གཡུང་དྲུང་བོན་གྱི་དྲྭ་རྒྱ།

རྒྱལ་སྤྱིའི་ཞང་ཞུང་རིག་གནས་དཔྱད་གླེང་ཚོགས་འདུ་ཐེངས་དང་པོ་པེ་ཅིང་དུ་དབུ་འཛུགས་གནང་།

 IMG_5097ཕྱི་ལོ་༢༠༡༥ཟླ་བ་༠༩ཚེས་༡༨ནས་ཕྱི་ལོ་༢༠༡༥ཟླ་བ་༠༩ཚེས་༢༡བར་ཉིན་བཞིའི་རིང་རྒྱལ་སྤྱིའི་ཞང་ཞུང་རིག་གནས་དཔྱད་གླེང་ཚོགས་འདུ་ཐེངས་དང་པོ་དེ་པེ་ཅིང་གི་བོད་ལྗོངས་གསོལ་མགྲོན་ཁང་ཆེན་མོ་ལ་ཚོགས་གནང་འདུག དེ་ཡང་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པ་ཞིབ་འཇུག་གླིང་ནས་གསལ་བསྒྲགས་དང་ཤེས་རྟོགས་བྱུང་བ་ལྟར་ན། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ་དང་བོད་རང་སྐྱོང་ལྗོངས་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གཉིས་ཀྱིས་མཉམ་འབྲེལ་ཐོག་གཙོ་གཉེར་གནང་ཞིང་། སི་ཁྲོན་སློབ་ཆེན་དང་པེ་ཅིང་ཞང་ཞུང་རིག་གནས་གོང་སྤེལ་ཚད་ཡོད་ཀུང་སིས་རོགས་གཉེར་བྱས་པའི་རྒྱལ་སྤྱིའི་ཞང་ཞུང་རིག་གནས་དཔྱད་གླེང་ཚོགས་འདུ་སྐབས་དང་པོ་དེ་པེ་ཅིང་དུ་ཚོགས་ཡོད།

ཚོགས་ཐོག་ཏུ་བོད་སྟོད་སྨད་བར་གསུམ་གྱི་འབྲེལ་ཡོད་ཞིབ་འཇུག་པ་ཁག་གཅིག་ཞུགས་རྒྱུ་ཡིན་པ་མ་ཟད། ད་དུང་ནུབ་ཕྱོགས་ཨ་རི། ཡུ་རོབ་ཧྥ་རན་སི་དང་། དབྱི་ཐ་ལི། ཁ་ན་ཏ། ཧོ་ལན། ཤར་ཕྱོགས་ཉི་ཧོང་རྒྱལ་ཁབ་སོགས་ཕྱིའི་རྒྱལ་ཁབ་བཅུ་ཙམ་ནས་འབྲེལ་ཡོད་མཁས་དབང་གྲགས་སྙན་ཅན་མང་པོ་ཕེབས་ཡོད་འདུག (མཁས་དབང་བསམ་གཏན་རྒྱལ་མཚན་སོགས།)

དཔྱད་གླེང་ཚོགས་འདུའི་ཐོག་གནའ་བོའི་ཞང་ཞུང་དང་འབྲེལ་བའི་ལོ་རྒྱུས་དང་ས་རྒྱུས། བོན་འབྱུང་ཞིབ་དཔྱོད། གནའ་རྫས་རྟོག་ཞིབ་དང་རི་མོའི་སྒྱུ་རྩལ། བརྡ་རྙིང་སྐད་ཡིག་དང་གནའ་བོའི་རིག་གནས། རང་བྱུང་ཚན་རིག་དང་ཞང་ཞུང་སྒོ་ཕུག་བར་གསུམ་དང་ཨེ་ཤ་ཡའི་རིག་གནས་སོགས་ཀྱི་སྐོར་ལ་དཔྱད་གླེང་ཟབ་རྒྱས་གནང་རྒྱུ་ཡིན་པ་དང་། ད་དུང་ཐོག་མར་ཕྱི་ཚེས་༡༡ཉིན་ཞང་ཞུང་སྐོར་གྱི་རིག་དངོས་རྩ་ཆེན་ཁག་གཅིག་འགྲེམ་སྟོན་ཡང་གནང་།

སྤྱི་ཁྱབ་ཚོགས་གཙོ་མཁས་དབང་ཆེན་མོ་མཁར་རྨེའུ་བསམ་གཏན་རྒྱལ་མཚན་(Prof. Samten G. Karmay)ལགས་དང་། གོ་སྒྲིག་ཚོགས་གཙོ་མཁས་དབང་སྟོང་སྐོར་ཚེ་རིང་ཐར་(Prof. Tsering Thar)ལགས་ཀྱིས་གནང་བཞིན་ཡོད་པ་བཅས་ཀྱི་གནས་ཚུལ་རགས་བསྡུས་ཙམ་མོ།།

གནས་ཚུལ་འདི་བཞིན་འབྲེལ་ཡོད་ལས་སྣེ་ནས་མཐུན་འགྱུར་གནང་།