གཡུང་དྲུང་བོན་གྱི་དྲྭ་རྒྱ།

ཡིད་སྐྱོ་བའི་གནས་ཚུལ།

gesheཕྱི་ལོ་ ༢༠༡༤  ལོའི་ཕྱི་ཟླ་ ༧ པའི་ཚེས་ ༦ ཉིན་༧སྨན་རིའི་དགེ་བཤེས་གཡུང་དྲུང་འགྱུར་མེད་ལགས་ཧོར་སྦྲ་ཆེན་དུ་གློ་བུར་སྐུ་གཤེགས་པའི་གནས་ཚུལ།

༧སྨན་རིའི་དགེ་བཤེས་གཡུང་དྲུང་འགྱུར་མེད་ལགས་ནི་ཕྱི་ལོ་ ༡༩༦༤ ལོའི་ཟླ་ ༡༢ ཚེས་ ༡༥ ཉིན་སྡེ་དགེ་ལྷོ་ཁོག་ཏུ་བླ་ཁྲི་ཡབ་ཨ་མྱེ་ཁྱི་ལོད་ཚེ་རིང་དང་ཡུམ་འབྲོང་བཟའ་སྐལ་ལྷ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས།

༡༩༨༤ ལོར་དཔལ་ཤར་རྫའི་གདན་སར་ཕེབས་ནས་གྲུབ་ཆེན་ཉི་མ་ཚུལ་ཁྲིམས་རིན་པོ་ཆེ་དང་།   རྒྱལ་ཚབ་མཐུ་སྟོབས་རྣམ་རྒྱལ་རིན་པོ་ཆེ་རྣམ་གཉིས་གཙོས་བཤེས་གཉེན་མང་པོའི་མདུན་ནས་སྔོན་འགྲོ་འབུམ་དགུ་བསགས་སྦྱོང་དང་།   མཛོད་ཆེན་ལྔ་ཡི་ལྗགས་ལུང་དང་།  ཡི་དམ་གསས་མཁར་མཆོག་ལྔའི་གཙོས་པའི་ཡི་དམ་ཕྱི་ནང་གསང་གསུམ་གྱི་དབང་ལུང་ཁྲིད་སོགས་ཞུས།

ཕྱི་ལོ ༡༩༨༧ ལོར་རྒྱ་གར་འཕགས་ཡུལ་དུ་ཕེབས་ཏེ་ཞྭ་དཀར་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་༧དཔལ་གཤེན་བསྟན་སྨན་རིའི་གླིང་དུ་ཕེབས་ནས་༧སྐྱབས་རྗེ་༧རྒྱལ་བ་སྨན་རིའི་མཁན་སློབ་རྣམ་པའི་གསེར་ཞལ་མཇལ་བའི་བསྐལ་བ་ཐོབ།

ཕྱི་ལོ་ ༡༩༨༨ ཟླ་ ༢ ཚེས་ ༡ ཉིན་༧མཁན་སློབ་རྣམ་པའི་སྐུ་ཡི་གྲིབ་བསིལ་འོག  གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་སྒྲིག་ལ་ཞུགས་ཏེ།   མདོ་སྔགས་སེམས་གསུམ་གྱི་གཞུང་ཆེན་རྣམས་ལ་སྦྱོང་པ་ཕུལ་དུ་ཕྱིན་པར་མཛད།

ཕྱི་ལོ་ ༢༠༠༠ ལོའི་ཕྱི་ཟླ་ ༢་ཚེས་ ༢༠ ཉིན་བོན་གྱི་གྲྭ་ས་ཆེན་མོ་༧དཔལ་གཤེན་བསྟན་སྨན་རིའི་གླིང་གི་འདུས་པ་རྒྱ་མཚོའི་དབུས་སུ་དགེ་བའི་བཤེས་གཉེན་གྱི་མཚན་རྟགས་བཞེས་པས་ཀུན་གྱིས་བསྔགས་བརྗོད་ཀྱི་མེ་ཏོག་གཏོར། ༧གདན་ས་ཆེན་མོ་དེར་བཞུགས་སྐབས་ཚོགས་ཆེན་དགེ་སྐོས་ཆེན་མོའི་ཐུགས་འགན་ཡང་བཞེས།

ཕྱི་ལོ་ ༢༠༠༤ ལོར་སྡེ་དགེ་ལྷོ་ཁོག་གི་དགོན་ཁག་བཞི་པོ་མཉམ་དུ་སྒྲུབ་གྲྭ་བཙུགས་སྐབས་དེར་ཞབས་ཞུ་བླ་མེད་ཞུས།  ༢༠༠༥ ནས་སྡེ་དགེ་སྟག་ཞིག་དགོན་དུ་སྒྲུབ་གྲྭར་ལོ་གཉིས་རིང་ཁྲིད་ལུང་གནང་ནས་བཞུགས།   དེ་ནས་བླ་ཁྲི་རྒྱལ་བ་གཡུང་དྲུང་རིན་པོ་ཆེའི་བཀའ་སློབ་ལམ་སྟོན་འོག་བླ་ཁྲི་དགོན་པའི་ཕྱི་ནང་གི་ལས་དོན་མང་པོ་ཕྲག་ཏུ་བླངས་ཏེ་ཞབས་ཕྱི་བསྒྲུབ་བཞིན་པ་དང་།  བསྟན་དགོན་གྱི་དོན་དུ་ཧོར་སྦྲ་ཆེན་བོན་ཐ་ལ་ཕེབས་ན་གོང་ཚེས་ཉིན་གྱི་ཞོགས་པར་དབུ་ཅུང་ཙམ་སྙུང་བའི་ཚུལ་མཛད་དེ་གློ་བུར་དུ་སྐུ་ཡི་བཀོད་པ་བོན་དབྱིངས་སུ་བསྡུས།

གནས་ཚུལ་བྱུང་རྗེས་བླ་ཁྲི་སྡེ་དགོན་གཉིས་ཀྱི་རྣ་ལམ་དུ་ཐོས་པ་དང་། བླ་ཁྲི་རྒྱལ་བ་གཡུང་དྲུང་རིན་པོ་ཆེ་དང་། བླ་ཁྲིའི་སྤྲུལ་སྐུ་སྨོན་ལམ་དབང་རྒྱལ།  སྨན་སྤྲུལ་བློ་གྲོས་ཉི་མ།   སྤང་དགོན་མཁན་པོ་ཟླ་བ་དར་རྒྱས་དང་།  སྐུ་མཆེད་པད་མ་ནོར་བུ་རྣམས་གཙོས་བྱས་པའི་བླ་ཁྲི་དགོན་པའི་བླ་གྲྭ་དང་ལྷ་སྡེ་མང་པོ་སྦྲ་ཆེན་ལ་ཕེབས་ནས།  སྐུ་གདུང་བླ་ཁྲི་དགོན་དུ་གདན་འདྲེན་ཞུ་རྒྱུ་དང་།  མགོན་པོ་གང་གི་དགོངས་རྫོགས་ལ་གྲ་བསྒྲིག་ཞུ་བཞིན་ཡོད་པ་བཅས་ཀྱི་གནས་བསྡུས་ཙམ་འདི་ཞིང་གཤེགས་དགེ་བཤེས་གང་གི་འཛིན་གྲོགས་སྨན་རིའི་བཤད་སྒྲུབ་མཁན་ཟུར་རྫི་བོ་དགེ་བཤེས་བསྟན་འཛིན་ཕུན་ཚོགས་ལགས་ནས་གློ་བུར་བའི་གནས་ཚུལ་འདི་བཞིན་སྐད་འཕྲིན་ཁག་ཏུ་སྤེལ་བ་ལས་བཏུས་སྒྲིག་ཞུས་ཏེ་བཀོད་པ་དགེ་གྱུར་ཅིག
གཡུང་དྲུང་བོན་གྱི་དྲྭ་ཚིགས་རྒྱུན་ལས་ཁང་ནས། ༢༠༡༤།༧།༦