གཡུང་དྲུང་བོན་གྱི་དྲྭ་རྒྱ།

སྨན་རིའི་གླིང་གི་སྐབས་བཅུ་བདུན་པའི་དགེ་བཤེས་བསྐལ་བཟང་ཁྲི་བཞེངས་ཉིན་གྱི་གནས་བསྡུས།

IMG_0432ཕྱི་ལོ་༢༠༡༤ཟླ་༣ཚེས་༡༧ཉིན་ཏེ་བོད་ཟླ་དང་པོའི་ཚེས་བཅུ་དྲུག་ཉིན་ཞོགས་ཚོགས་གྲོལ་རྗེས་ཕྱག་ཚོད་བཅུ་པའི་ཐོག  ༧སྐྱབས་རྗེ་སྨན་རིའི་མཁན་སློབ་རྣམ་པ་གདན་ཞུ་མཛད་དེ་དམིགས་བསལ་སྐུ་མགྲོན་ཆེ་ཁག་དང་བོན་གཞིས་རྒན་གཞོན་མང་ཚོགས་ཀྱིས་བོན་དར་དང་ཚན་པ་གང་འབྱོར་རེ་བསྣམས་ཏེ། འཆམ་རའི་ནང་ཕྲེང་བསྒྲིགས་ཡོད་པ་དང་།  དེ་རྗེས་སྤོས་གླིང་གིས་སྣ་དྲངས་ཏེ་བཤད་སྒྲུབ་མཁན་སློབ་རྣམ་གཉིས་དང༌། བཀའ་རམ་པ་དང་མཆོད་སྟེགས་པ་གཉིས་རེ་སྤེལ་ཏེ་གོ་རིམ་བཞིན་འདུལ་ཁང་དུ་ཕེབས་གནང་མཛད།
སྔར་མུས་ལྟར་འདུས་མང་གིས་བྱམས་མའི་སྔགས་བསྟོད་གསུངས་ཤིང་ཇ་མཆོད་ཟླ་བྲལ་ཨ་དཀར་གྱེར་ཏེ་བཀྲ་ཇ་མཆོད། བླ་གྲྭ་དགེ་བའི་བཤེས་གཉེན་དང་ལོ་རིམ་གོང་འོག་གི་བཤད་སྒྲུབ་སློབ་གཉེར་བ་རྣམས་ནས་བཀྲ་ཤིས་པའི་རྟགས་བསལ་རྩོད་གནང་མཛད།
ཕྱི་དྲོའི་ཕྱག་ཚོད་དང་པོའི་ཐོག་༧སྐྱབས་རྗེ་མཁན་སློབ་བླ་གྲྭ་ལྷན་རྒྱས་འདུལ་ཁང་དུ་ཕེབས་མཛད་དེ་བཀའ་རམས་པ་རྣམས་ཚོགས་གྲལ་དུ་འཁོད་མཚམས་འདུས་མང་ནས་བྱམས་མ་དང་ཇ་མཆོད་སྐྱབས་མཆོག་དམ་པ་གྱེར་དབྱངས་གནང་།  ཚོགས་ཆེན་དགེ་སྐོས་ནས་ཆབ་དྲངས་ཏེ་བཀའ་རམས་པ་རྣམས་ཚོགས་གྲལ་ལས་བཞེངས་ཏེ་གུས་ཕྱག་ཕུལ།
དེ་ནས་རྟེན་གཙོ་དང་མཁན་སློབ་རྣམ་པ་མཇལ་ཁ་གྲུབ་རྗེས་ཚོགས་གྲལ་དབུས་ནས་རྒན་རིམ་བཞིན་ཕྲེང་བསྒྲིགས་ཤིང་༧སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་ནས་མཚན་བཏགས་ཀྱི་ཚིག་བཤད་རབ་དཀར་པད་མོའི་ཕྲེང་མཛེས་རྒྱས་པར་གསུངས། དེ་རྗེས་དགེ་འདུན་འདུས་པ་རྒྱ་མཚོ་ནས་མདོ་ཡན་ལག་བརྒྱད་པ་ལས་ཟུར་དུ་ཕྱུང་བའི་བསྔོ་བའི་ཚིག་བཤད་བདེར་གཤེགས་སྤྱན་དྲངས་བརྗོད།
དེ་ནས་༧ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་རྒྱལ་བ་སྨན་རི་བ་མཆོག་ནས་བསྔོ་བ་བདེ་ལེགས་མ་གསུང་རིང་བཀའ་རམས་པ་རྣམས་གྲལ་མཇུག་ཏུ་ཕེབས་ནས་གུས་ཕྱག་འབུལ་ཞུས་མཛད།
དེ་རྗེས་འདུས་མང་ཡོངས་ནས་སྔ་རབས་འདས་པ་སོགས་དམིགས་མེད་བསྔོ་བའི་རྒྱས་འདེབས་ལེགས་པར་མཛད། བཀའ་རམས་པ་རྣམས་ནས་མཆོད་ཚིག་སྨོན་པ་ཡོངས་གྲུབ་གསུངས་ཏེ་མཆོད་འབྲུ་གཏོར། དེ་རྗེས་ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་རྒྱལ་བ་སྨན་རི་བ་མཆོག་ནས་དགེ་བའི་བཤེས་གཉེན་གྱི་ཕྱག་འཁྱེར་གནང་བ་གོ་རིམ་བཞིན་བཞེས་གྲུབ་རྗེས། དགེ་བའི་བཤེས་གཉེན་རྣམས་ཀྱིས་མཚན་ཉིད་ཚིག་བཀྲའི་རིམ་པ་རབ་དཀར་པད་མོའི་ཕྲེང་བ་སྐད་གསང་མཐོན་པོས་སྒྲ་དག་ཚིག་གསལ་གྱི་ངང་ནས་གསུངས་ཤིང་གུས་ཕྱག་དང་བཅས་རང་གནས་སུ་བཞུགས། བསླབ་གསུམ་འདུས་པ་རྒྱ་མཚོ་ཡོངས་ནས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་སྙིང་པོ་ཐེག་པ་ཆེན་པོ་ཡུམ་གྱི་མདོ་གསུངས་ལ་ཁྲུས་ཆུ་ལ་བསྔགས་ཏེ་ཚོགས་གྲོལ་མཚམས། འདུལ་ཁང་གི་སྒོ་འཁྱམས་སུ་གཤེན་གྱི་དགེ་སྤྱོད་རྣམ་པར་དག་པའི་མདོ་ལྟར་བསྐོར་བའི་ཡན་ལག་རྒྱས་པར་གསུངས། ཚོགས་ཆེན་དབུ་མཛད་ནས་འཁོར་བའི་སེམས་ཅན་སོགས་ཀྱི་དབུ་འདྲེན་གནང་སྟེ་ངན་སོང་དོང་སྤྲུགས་ཀྱི་སྙིང་པོ་གྱེར་བཞིན། ༧སྐྱབས་རྗེ་མཁན་སློབ་རྣམ་གཉིས་ཀྱིས་དབུས་པའི་བླ་སྤྲུལ་དགེ་བའི་བཤེས་གཉེན་གྱི་སྡེ་དང༌། དགེ་བཤེས་གསར་པ་རྣམས་ཀྱིས་ཕྱག་ཏུ་མདའ་དར་བསྣམས་ཤིང་འདུལ་ཁང་ལ་གཡས་བསྐོར་གྱི་ཚུལ་དུ་ཕེབས་རྗེས། ངན་སོང་དོང་སྤྲུག་གི་ཚིག་བཤད་གསུངས། ཐམས་ཅད་འཆམ་རར་ཕེབས་ཏེ་༧སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་ནས་སེར་སྐྱ་མི་མང་ཡོངས་ལ་རྣམ་འཇོམས་བྱབ་ཁྲུས་གནང་གྲུབ་པའི་རྗེས་འདུལ་ཆོག་ལྟར་ཉུ་ལེ་བཀར་བདུད་ཟློག་དང་ཞི་གྱུར་གསུངས།
དེ་ནས་སྒོ་འཁྱམ་དུ་འདུལ་ཆོག་སྨོན་ལམ་གསུངས་ཤིང་དེ་ནས་ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་རྒྱལ་བ་སྨན་རི་བ་མཆོག་གིས་བཀའ་རབ་འབྱམས་པ་དགེ་བའི་བཤེས་གཉེན་ཆེན་པོ་སྐལ་པ་བཟང་ཞེས་གསུངས་པ་དང་ཆབས་ཅིག དགེ་འདུན་འདུ་ཚོགས་ཡོངས་ནས་སྐལ་པ་བཟང་ཞེས་ལན་གསུམ་རྗེས་ཟློས་བྱ་དགོས། དེ་རྗེས་༧སྐྱབས་རྗེ་མཁན་སློབ་རྣམ་པ་དང་བཤད་སྒྲུབ་མཁན་སློབ་རྣམ་པ་རིམ་བཞིན་སྤོས་གླིང་གིས་སྣ་དྲངས་ཏེ་གཟིམ་ཤག་ཏུ་གདན་འདྲེན་ཞུས་ཡོད་པ་དང་།
དེ་མཚམས་དགེ་བཤེས་གསར་པ་རྣམས་ཀྱང་སྤོས་གླིང་གིས་མདུན་ནས་བསུས་ཏེ་ཞྭ་དཀར་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་ཚོགས་ཁང་དུ་མངའ་གསོལ་ཁྲི་བཞེངས་དང་འབྲེལ། སེར་སྐྱ་མི་མང་ཡོངས་ནས་བཀྲ་ཤིས་ལྷ་དར་དཀར་པོས་མདུན་ནས་བཏེགས་ཏེ་ཁྲི་འབུལ་དང༌། བཀའ་རབ་འབྱམས་པ་དགེ་བའི་བཤེས་གཉེན་ཆེན་པོ་བསྐལ་པ་བཟང་ཞེས་པའི་སྒྲ་དབྱངས་དང་བཅས་མཇལ་བཅར་དང༌། གསོལ་ཇ་འཁུར་ཟས་སོགས་ལ་རོལ་ཞིང་དགའ་སྟོན་རྟེན་འབྲེལ་གྱི་མཇུག་རྒྱལ་ཁའི་ངང་གྲུབ་ཡོད་པ་བཅས་ཀྱི་གནས་བསྡུས་ཙམ་མོ།