གཡུང་དྲུང་བོན་གྱི་དྲྭ་རྒྱ།

དགུང་ཞག་ཉིན་མཐའ་མའི་མཛད་རིམ་གསལ་བསྒྲགས།

༧སྐྱབས་རྗེ་དམ་པ་༧རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་མཚན་བརྗོད་པར་དཀའ་བ་དོན་གྱི་སླད་དུ་མཚན་ནས་སྨྲོས་ན་ལུང་རྟོགས་བསྟན་པའི་ཉི་མ་དཔལ་བཟང་པོ་མཆོག་གི་དགོངས་རྫོགས་དགུང་ཞག་ཞེ་དགུའི་ཉིན་མཐའ་མའི་མཛད་རིམ་གཤམ་གསལ།

༡༽ཕྱི་ལོ་༢༠༡༧།༡༡།༥།རེས་གཟའ་ཉི་མའི་སྔ་དྲོར་འཆར་ཅན་ལྟར་ཚོགས་ནས་དགེ་འདུན་འདུས་མང་གིས་མཉམ་མེད་བླ་སྒྲུབ་ཀྱི་ཚོགས་འཁོར་རྒྱས་པར་གསུང་རྒྱུ།
༢༽སྔ་དྲོའི་ཆུ་ཚོད་དགུ་པའི་ཐོག་༧ སྐྱབས་རྗེ་དམ་པ་ཁྲི་འཛིན་སོ་གསུམ་པ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་གདན་འདྲེན་གྱིས་གྲྭ་མང་རྣམས་སེར་འཕྲེང་རྒྱས་པར་ཕེབས་ནས་དགོན་པའི་འཆམ་རའི་ནང་དུ་ཕེབས་གྲུབ་པ་དང་་།

༣༽འཆམ་རའི་བཞུགས་གྲལ་དུ་འཁོད་དེ་ཞི་བ་ཨ་གསལ་མཚམས་བཅད་གསུངས་ཤིང་དེ་ནས་འདུས་མང་རྣམས་ཡར་བཞེངས་ཏེ་ཕྱག་འཚལ་བཞིན་སྐྱབས་འགྲོ་དང་སེམས་བསྐྱེད་བཤགས་པའི་ཚིག་བཤད་གསུང་རྒྱུ། དེ་ནས་གདན་ལ་མར་བཞུགས་ཏེ་འདུས་མང་ནས་ཞི་བ་ཨ་གསལ་གསོལ་འདེབས་དལ་འདོན་གྱིས་༧སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེ་ནས་གཡས་རུའི་སྟོན་པ་དང་སྨན་རིའི་མཁན་རབས་རིམ་བྱོན་བཞིན་ཁྲི་འཛིན་སོ་གཉིས་པའི་བར་སོ་སོའི་སྐུའི་ཙ་ཀ་ལིའི་དབང་བསྐུར་ཏེ་ཁྲི་འཛིན་སོ་གསུམ་མཆོག་གི་སྐུ་པར་དང་བརྒྱུད་རིམ་གསོལ་འདེབས་བླ་བརྒྱུད་ཁོངས་སུ་བཅུག་པ་དང་། སྨན་རིའི་མཁན་རབས་བླ་བརྒྱུད་ཆ་ཚང་ཡོད་པའི་ཞི་བ་ཨ་གསལ་གྱི་གཞུང་འགྲེམས་སྤེལ་ཞུ་རྒྱུ།

༤༽ཆུ་ཚོད་བཅུ་གཉིས་དང་ཕྱེད་ནས་འགོ་བཙུགས་ཏེ་ཆུ་ཚོད་བཞི་དང་ཕྱེད་བར་རང་ཅག་དད་ལྡན་སྐྱ་སེར་མི་མང་དང་ཁྱིམ་མཚེས་རྒྱ་གར་ཡུལ་མི་རྣམས་ལ་ཞལ་ལག་རྒྱས་འབུལ་ཞུ་རྒྱུ།

༥༽ཕྱི་དྲོ་ཆུ་ཚོད་དྲུག་པ་ནས་དད་ལྡན་མང་ཚོགས་རྣམས་༧སྐྱབས་རྗེ་དམ་པ་མཆོག་གི་གསོལ་འདེབས་དབྱངས་སུ་གྱེར་ནས་འདུལ་ཁང་ལ་ཞབས་སྐོར་ཕེབས་པ་དང་མར་མེའི་མཆོད་པ་འབུལ་རྒྱུ། དུང་ཆེན་དང་རྒྱ་གླིང་གི་གཟིམ་བརྡ་ཕུལ་བ་སོགས་གྲུབ་མཚམས་བླ་མ་མཆོད་པ་གསུང་རྒྱུ།

༦༽དེ་རྗེས་མཆོད་མེ་ཕྱག་ཏུ་བསྣམས་ནས་འདུལ་ཁང་དང་སྐུ་གདུང་ཁག་རྣམས་ལ་བསྐོར་བ་བ་ཕེབས་ཏེ་འཆམ་རའི་ནང་དུ་ཕེབས་སྒྲུབ་པ་དང་། འདུལ་ཁང་སྒོ་མཆོར་དུ་སྐུ་པར་མཐོང་གྲོལ་རིན་པོ་ཆེ་འཇལ་ཁ་ཞུ་རྒྱུ།

༧༽དེ་ནས་འཆར་ཅན་གྱི་མཉམ་མེད་དུས་ཆེན་བཞིན་འདུལ་ཁང་དང་སྒྲུབ་ཁང་བླ་བྲང་ཁག་གསུམ་དུ་རིམ་བཞིན་གཤེན་རབ་མཆོད་རྔ་འབུལ་རྒྱུ།

༨༽དེ་རྗེས་སེར་སྐྱ་མི་མང་རྣམས་ལ་ཞལ་ལག་སྟབས་བདེ་ཞིག་གོ་སྒྲིག་ཞུ་རྒྱུ།

༩༽ཞལ་ལག་གྲུབ་མཚམས་འཆམ་རའི་ནང་དུ་ཚང་འཛོམས་ཀྱིས་ཚེ་དབང་སྨོན་ལམ་དང་བདེན་ཚིག་སྨོན་ལམ་བསྟན་རྒྱས་སྨོན་ལམ་སོགས་གསུངས་རྒྱུ།

༡༠༽དེ་རྗེས་སྐྱབས་རྗེ་དམ་པའི་གཟིམ་ཁང་མཇལ་ཁ་དང་དད་རྟེན་གདུང་ཐལ་རེ་གནང་ནས་མཛད་རིམ་མཇུག་བསྡུ་རྒྱུ་ཡིན།

༧དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ནས།
ཕྱི་ལོ་༢༠༡༧།༡༠།༢༣་ཉིན།