གཡུང་དྲུང་བོན་གྱི་དྲྭ་རྒྱ།

གཡུང་དྲུང་བོན་གྱི་སྐོར་བགྲོ་གླེང་ཐེངས་བཅུ་གསུམ་པའི་གསལ་བསྒྲགས།

img061དེ་ཡང་ས་གསུམ་འགྲོ་བའི་འདྲེན་པ་ཆེན་མོ་༧ རྣམ་འདྲེན་མཉམ་མེད་བླ་མའི་རྒྱལ་ཚབ། རང་ཅག་བོན་འབངས་ཡོངས་ཀྱི་ལྷ་སྐལ་༧སྐྱབས་རྗེ༧རྒྱལ་བ་སྨན་རིའི་ཁྲི་རབས་སོ་གསུམ་པ་༧ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་མཆོག་གི་དགོངས་པ་གཞིར། ༧དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱི་སྟངས་འཛིན་འོག ཕྱི་ལོ་༢༠༠༠ལོ་ནས་དབུ་འཛུགས་གནང་སྟེ། ཝར་ཎ་གཡུང་དྲུང་བོན་གྱི་དགེ་སློབ་ཁང་གི་མཐོ་རིམ་སློབ་ཕྲུག་ཁག་དང་། བོན་གཞིས་ཉིན་སློབ་ཀྱི་མཐོ་འབྲིང་སློབ་ཕྲུག དེ་བཞིན་ཕྱོགས་མཐའ་ཁག་ནས་ཆེད་དུ་ཕེབས་པའི་བོན་སྐོར་ལ་དོ་སྣང་དང་ཐུགས་སྣང་ཟབ་པའི་གཞོན་སྐྱེས་སློབ་ཕྲུག་ཁག་གི་དབྱར་ཁའི་གུང་གསེང་དང་སྟབས་བསྟུན་ཏེ་ཆེད་དུ་ “གཡུང་དྲུང་བོན་གྱི་སྐོར་བགྲོ་གླེང་” གོ་སྒྲིག་ཞུ་བཞིན་ཡོད་པ་ལགས་ན། ད་ལོར་ཡང་སློབ་ཕྲུག་ཁག་གི་དབྱར་ཁའི་གུང་གསེང་དང་བསྟུན་ཏེ།
ཕྱི་ལོ་༢༠༡༤ཟླ་༦ཚེས་༣ནས་༩བར་ཏེ་ཉིན་གྲངས་བདུན་གྱི་རིང་ལ་“གཡུང་དྲུང་བོན་གྱི་སྐོར་བགྲོ་གླེང་སྐབས་བཅུ་གསུམ་པ་”༧གཡུང་དྲུང་བོན་གྱི་གདན་ས་དཔལ་གཤེན་བསྟན་སྨན་རིའི་དཔེ་མཛོད་ཁང་དུ་ཚོགས་རྒྱུར་གཏན་ཁེལ་ཟིན་པས། དེ་བཞིན་ཕྱོགས་མཐའ་ན་བཞུགས་པའི་མཐོ་རིམ་འབྲིང་གི་སློབ་ཕྲུག་གཞོན་སྐྱེས་རྣམས་དུས་ལྟར་དུ་ངེས་ཡོང་བའི་རེ་སྐུལ་དུ།

སྐབས་བཅུ་གསུམ་པའི་གོ་སྒྲིག་ཚོགས་ཆུང་ནས།
ཕྱི་ལོ་༢༠༡༤ཟླ་༤ཚེས་༢༧ཉིན།