མན་ངག་ལུང་གི་ཚད་མ་བཞུགས།

ཞང་ཞུང་སྐད་དུ།  ཏ་རད་ཏ་བཅ་སྤུངས་ཀྱི་སྨྲ།  རྒྱ་ནག་སྐད་དུ།  ཏད་ཀྱ་’མ’ ”ལ”ཝ་རྦིངས། རྒྱ་གར་སྐད་དུ།  ཨུད་པ་དེ་ཤ་ཀ་ལ་པྲ་མ་རྦོམ།  བོད་སྐད་དུ།  མན་ངག་ལུང་གི་ཚད་མ།  རྟོག་པའི་དྲྭ་བ་སེལ་མཛད་པ།  ཀུན་མཁྱེན་དེ་ལ་ཕྱག་འཚལ་ལོ། ཟབ་མོ་ཆ་ཤས་བརྟག་དཀའ་བ།  ཚད་མས་གཏན་ལ་དབབ་པར་བྱ། སྐྱེས་བུ་མི་བསླུ་མ་འཁྲུལ་པ།  མངོན་གསུམ་པ་དང་རྗེས་སུ་དཔག།  དེ་ཡི་མ་འཁྲུལ་མི་བསླུ་བྱེད། འདི་དང་བོན་སྐུ་གཉིས་མེད་དེ།  འདུག་པ་ཐ་དད་མེད་པའི་ཕྱིར་རོ།  གལ་ཏེ་ཐ་དད་ཡོད་པ་ན།  སྣང་བ་འདི་ནི་ལོགས་ཤིག་གམ།  དེ་ལྟར་ཡིན་ན་སྟོང་པ་ཡི།  བཙལ་ཡང་རྙེད་པར་མི་འགྱུར་རོ། གལ་ཏེ་དེ་རྙེད་ཁྱོད་ཟེར་ན། མངོན་སུམ་རྗེས་དཔག་གང་གིས་འགྲུབ།  སྟོང་པ་མངོན་སུམ་དེས་མི་འགྲུབ། གལ་ཏེ་གྲུབ་ན་ཅི་ལྟ་བུ།  རྗེས་སུ་དཔག་ན་རྟགས་ཅི་ཡོད།  དེས་ན་སྣང་བ་འདི་དང་ནི།  སྟོང་པ་བདག་ཉིད་གཅིག་པའོ།  དེས་ན་སྣང་སྟོང་འདུག་པ་གཅིག།  གཉིས་སུ་མེད་པར་བོན་སྐུ་ཟེར། དེས་ན་རྟགས་དེ་གྲུབ་པའོ།  སྣང་བ་སྟོང་པ་གཉིས་མེད་ངང།  རྟོག་པ་མཐུན་ནས་རྒྱུ་སྐྱེད་ཕྱིར་རོ།  དེའི་སྣང་བ་མ་འགག་བསྟན། ཀུན་ཏུ་བརྟག་ན་ཅི་གྲུབ་མེད། རྒྱུ་དང་རྐྱེན་གྱིས་མ་བསྐྱེད་ཕྱིར།  དེའི་སྟོང་པར་ཁེགས་པ་ཡིན།  སྣང་བ་ཡོད་ཚོད་ཙམ་དུ་ནི། རྒྱུ་དང་རྐྱེན་གྱིས་བསྐྱེད་པས་གྲུབ། ཞེན་པ་པོ་ཡི་བླུན་པོ་ཡི།  རྟོག་པ་མཐུན་པར་ཁྱེད་ཀྱང་འདོད།  སྣང་བ་བཅུད་དང་མུ་མཐའ་གྲུབ།  གཅིག་ཏུ་ཡོད་དམ་དུ་མར་ཡོད། གཅིག་ཏུ་ཡོད་པར་མི་སྲིད་དེ། དུ་མའང་ཡོད་པ་ག་ལ་བ། དེས་ན་རྟོགས་ཚད་དེས་འགྲུབ་བོ།

དེས་ན་དངོས་པོ་གཅིག་ལ་ཡང།  སྣང་སྟོང་གཉིས་ཀ་ཚང་བ་སྟེ། བདག་ཉིད་གཅིག་པར་མི་འདུག་གམ།  དེ་དང་དེ་ལ་འདུག་པ་ཡང།  ཐ་དད་ཅུང་ཟད་མེད་པའོ།  གཉིས་པ་ཐ་དད་ཁ་ན་ཡམ། ཡང་ན་དོན་དམ་གཉིས་པར་འདོད།  ཐ་དད་ཡིན་པར་ཁྱེད་མི་འདོད།  དོན་དམ་པ་ཡི་ངོ་བོ་ལ། གཅིག་པར་འདོད་ན་སྐྱོན་འདི་ཡོད། བསྟན་པ་དག་ལ་དོན་མེད་དང།  ལས་དང་ཐུགས་རྗེ་འབྲེལ་མེད་འོང།  ཡང་ན་ངལ་བ་ཚི་ཆད་དང།  འབད་པ་མེད་པར་གྲོལ་བའོ། དེ་ནས་ཐམས་ཅད་མ་ལུས་པ།  ཡེ་སངས་རྒྱས་པ་གཅིག་པུ་ཡིན།  ཤིན་ཏུ་མཁས་པའི་བློ་ངོས་ལ།  གཅིག་པར་མངོན་སུམ་དག་གིས་གྲུབ། ཁྱེད་ཀྱི་མངོན་སུམ་གཅིག་ལ་ཅི་ལྟ་བུ། རྟོག་པ་མེད་ཅིང་མ་འཁྲུལ་”བར།  དེ་ནི་ཁྱེད་ཀྱང་མི་འདོད་དམ།  དེས་ན”གཉིས་སུ་མེད་པ་ལ། གང་དུ་འཁྲུལ་ཅིང་གང་དུ་རྟོག གཉིས་སུ་ཡོད་ལ་མི་རྟོག་པ། ཁྱེད་ཀྱི་འདོད་པ་ཅིས་མ་ནོར། གནས་སྐབས་མངོན་སུམ་རང་རིག་ཡིན། རྣལ་འབྱོར་མངོན་སུམ་མཐར་ཐུག་གོ།  དེ་ལ་ཚད་མ་དམ་པ་ཟེར། ཚད་མའི་མཚན་ཉིད་བསྟན་པ་ན། མ་རྟོགས་དོན་གསལ་མཐར་ཐུག་གོ།  མ་རྟོགས་དོན་གསལ་ཙམ་གྱིས་ནི། སྐྱེས་བུ་མི་བསླུ་ག་ལ་འགྱུར།  མི་མཁས་པ་ཡི་བློ་ངོས་ལ། མ་རྟོགས་དོན་གསལ་ཅི་ལ་མེད། དེ་ཡིས་སྐྱེས་བུ་ཅིས་མ་བསླུས།  བསླུ་ཡང་ཚད་མ་ཡིན་པར་ནི།  ཁྱེད་ཀྱང་ཁ་ཡིས་ཅང་ལེན་ནམ། དེས་ན་མཐར་ཐུག་ཚད་མའོ།  སྣང་བ་འདི་ཉིད་སངས་རྒྱས་ན།  བདེན་པ་མཐོང་བ་ཐལ་བར་འགྱུར། འབད་པ་མེད་པར་གྲོལ་བར་འགྱུར།  བདེན་པ་མཐོང་བ་འདོད་ཐོག་ཡིན། འབད་མེད་གྲོལ་བ་རྟོག་ཡུལ་གཉིས། མི་མཁས་པ་ཡི་བློ་ངོས་ལ། མཐོང་ཡང་མ་གྲོལ་ཅི་ཞིག་སྟེ། དཔེར་ན་སྔ་ནས་མ་མཐོང་བའི། གང་ཟག་གཅིག་འདོད་འཕྲད་མཐོང་ཡང།  མ་བསྟན་ངོ་མ་ཤེས་དང་འདྲ། ཤིན་ཏུ་མཁས་པའི་བློ་ངོས་ལ། འབད་མེད་གྲོལ་བ་འདོད་ཐོག་ཡིན། སྣང་བ་འདི་ནི་འཁྲུལ་པ་ཞེས།  མ་འཁྲུལ་དོན་གཅིག་ལོགས་ཡོད་ན།  མངོན་སུམ་འཁྲུལ་པ་ཅན་དུ་ཐལ།  འཁྲུལ་པ་ཁྱད་པར་མེད་པའི་ཕྱིར།  ཡང་ན་རྣམ་པ་ཐམས་ཅད་དུ། དོན་དང་འཕྲད་པར་མེད་པར་ཐལ།  ལྗོན་ཤིང་འགྲོ་བ་གཟུང་དོན་གྱི། འགྲོ་དང་འཕྲད་མེད་འདུག་འཕྲད་མེད།  དེས་ན་བསྟན་དོན་འཕྲད་མེད་པས།  ཁྱེད་ཀྱི་མངོན་སུམ་འཁྲུལ་པར་མངོན།  ང་ཡི་སྣང་བ་ཡངས་པར་གྲོལ། སྣང་བ་ཉིད་ན་ཡེ་སངས་རྒྱས། ཡེ་སངས་རྒྱས་པའི་དོན་ལ།  གང་དུ་འཁྲུལ་ཅིང་གང་དུ་རྟོག དེ་ནི་གཅིག་པུ་ལྷུན་གྲུབ་ཡིན།  གཉིས་སུ་མེད་ལ་གཉིས་བརྟགས་པས། དེ་ནི་ངེས་པར་འཁྲུལ་པ་ཡིན། ཟླ་བ་གཉིས་སྣང་དེ་དང་འདྲ། དེས་ན་མི་འཁྲུལ་དོན་མ་རྙེད། ཟླ་བ་གཉིས་པོ་གང་མ་འཁྲུལ། དོན་དམ་ཀུན་རྫོབ་སངས་རྒྱས་དང། སེམས་ཅན་གང་འཁྲུལ་ཐེེ་ཚོམ་ཟ། དེས་ཀྱང་གཅིག་པུ་ཡེ་སངས་རྒྱས། བདེན་པ་རིག་པས་གྲུབ་པ་ཡིན། འབྲེལ་བ་གསུམ་ལ་གཏན་ཚིགས་གཅིག། རང་བཞིན་བདག་ཉིད་གཅིག་པ་དང། དེ་ལས་བྱུང་དང་རྒྱུ་རྐྱེན་རྒྱུ། དེ་ཅན་འབྲེལ་པ་རྣམ་གསུམ་ལས།  བདག་ཉིད་གཅིག་པའི་གཏན་ཚིགས་རུང། གཉིས་ནི་འབྲེལ་ཡང་རྟགས་མི་རུང།  འབྲས་བུ་རྟགས་རུང་གཅིག་པར་ཐལ། གལ་ཏེ་ངོ་བོ་གཅིག་པས་ན། རྒྱུ་འབྲས་དམ་བཅའ་ག་ན་ཡོད། ངོ་བོ་མི་གཅིག་རྟགས་རུང་ན། རྟ་ཡི་རྟགས་སུ་བ་གླང་ཐལ། དངོས་སུ་བདག་ཉིད་གཅིག་པ་ལ། བློ་དང་འབྲེལ་བར་བཞག་པ་ཡིན། དེས་ན་རྗེས་དཔག་བློ་དོན་ཡོད། དེ་ཡི་སྦྱོར་བ་འདི་དང་འདྲ། འདི་མི་རྟག་སྟེ་བྱས་པའི་ཕྱིར། བུམ་པ་བཞིན་ཏེ་འདི་ཡང་བྱས། དེས་ན་རང་བཞིན་གཏན་ཚིགས་ཡིན། བྱས་དང་མི་རྟག་བདག་ཉིད་གཅིག། འདུག་པ་ཐ་དད་མེད་ཕྱིར་རོ།

གཟུགས་དང་སྟོང་ཉིད་ཅི་བཞིན་ནོ། དེ་ནི་དཔེ་ཡི་ཚད་མའོ། འདི་ནི་རྐྱེན་ལས་བསྐྱེད་པའི་ཕྱིར། ངོ་བོ་གྲུབ་པ་མེད་པའོ། དཔེར་ན་ཆུ་ཡི་ལྦུ་བ་བཞིན།  ངོ་བོས་གྲུབ་མེད་རྐྱེན་ལས་བྱུང། བདག་ཉིད་གཅིག་སྟེ་གོང་མ་འདྲ།  གཅིག་པ་དེ་ལ་དེ་སྐད་བྱ།  མུ་ཡི་མཐའ་ནི་ཐམས་ཅད་ལ།  རང་བཞིན་ཀ་དག་གནས་པ་དེ། འདུག་པ་གཅིག་པས་ཐམས་ཅད་བདེ། དེས་ན་གཉིས་སུ་སྨྲ་བ་ཉམས། གཉིས་སུ་མེད་པའི་དོན་རྟོགས་ན། གང་དུ་རྟོག་ཅིང་གང་དུ་ལྟུང། གཉིས་སུ་མི་རྟོག་གཅིག་ཏུ་ཡང། ཡིད་ལ་བཞག་པར་བྱ་བ་མིན། མེད་པ་རྟག་ཏུ་མི་བཏུབ་ལ། ཡོད་པ་རྟོག་པ་ག་ལ་’ཆེ’ ”སྟེ།” གཉིས་མེད་ངང་ལ་ཡིད་མི་གཡོ། དེ་ནི་འབྲས་བུ་ལྷུན་གྱིས་གྲུབ། མན་ངག་ལུང་གི་ཚད་མ་ཞེས་བྱ་བ་རྫོགས་སོ།། །།

གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
བོན་ཆོས་དཔྱད་བསྡུར།
བོན་ཆོས་དཔྱད་བསྡུར།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
སྨན་རིའི་སྟེགས་འཇོག་ལོ་ཐོ།
སྨན་རིའི་སྟེགས་འཇོག་ལོ་ཐོ།
previous arrow
next arrow