གཡུང་དྲུང་བོན་གྱི་དྲྭ་རྒྱ།

༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་བཞི་པ་མཆོག་གསེར་ཁྲིར་མངའ་གསོལ་མཛད་པ།

 

དེ་ཡང་གསལ་བསྒྲགས་སྔོན་སོང་ལྟར་༧རྒྱལ་བ་གཤེན་གྱི་འབྱུང་ལྡན་སུམ་བརྒྱ་དང་གཅིག་བོད་ས་ཕོ་ཁྱི་ལོའི་བོད་ཟླ་དང་པོའི་ཚེས་ལྔ་ཉིན་ཏེ། ཕྱི་ལོ་ ༢༠༡༨ ཟླ་ ༠༢ ཚེས་ ༢༠ ཉིན་༧རྒྱལ་བ་མཉམ་མེད་ཆེན་པོའི་འཁྲུངས་མཆོད་དུས་ཚེས་བཟང་པོ་དང་སྟབས་བསྟུན་ཞོགས་པ་ཕྱག་ཚོད་བདུན་པའི་ཐོག་བོད་གཞིས་བྱེས་བོན་འབངས་ཡོངས་ཀྱི་བསྟན་པའི་དབུ་ཁྲིད། རྒྱལ་བ་མཉམ་མེད་ཆེན་པོའི་གདུང་འཚོབ་ལྷ་མི་ཟུང་འབྲེལ་གྱི་ཐུགས་དམ་གཡོ་མེད་ངང་ནས་བསྟན་པའི་དབུ་འདེགས་སུ་ཕེབས་པ་༧ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་བཞི་པ་མཆོག་སྐལ་བཟང་གསེར་ཁྲིར་མངའ་གསོལ་མཛད།

དེ་ཡང་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་དང་དེ་བཞིན་བོད་ཕྱི་ནང་གཉིས་ནས་ཕེབས་པའི་གལ་ཆེན་སྐུ་མགྲོན་ཁག་དང་། དེ་མིན་ཕྱི་རྒྱལ་ཡུལ་གྲུ་ཁག་སོགས་ནས་མི་སྣ་གལ་ཆེན་མང་པོ་ཆེད་ཕེབས་གནང་ཏེ། ༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་བཞི་པ་རིན་པོ་ཆེ་མཆོག་གསེར་ཁྲིར་མངའ་གསོལ་གྱི་མཛད་སྒོ་དབུ་འཛུགས་གནང་།

སྔ་དྲོའི་ཕྱག་ཚོད་༧།༣༠ཐོག་༧སྐྱབས་རྗེ་༧རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་བཞི་པ་རིན་པོ་ཆེ་མཆོག་སྨན་རིའི་བླ་བྲང་ནས་གདན་དྲངས་ཏེ་སྨན་རིའི་གཙུག་ལག་ཁང་ཆེན་མོའི་ནང་དུ་བོད་སྤོས་དྲི་བཟང་ངད་ལྡན་སྣ་ཚོགས་སྦྱར་བའི་སྤོས་འདྲེན་གྱིས་རྒྱལ་བ་གོང་མའི་ཞབས་ཟུང་གཡུང་དྲུང་འཁོར་ལོས་བཅགས་པའི་མི་འཇིགས་གདོང་ལྔའི་བཏེགས་པའི་གསེར་གྱི་ཁྲི་མདུན་དུ་ཕེབས་ནས་འགྲོ་དྲུག་འཁོར་བའི་ཆུ་ལས་བསྒྲལ་བའི་རྟགས་སུ་རྟ་བབ་ཕྱི་མ་བགོམ་ཞིང་། མོས་པ་སྤྱོད་པའི་ས་གཞི་བགོམ་པའི་རྟགས་སུ་རྟ་བབ་བར་མ་བགོམ། གཡུང་དྲུང་ཐེག་པའི་ས་བཅུའི་རྩེ་མོ་ཀུན་ཏུ་འོད་ཀྱི་ས་ཆེན་གནོན་པའི་རྟགས་སུ་རྟ་བབ་གོང་མ་རིམ་བཞིན་བགོམ་ནས་ལས་ཉོན་གཉིས་ཀྱི་བདུད་ལས་རྒྱལ་བའི་རྟགས། སེང་གེ་གཉིས་ཀྱིས་བཏེགས་པ་དང་། ཐེག་དགུ་བོན་གྱི་འཁོར་ལོ་བསྐོར་ཞིང་གདུལ་བྱའི་ཁ་ལོ་གྱེན་དུ་བསྒྱུར་བའི་རྟགས་སུ་དབང་བསྒྱུར་གསེར་གྱི་འཁོར་ལོ་དང་། འཁོར་སྡེ་བཞི་ཡ་བརྒྱད་ཀྱིས་བཏེགས་པའི་གསེར་གྱི་ཁྲི་འཕང་དུ་འཁོད་རྗེས། སྐལ་ལྡན་གདུལ་བྱའི་ཚོགས་རྣམས་དྲངས་པའི་ཕྱིར་དུ་སྐྱོན་བྲལ་པད་མ་ཉི་ཟླའི་གདན་དང་། གཅན་ལྔ་རིན་ཆེན་བཏེགས་པའི་ཁྲི་ལ་བཞུགས་གསོལ་གྱིས། དགོན་སྡེ་དང་ཚོགས་སྡེ་ཁག་གི་སྐུ་ཚབ། དེ་མིན་ཕྱོགས་མཐའ་ཁག་ནས་ཆེད་ཕེབས་ཀྱི་བླ་གྲྭ་དང་། སྐུ་མགྲོན་གལ་ཆེན་དག་གིས་རིམ་བཞིན་མཎྜལ་བསྟར་འབུལ་གྱི་མཆོད་སྤྲིན་སྤུངས་ཞིང་།

དེ་ནས་མཛད་སྒོའི་སྐུ་མགྲོན་གཙོ་བོ་རང་གཞུང་ཆོས་རིག་བཀའ་བློན་མི་རྗེ་སྐུ་ངོ་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་ནས་བཀའ་ཤག་གི་གསུང་འཕྲིན་དང་མཛད་སྒོ་དང་འབྲེལ་བའི་བཀའ་སློབ་ཟབ་རྒྱས་བསྩལ་གནང་བ་དང་། དེ་རྗེས་༧སྐྱབས་རྗེ་༧རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་བཞི་པ་རིན་པོ་ཆེ་མཆོག་ནས་རྒྱ་ཆེའི་སེར་སྐྱ་མི་མང་ཡོངས་ལ་བཀའ་སློབ་ལམ་སྟོན་བསྩལ་གནང་བ་དང་།

ཕྱག་ཚོད་བཅུ་པའི་སྟེང་སེར་འཕྲེང་ནོར་བུ་དགའ་འཁྱིལ་གྱིས་སྣེ་དྲངས་ཏེ་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་བཞི་པ་དང་དཔོན་སློབ་རིན་པོ་ཆེ། བཤད་སྒྲུབ་མཁན་པོ་དང་སློབ་དཔོན་གཙོས་བླ་སྤྲུལ་དགེ་བཤེས་བརྒྱ་ཕྲག་གདན་འཛོམས་སྟེང་༧རྒྱལ་བ་མཉམ་མེད་ཆེན་པོའི་གོས་སྐུ་ཆེན་མོ་ཞལ་ཕྱེས་ཏེ་གཤེན་གྱི་འདུལ་བའི་གསོ་སྦྱོང་གི་ཆོ་ག་གསུངས་པ་དང་། དེ་རྗེས་གླིང་སྐོར་དུ་ཕེབས་ཤིང་འཆད་ར་ཐོས་བསམ་དགའ་ཚལ་གླིང་དུ་རྟེན་འབྲེལ་གྱི་རྟགས་གསལ་བཏང་གནང་ནས་མཐར་གཡུང་དྲུང་བསྟན་པ་རྒྱས་པའི་སྨོན་ལམ་གསུངས་ཡོད་པ་དང་།

ཉིན་རྒྱབ་ཕྱག་ཚོད་དང་པོ་ཙམ་ནས་སྔར་སྲོལ་བཞིན་སྒྲུབ་ཁང་དབང་དྲག་འབར་བའི་ཕོ་བྲང་དང་། སྨན་རིའི་བླ་བྲང་གསར་རྙིང་གཉིས། བཀྲ་ཤིས་ལྷ་རྒྱལ་རི། གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེ། གསང་སྔགས་སྒོམ་སྒྲུབ་གླིང་། གཡུང་དྲུང་བོན་གྱི་དཔེ་མཛོད་ཁང་། བོན་ཕྲུག་བདེ་དོན། གསོ་རིག་འབུམ་བཞིའི་མཐོ་སློབ་སྨན་རིའི་གླིང་། བཙུན་དགོན་རདྣ་སྨན་གླིང་སོགས་ཀྱི་གསེར་ཁྲི་ལ་བཞུགས་གསོལ་མཛད་ནས་ཁྲི་བཞེངས་ཀྱི་མཛད་སྒོ་བདེ་ལེགས་ངང་གྲུབ་ཡོད་པ་བཅས་སོ།།

 

པར་པ། སྐྱིད་སྲས་དགེ་ལེགས་ཉི་མ།