་དུ་བཏགས་པ་དང། མེད་ལ་ཡོད་པར་སྒྲོས་བཏགས་དང། དུས་ཀྱི་སྐབས་ལ་བཏགས་པའོ། མཚོན་ཚུལ་དགག་པར་མཚོན་པ་དང། བསྒྲུབ་དང་རྫས་དང་དོན་དང་མིང། དོན་དབྱིངས་མཚོན་པའི་ངོ་གང་ངོ་། སྒོ་དམིགས་རང་རང་ངོ་གང་ལས། གཞན་དུ་འཆུགས་པ་སྤང་པའོ། མེད་སྣང་མིག་བཙིར་ཟླ་གཉིས་ལྟར། རྟོག་མེད་བློ་ལ་སྣང་བ་སྟེ། འཁྲུལ་བ་དབང་པོའི་སྒོ་སྐྱོན་ཡིན། ལོག་ཤེས་འབྱེད་པ་དྲུག་ཡིན་ཏེ། སྣང་ལ་མ་ངེས་འདྲ་བས་སླུ།  ཐེ་ཚོམ་དེ་དང་གཞན་སེམས་དང། ཡིད་དཔྱོད་ལྐོག་ཏུ་གྱུར་པ་དང། སྔར་བཅད་རྗེས་སུ་ཟློས་རྟོགས་དང། འཁྲུལ་པས་ལོག་པར་རྟོག་པ་དང།  བླ་བརྡོལ་དོན་དུ་མ་ངེས་པའོ།  ཡང་དག་སྤྱི་གཅིག་བྱེ་བྲག་གཉིས། ཡིན་སྣང་ཡིན་པ་ཉིད་དུ་སྣང། རྟོག་མེད་བློ་ལ་སྣང་བ་སྟེ། འཁྲུལ་མེད་དབང་པོ་སྒོ་གཙང་ཡིན། དེ་དག་རྣམ་པ་དྲུག་ཡིན་ཏེ།  དབང་པོ་ཡུལ་ལ་དངོས་ཆོད་དང། ཡིད་ནི་རྐྱེན་བཞིས་འཛིན་པ་དང། རང་རིག་རང་ལ་ཤར་རྟོགས་དང།  རྣམ་ཐར་གཞན་དོན་འཛིན་པ་དང། རྣམ་གྲོལ་བོན་གྱི་དབྱིངས་གཟིགས་སོ། མཚོན་བྱ་དངོས་དང་དབྱིངས་ཉིད་དང། གང་ན་ཡོད་མེད་མ་ཟིན་དང། རྗེས་སུ་དཔག་པར་བྱ་བའོ། མཚོན་བྱེད་རང་བཞིན་ཤེས་རབ་དང།  གང་གི་རྫས་ལས་དེ་བྱུང་བའོ། མཚོན་ཚུལ་གང་ལ་གང་བརྟེན་དང། གཞན་ལ་འཆོལ་བ་མ་ཡིན་དང། རང་གི་རྒྱུ་འབྲས་འཕྲད་ཚུལ་ལོ། རྗེས་དཔག་རང་གི་མཚན་ཉིད་ལས། ལྟར་སྣང་ངེས་པ་མ་ཡིན་ལ། མཚོན་བྱ་མཚོན་བྱེད་མཚོན་ཚུལ་ལོ།  ཁྱབ་བྱ་ཁྱབ་བྱེད་འབྲེལ་བ་ཡང། བྱ་བའི་ཡུལ་ལ་བྱེད་པས་ཁྱབ། ཁྱབ་བྱ་སྒོ་ལ་ཁྱབ་བྱེད་སྤྱི། གྲངས་སྤྱིས་རིགས་ལ་ཁྱབ་པ་དང།  རིགས་སྤྱིས་གྲངས་ལ་ཁྱབ་པ་སྲིད། གྲངས་ཀྱི་གཅིག་ལོག་སྤྱི་ཡང་ལོག། རིགས་ཀྱི་སྒོས་ལྡོག་སྤྱི་མི་ལྡོག། འབྲེལ་པ་དངོས་དང་གནས་སྐབས་ཏེ། དངོས་པོ་རང་བཞིན་འབྲེལ་བ་དང། རྒྱུ་དང་འབྲས་བུར་འབྲེལ་བ་ཡིན། གནས་སྐབས་གནས་དང་ཤ་རག་དང།  ལས་དང་བརྡ་དོན་འབྲེལ་བའོ། བོན་ཐམས་ཅད་ཀྱི་ཡང་མཛོད་རྣམ་འབྱེད་འཕྲུལ་གྱི་ལྡེ་མིག་ལས། འཇལ་བྱེད་རྒྱས་པར་བཤད་པའི་ལེའུ་སྟེ་གསུམ་པའོ། ༑

ད་ནི་གཞལ་བར་བྱ་བ་ལ། དོན་དམ་ཀུན་རྫོབ་སྤྲོས་བྲལ་གསུམ། བོན་གྱི་རང་བཞིན་གནས་པ་ཡིན། སངས་གཞི་འབྱུང་གཞི་སོག་གཞི་གསུམ། རྟེན་དུ་ཤེས་པར་བྱ་བ་ཡིན། མུ་སྟེགས་རུ་ཏྲ་ཕྱོགས་འཛིན་གསུམ། ཚར་གཅོད་གནས་སུ་ཤེས་པ་ཡིན། རྒྱུ་དང་འབྲས་བུ་ཡང་རྩེ་གསུམ། ལ་ཤན་དབྱེ་བའི་གྲུབ་མཐའ་ཡིན། ས་དང་ལམ་དང་གནས་དང་གསུམ། འཁོར་ཐར་དབུ་མར་ཤེས་པ་ཡིན།  བོན་སྐུ་རྫོགས་སྐུ་སྤྲུལ་སྐུ་གསུམ། བསྒྲུབ་བྱ་ཀུན་གྱི་མཐར་ཐུག་ཡིན།  དེ་ལས་ཀུན་རྫོབ་བདེན་པ་ནི། གཟུང་དོན་དག་དང་མ་དག་གཉིས། ཟླ་བ་གཅིག་དང་གཉིས་སྣང་མཚུངས། བརྡ་དོན་ཀུན་རྫོབ་དག་མ་དག། དེ་ཡི་གོ་དོན་མཚན་ཉིད་ནི། དག་པ་སྣང་ལ་དོན་བྱེད་ནུས། མ་དག་དོན་བྱེད་ནུས་པས་སྟོང།   རྣམ་པ་གནམ་ཟླ་ཆུ་ཟླ་དང། སྲེག་མེ་འདྲེ་མེ་ལས་སོགས་སོ། དོན་ནི་གཅིག་མིན་ཐ་དད་དེ། རྒྱུ་འབྲས་འབྲེལ་པ་སྲིད་པ་ཡིན། ལས་ནི་དགེ་སྡིག་གང་སྤྱད་འགྲུབ། དོན་དམ་པ་ཡི་གཟུང་དོན་ནི། མཚན་མ་བློ་ཡུལ་མ་ཡིན་ཏེ། ཡིད་མཐོང་སྣང་གྲགས་རིགས་པ་ཡིས། དཔྱད་ན་འཇིག་པ་མ་ཡིན་པའོ།  མཚན་ཉིད་སྒྲོ་མེད་སྤྲོས་བྲལ་ཏེ།  རྣམ་པ་སྙིང་པོ་འོད་ཟེར་གཉིས། དོན་ལ་ཐ་དད་མེད་པ་ཡིན། རྟོགས་བསྒོམས་འབྲས་བུ་བླ་མེད་ཡང། སྐུ་གསུམ་དོན་ལ་སྤྲོ་བསྡུ་ཡིན། བོན་ཐམས་ཅད་ཀྱི་ཡང་མཛོད་རྣམ་འབྱེད་འཕྲུལ་གྱི་ལྡེ་མིག་ལས། བོན་བདེན་པ་གཉིས་ཀྱི་ལེའུ་སྟེ་བཞི་པའོ།  ༑   སངས་གཞི་ཀུན་གཞི་བྱང་ཆུབ་སེམས།  ཡེ་ནས་ཤེས་རིག་རྒྱལ་པོ་ཡིན། སངས་པ་ཡེ་སངས་རྒྱས་པའི་གཤེན། ཡེ་སངས་ཡེ་རྟོགས་ཡེ་གྲོལ་ཏེ། སྐུ་གསུམ་ཐུགས་རྗེ་འབྱུང་གནས་ཡིན། འབྱུང་གཞི་ཅི་ཡང་མ་ཡིན་སེམས། ཅིར་ཡང་སྣང་བས་ཡིད་ཤེས་རྒྱུས། འཕེན་བྱེད་ལས་ཀྱི་རླུང་གིས་འཕངས། ལུས་སེམས་འབྲེལ་བའི་དབང་པོ་ཤོར།  དེ་ཡིས་གཟུང་ལ་འཛིན་པར་བྱེད། སོག་གཞི་ཀུན་གཞི་རྣམ་ཤེས་ཏེ། འཇུག་པའི་ཚོགས་དྲུག་འོད་དང་ཟེར།  གཟུགས་སྒྲ་དྲི་རོ་རེག་བོན་ལ། མིག་རྣ་སྣ་ལྕེ་ལུས་ཡིད་ཀྱིས། མ་ཡིན་ཞུམ་ལ་ཡིད་སེམས་མཐོ།  ཆགས་སྡང་མ་ཡིན་ཡོན་ཏན་ལས།  ལྔ་ལྔ་ཉི་ཤུ་རྩ་ལྔར་གྱེས། དེ་ལས་དྲུག་ཅུ་རྩ་གཅིག་དང།  བརྒྱད་ཁྲི་བཞི་སྟོང་ཡོངས་སུ་འཕྲོས།  ཡིད་ཀྱིས་དེ་ལྟར་བྱེ་བྲག་ཕྱེས།  ཉོན་མོངས་ཅན་གྱིས་བདག་ཏུ་ཞེན། ཀུན་གཞི་སེམས་ལ་ས་བོན་བགོས། ཟད་དང་འཕེལ་བ་རྐྱེན་གྱིས་བསྐྱེད། དེ་ཡིས་ཐར་དང་འཁོར་བར་བྱུང།  ཡེ་དག་ལྷུན་གྲུབ་སྤྲོས་བཅད་ཅིང། སངས་འབྱུང་སོག་པའི་གཞི་ལས་དཔག།  སངས་འབྱུང་སོག་པའི་གཞི་གསུམ་ཡང།  ངོ་འབྲེལ་གཅིག་མིན་ཐ་དད་མིན། རྐྱེན་དང་སྐབས་ཀྱིས་ཤེས་པའོ། འཁྲུལ་པ་འབྱུང་བའི་གཞི་ལས་ནི། སངས་གཞི་མ་རྟོགས་ལོག་རྟོག་ཡིན། རྣམ་ཤེས་གཞི་ལ་བག་ཆགས་བསགས་སོ། བོན་ཐམས་ཅད་ཀྱི་ཡང་མཛོད་རྣམ་འབྱེད་འཕྲུལ་གྱི་ལྡེ་མིག་ལས། གཞི་གསུམ་གཅིག་དབྱེན་གྱི་ལེའུ་སྟེ་ལྔ་པའོ། ༑   གེ་ཤན་རྟག་ཆད་ཕྱོགས་རེར་ལྟ།  རྟག་པར་མི་འགྲུབ་རྣམ་པར་གསལ། ཆད་པར་མ་ངེས་རང་བཞིན་སྣང།  རྩེ་གཉིས་མི་རྟོག་ངོ་བོ་གཅིག།  རུ་ཏྲས་མཉམ་ལ་གཞན་སྨོད་བྱེད། སྐྱོན་མེད་སྐྱོན་བརྗོད་རང་ལ་འཁོར། དོན་ལ་དགག་དང་བསྒྲུབ་པ་མེད། ཕྱོགས་འཛིན་གཏད་མེད་གཡེམ་ལ་རྒྱུག།  ཤ་བཙོན་བཏང་ནས་གནམ་བྱ་འཛིན།  ཁ་སྟོང་ཁྱི་གསར་བྱ་འདེད་འདྲའོ།

༧སྡེ་སྣོད་རིམ་པས་འཇུག་པ་ནི། ཕྱ་གཤེན་ཚུར་རོལ་ལྟ་བའི་གཤེན། སེམས་ལ་ལྷ་འདྲེ་མེད་པ་ལ། ལ་ཁར་སོ་པ་བཞག་འདྲ་བའི། ཡེ་ཤེས་སྤྱན་མེད་ཤ་མིག་གིས།  བག་ཆགས་རྒྱུ་བ་བགེགས་སུ་མཐོང། རང་གི་དོན་བོར་གཞན་དོན་བསྒྲུབ། གཅམ་བུ་ལག་སྟོང་ཡ་མཚན་ཆེ། ཡང་རྩེ་ཐིག་ལེ་ཉག་ཅིག་སེམས། སྐྱེ་མེད་ཨེ་མ་ངོ་མཚར་ཆེ། ༧སྣང་གཤེན་ཚུར་རོལ་སྣང་བའི་གཤེན། སྲོག་མེད་སྐྱེ་ཤི་མེད་པ་ལ། ཚོང་འདུས་ལོ་ཚ་ལྟ་བུ་ཡིས། རང་གི་དོན་བོར་གཞན་དོན་རྩོལ། མི་ཡི་གཡང་སྐྱབས་རང་ཕྱྭ་ཉམས། སྒེར་བུ་མདོ་ཤོར་ཡ་མཚན་ཆེ། ཡང་རྩེ་ཐིག་ལེ་ཉག་གཅིག་སེམས།  མི་སྒོམ་སྒོམ་མེད་ངོ་མཚར་ཆེ། ༧ འཕྲུལ་གཤེན་ཚུར་ལ་རྩོལ་བའི་གཤེན། སེམས་ཉིད་དགྲ་གཉེན་མེད་པ་ལ། གསོད་སྡང་སེང་གེའི་རྩལ་འདྲ་བས། རང་སྐྱོན་བོར་ནས་གཞན་སེམས་སྒྲོལ། དཔའ་བོ་གཡུལ་ཤོར་ངོ་མཚར་ཆེ།  ཡང་རྩེ་དམིགས་མེད་མ་བཅོས་དང།  དགྲ་དང་ཟུན་མེད་ངོ་མཚར་ཆེ། ༧ སྤྱི་ཐོ་ཚུ་རོལ་སྲིད་པའི་གཤེན། སེམས་ཉིད་ཐིག་ལེ་ཉག་གཅིག་ལ། ལམ་གསུམ་བགྲོད་པའི་མི་གསུམ་ལྟར། གཅིག་ཏུ་བསྡུད་པའི་རྩོལ་བས་བཅིངས། རང་གི་སྐྱོན་བཞག་གཞན་ལུས་འདྲེན། ས་མཁན་ལམ་རྡུགས་ཡ་མཚན་ཆེ། ཡང་རྩེ་ཡེ་སངས་རྒྱས་པ་ཡིས། མ་བགྲོད་གནས་སླེབས་ངོ་མཚར་ཆེ། ༧ དགེ་བསྙེན་སྦྱིན་པས་བསྒྲུབ་པའི་གཤེན། སེམས་ལ་རྒྱུ་འབྲས་མེད་པ་ལ། མཁའ་ལ་ཆར་འབབ་ལྟ་བུ་ཡི། འདུས་བྱས་སྦྱིན་པའི་རྒྱུ་འབྲས་ཀྱིས། འཁོར་བའི་གཡང་སར་རྟག་ཏུ་སྤྱོད། བཞིན་ལེགས་བཀྲག་གསལ་ཡ་མཚན་ཆེ། ཡང་རྩེ་དབྱིངས་ལས་ཡེ་ཤེས་ཤར། མ་བྱིན་ཀུན་ཚིམས་ངོ་མཚར་ཆེ། ༧ དྲང་སྲོང་གཙང་དག་སྤྱོད་པའི་གཤེན། སེམས་ཉིད་ཡེ་བྱང་ཡེ་ཆུབ་ལ། འཁྱགས་པས་ས་བསྡམས་འདྲ་བ་ཡིས། སྐྱེ་མེད་མི་འགག་འབྲས་བུ་སྟོར། ལམ་བས་ཁྲིད་འདོད་ཡ་མཚན་ཆེ། ཡང་རྩེ་ཁ་དོག་དབྱིབས་མེད་སེམས། འདིར་འགྲོ་མེད་པ་ངོ་མཚར་ཆེ།

༧  ལྷ་རྩེ་བསྙེན་བསྒྲུབ་རྩོལ་བའི་གཤེན། རང་འབྱུང་ཐིག་ལེ་རྩོལ་བྲལ་སེམས། རུས་སྦལ་བསྐུམས་འདྲའི་ལྟ་བ་ཡིས།  ཡབ་ཡུམ་བ་གའི་ཐིག་ལེ་ལས། བྱིས་པ་སྟོབས་འགྱེད་ཡ་མཚན་ཆེ། ཡང་རྩེ་དབྱིངས་ལས་ཡེ་ཤེས་ཤར།  སྟོང་ལ་སྣང་ཤར་ངོ་མཚར་ཆེ། ༧ སྣང་རྩེ་ཏིང་འཛིན་གནས་པའི་གཤེན། ཅིར་སྣང་དབྱིངས་ཤེས་རང་སྣང་ལ། མཁའ་ལ་ཉི་ཤར་འདྲ་བ་ཡིས། ད་བཟོད་ལྟ་བ་ཡ་མཚན་ཆེ། ཡང་རྩེ་གཟའ་གཏད་མེད་པ་ཡིས། ཡེ་སངས་རྒྱས་རྟོགས་ངོ་མཚར་ཆེ། ༧ དེ་ལྟར་དམན་པའི་ཐེག་པ་བརྒྱད། ཀུན་རྫོབ་དོན་མེད་མ་ཡིན་ལ།  གཤེན་རབ་བསླུས་འབེབས་མ་ཡིན་ཞིང། ཐེག་བརྒྱད་ལམ་འབྲས་མེད་མིན་པས། དམན་སྤྱོད་མཆོག་ལ་མོས་པའི་ལམ། མོས་སྤྱོད་དག་པས་དོན་ལ་ངེས། ༧ ཡང་རྩེ་བརྗོད་མེད་ནམ་མཁའ་འདྲ། སྟོང་སྣང་གསལ་བའི་ནམ་མཁའ་ལ། མི་གཡོ་མཉམ་གསལ་ཉི་མ་ཤར། གླིང་བྲལ་མ་བཅོས་རྩོལ་བྲལ་འོད། ངང་རང་བདག་ཉིད་མུན་ཀློང་སེལ། མཁའ་ཀློང་དབྱིངས་སུ་ཀུན་སངས་རྒྱས། བོན་ཐམས་ཅད་ཀྱི་ཡང་མཛོད་རྣམ་འབྱེད་འཕྲུལ་གྱི་ལྡེ་མིག་ལས། གཞལ་བྱ་གྲུབ་མཐའི་ལེའུ་སྟེ་དྲུག་པའོ། ༑ གོང་འོག་ལ་ཤན་དབྱེ་བ་ནི། རྟོགས་པ་ཡོད་པའི་རྟོགས་རྟོགས་རྣམས། རྟོག་མེད་སྤྲོས་བྲལ་གཏིང་རྫོགས་པར། འདིར་སངས་རྒྱས་ཡུལ་མེད་པས་ཡུལ་ཤེས་གཉིས་མི་སྤྱོད། གཟུང་འཛིན་གཉིས་སུ་བཏགས་པས་འཁོར་བའི་གནས་སུ་གོལ། ཐིག་ལེ་ཉག་གཅིག་སེམས་ལ་དུ་མར་བགྲང་དུ་མེད། མ་རྟོགས་ལོག་པར་རྟོག་པས་མཐའ་དུག་སྤྲོས་པར་གོལ། གཉིས་འཛིན་སེམས་ལ་རྫོགས་པས་གཉིས་མེད་དོན་དུ་གྲོལ། སེམས་ལ་རྒྱུ་རྐྱེན་མེད་པས་བྱ་རྒྱུ་བྱེད་མཁན་མེད། མ་རྟོགས་ལོག་པར་རྟོག་ན་སྐྱེ་རྒྱུ་དུག་ལྔར་སྣང། དུག་ལྔ་རང་སར་གྲོལ་བས་རང་འབྱུང་ཡེ་ཤེས་ཆེན་པོ་ཉིད། སེམས་ལ་སྤང་བླང་མེད་པས་དགག་དང་བསྒྲུབ་པ་མེད། རང་གིས་ཕྱོགས་ཆར་བཟུང་བས་མཐའ་དགུ་སྤྲོས་པར་གོལ། སེམས་ལ་རྒྱ་ཕྱོགས་མེད་པས་གོལ་དང་མ་གོལ་མེད། སེམས་ཉིད་སྟོང་ཡངས་གསལ་བས་མཚན་མའི་དངོས་མ་གྲུབ། དངོས་པོ་མཚན་མར་བཟུང་བས་ཡུལ་དང་དབང་པོར་གོལ། སྣང་བ་ཅིར་ཡང་གསལ་བས་གཅིག་ཏུ་གོལ་ས་མེད། ཐིག་ལེ་ཉག་གཅིག་སེམས་ལ་ཐུགས་རྗེ་ཕྱོགས་བཅུར་སྟོན། གཅིག་ཏུ་མ་ཡིན་དུ་མ་སྤངས་པ་མེད། ཅིར་ཡང་མ་ཡིན་གང་ཡང་འགག་པ་མེད།  གང་ཡང་མི་སྤོང་གང་ཡང་བསྒྲུབ་ཏུ་མེད། མཁའ་གསལ་འདི་ལ་གར་ཡང་གོལ་ས་མེད། བག་ཆགས་གནས་མེད་མཁའ་ལ་བྱ་འཕུར་འདྲ།  ཐིག་ལེ་སེམས་ལ་འདི་ཞེས་གཟའ་གཏད་མེད། འདོད་པ་ཀུན་འབྱུང་ཡིད་བཞིན་ནོར་བུའི་ཚུལ། ཞེས་བྱ་སྟེ། བོན་ཐམས་ཅད་ཀྱི་ཡང་མཛོད་རྣམ་འབྱེད་འཕྲུལ་གྱི་ལྡེ་མིག་ལས། བོན་ཐམས་ཅད་ལ་བཟླ་བའི་ལེའུ་སྟེ་བདུན་པའོ། ༑

དེ་ལྟར་ཚིག་ཏུ་བརྗོད་པ་རྣམས། རང་རྒྱུད་སེམས་དང་མ་འདྲེས་ན།  གཅོལ་མེད་གཞའ་ཚོན་འདེད་དང་འདྲ། རུག་གིས་བསྲེས་ལ་རྒྱུད་ལ་བསྟེན། ཐོས་དང་བསམ་དང་སྒོམ་པ་ལ། བདུན་བདུན་ཉི་ཤུ་རྩ་གཅིག་དགོས། ༧ དང་པོ་སྔོན་དུ་དགོས་པ་བདུན། ཡིག་རྩིས་དང་དུ་ལེན་པ་ནི། ཀུན་གྱི་རྒྱུ་རུ་དགོས་པ་ཡིན། དཔོན་གསས་སྐུ་ལ་འཁོར་མཁས་པ། བྱེད་པ་རྐྱེན་དུ་དགོས་པ་ཡིན། དད་པ་གཏིང་ནས་སྐྱེས་པ་ནི། ཕྱིར་མི་ལྡོག་ལ་དགོས་པ་ཡིན། བླ་མས་གསུངས་པའི་ཟིན་གླེང་ནི། བསམ་གླིང་དུས་ན་དགོས་པ་ཡིན། བརྩོན་འགྲུས་སྟོབས་དང་ལྡན་པ་ནི། དགེ་སྤྱོད་བསྐུལ་མར་དགོས་པ་ཡིན། སོ་ནམ་གཞན་ལ་འདོར་པ་ནི།  ཐོས་བསམ་སྒོམ་ལ་དགོས་པ་ཡིན། ༧ བར་དུ་བསམ་གཞིར་གཅེས་པ་བདུན། ལུས་ཀྱི་བཅའ་གཞིར་མཉམ་པ་ནི། སྐྱེས་བུ་གྲུ་ལ་བརྒལ་འདྲར་གཅེས། སེམས་ཀྱིས་གཞན་དོན་བསམ་པ་ནི། མཁའ་ལ་ཉི་མ་ཤར་འདྲ་གཅེས། དགེ་སྡིག་བྱེ་བྲག་ཕྱེད་པ་ནི། ས་གསེར་ཆུ་ཡིས་འབྱེད་འདྲ་གཅེས། བུ་ནོར་བསླུ་བར་ཤེས་པ་ནི། ལམ་ནོར་སླར་ལོག་འདྲ་བ་གཅེས། སྡུག་བསྔལ་ཉམས་སུ་ལོན་པ་ནི། ཁྲི་མུན་དོང་གི་བཙོན་འདྲ་གཅེས། བདེ་འགྲོའི་གནས་ལ་བྲོད་པ་ནི། བུ་གཞོན་ཨ་མ་མཐོང་འདྲ་གཅེས། དམ་ཚིག་གཞུང་དུ་སྲོང་བ་ནི། གསེར་ལ་ནགས་ཚུར་བཏང་འདྲ་གཅེས་སོ། ༧ ཐ་མར་ཉམས་སུ་བླང་ཐབས་བདུན། ལྟ་བ་གདེང་དང་ལྡན་པ་ནི། མཁའ་ལ་ཁྱུང་ཆེན་ལྡིང་འདྲའི་ཉམས། བྱ་བྲན་འཕུར་རློབས་ལྟ་བུ་མིན། སྤྱོད་པ་བོགས་དང་ལྡན་པ་ནི། བལ་ཐག་ཆུར་བཅུག་འཐེན་འདྲའི་ཉམས། རྔ་ལྤགས་འཐེན་པ་ལྟ་བུ་མིན། སྒོམ་པ་བསྐྱེད་དང་ལྡན་པ་ནི། ཟླ་བ་ཡར་ངོ་འདྲ་བའི་ཉམས། ཟླ་བ་མར་ངོ་ལྟ་བུ་མིན། འབྲས་བུ་རང་སེམས་རྟོགས་པ་ནི། རྒྱལ་བུ་རྒྱལ་ས་འཛིན་འདྲའི་ཉམས། ཁྱི་གུས་ཟས་དྲི་འདེད་འདྲ་མིན། དུག་ལྔ་དག་པའི་སངས་རྒྱས་ནི། སྦྲུལ་མཐོང་ཐག་པར་གྲོལ་འདྲའི་ཉམས། ཐག་པ་སྦྲུལ་སྣང་ལྟ་བུ་མིན། སྐུ་གསུམ་དོན་ལ་སྤྲུལ་པ་ནི། ནམ་མཁའ་ཉི་མ་དྲོ་འདྲའི་ཉམས། མཚོ་ནང་རྡོ་བསྐྱུར་ལྟ་བུ་མིན། ཞེས་གསུངས་ཏེ། བོན་ཐམས་ཅད་ཀྱི་ཡང་མཛོད་རྣམ་འབྱེད་འཕྲུལ་གྱི་ལྡེ་མིག་ལས། པྲ་ཁྲིད་ཉམས་ཀྱི་ལེའུ་སྟེ། གནས་བརྒྱད་པའོ། ནང་གསེས་རྡེའུ་དུ་བཅུ་གཅིག སྤྱིར་བགྲང་རྡེའུ་དྲུག་ཅུ་ལྔ། གཅོ་ལྕམ་གུང་མོའི་རྒྱུད་ལ་བསྟེན། དམའ་མོར་ཐུགས་ཁར་གསལ་འདེབས་མཛོད། རྣམ་པར་འབྱེད་པའི་གདམས་དོན་གསུམ་པའི་ལེའུའོ།།

གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
བོན་ཆོས་དཔྱད་བསྡུར།
བོན་ཆོས་དཔྱད་བསྡུར།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
སྨན་རིའི་སྟེགས་འཇོག་ལོ་ཐོ།
སྨན་རིའི་སྟེགས་འཇོག་ལོ་ཐོ།
previous arrow
next arrow