གཡུང་དྲུང་བོན་གྱི་དྲྭ་རྒྱ།

སྐབས་གཉིས་པའི་ཞང་ཞུང་རིག་གནས་རིག་གཞུང་ཚོགས་འདུ་ལྷ་སར་འཚོགས་པ།

imageཟླ་12ཚེས་20ཉིན་གྱི་སྔ་དྲོ་ནས་བོད་ལྗོངས་ཞང་ཞུང་རིག་གནས་ཞིབ་གྲོས་ཚོགས་འདུ་སྐབས་གཉིས་པ་ལྷ་ས་གྲོང་ཁྱེར་དུ་འཚོག་འགོ་བརྩམས་ཤིང་། ཀྲུང་དབྱང་མི་རིགས་སློབ་ཆེན་དང་། ལྷོ་ནུབ་མི་རིགས་སློབ་ཆེན། ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་། བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་སོགས་ཀྱི་འབྲེལ་ཡོད་ཆེད་ལས་མཁས་པ་ཚོ་མཉམ་གཅིག་ཏུ་འཛོམས་ཏེ་ཞང་ཞུང་རིག་གནས་སྐོར་གྲོས་བསྡུར་གནང་བ་རེད།
ལྷ་སའི་གྲོང་ཨུ་ཧྲུའུ་ཅི་ཆེ་དགྲ་ལྷ་ཡིས་“གནས་རྫས་དཔྱད་ཞིབ་ཀྱི་དཔྱད་གཞིའི་ཡིག་རིགས་དང་ཚད་ལྡན་ཡིག་ཆའི་དཔྱད་གཞིའི་ཡིག་རིགས་དཀོན་པའི་དབང་གིས། ད་ལྟའི་བར་ལོ་3500ནས་ལོ་3700ཡོད་པའི་ཆོས་གོང་གནའ་ཤུལ་ནས་བོད་བཙན་པོའི་རྒྱལ་རབས་བར་སྐབས་ཀྱི་ལོ་རྒྱུས་ནི་དུས་ཡུན་རིང་པོ་སྟོང་པར་ལུས་བསྡད་ཡོད།” ཞང་ཞུང་གི་ལོ་རྒྱུས་རིག་གནས་ལ་ཞིབ་འཇུག་གཏིང་ཟབ་པོ་བྱེད་པར་བརྟེན་ནས་ལྷ་ས་ཡི་དུས་ཡུན་རིང་པོ་ལོ་ངོ་2000ལྷག་རིང་གི་ལོ་རྒྱུས་སྟོང་པ་ཁ་སྐོང་བྱེད་པར་ཕན་པ་མ་ཟད། ལྷ་སའི་ལོ་རྒྱུས་རྒྱུན་མཐུད་ནར་འགྱངས་གཏོང་བ་དང་། བོད་ཀྱི་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་དང་རྒྱུད་འཛིན་བྱེད་པར་ལོ་རྒྱུས་དང་དོན་དངོས་ཀྱི་དོན་སྙིང་གལ་ཆེན་པོ་ལྡན་པ་རེད་ཅེས་གསུངས་པ་རེད།
ཆེ་དགྲ་ལྷ་ཡིས་ཚོགས་འདུར་ཞུགས་པའི་ཆེད་ལས་མཁས་པ་དང་ཤེས་ལྡན་མི་སྣ་ཚོས་ཐབས་འདོན་ཇུས་འབུལ་ཧུར་ཐག་དང་། རིག་གཞུང་དར་རྒྱས་སུ་འགྲོ་བར་མཉམ་དུ་སྐུལ་སྤེལ། རིག་གཞུང་གྲུབ་འབྲས་ལོངས་སུ་མཉམ་སྤྱོད་བཅས་བྱས་ཏེ་བོད་ཀྱི་ཞང་ཞུང་རིག་གནས་ཞིབ་འཇུག་ལས་དོན་མཐོ་ཚད་གསར་པ་ཞིག་སྐུལ་སྤེལ་གཏོང་དགོས་པའི་རེ་བ་བཏོན་གནང་བ་རེད།

མི་དམངས་དྲ་བ་ལས་དྲངས།