གཡུང་དྲུང་བོན་གྱི་དྲྭ་རྒྱ།

སྨན་རིའི་བཀའ་རམས་པ་འགོ་པ་གཡུང་དྲུང་ཡོན་ཏན་གྱི་དགེ་བཤེས་ཆེད་དེབ་དངོས་སུ་འགྲེམ་སྤེལ་བྱས་པ།

སྔོན་གླེང་གི་གཏམ།
ད་ལན་༧གདན་ས་སྨན་རིའི་གླིང་དུ་བགྲང་བྱ་དུ་མར་རང་ཉིད་དང་དཀའ་སྡུག་གི་འཚོ་བ་མཉམ་རོལ་གནང་བའི་འཛིན་གྲྭ་གཅིག་པའི་གཡུང་དྲུང་སྤུན་གྲོགས་ངེད་རྣམས་ལ། ༸སྐྱབས་རྗེ་རྒྱལ་བ་སྨན་རིའི་མཁན་སློབ་རྣམ་གཉིས་ཀྱིས་བཀའ་རམས་པའི་མཚན་གནས་གསོལ་བསྩལ་གནང་བའི་ལོ་འདིའི་ལོ་མཇུག་ཏུ་རང་གི་སྔར་བྲིས་ཀྱི་རྩོམ་ཡིག་འགའ་ཞིག་ཕྱོགས་གཅིག་ཏུ་བསྒྲིགས་ཏེ། <<བྲེ་སྲང་>> (measurement for dry goods and weight)ཞེས་པའི་དེབ་འདི་ཉིད་པར་བསྐྲུན་བྱས་པའི་དགོས་དོན་གཙོ་བོ་ནི། མཁས་འདོད་དང་གྲགས་འདོད་ལྟ་བུ་མ་ཡིན་པ་རང་ལ་བཀའ་དྲིན་གཞལ་ཟླ་བྲལ་བའི་སྤྱི་གཙུག་གི་ཉི་ཟླ་ཟུང་སྟེ། ཇི་སྐད་དུ། ‘‘སེམས་བསྐྱེད་པའི་མཁན་པོ་དང་སློབ་དཔོན།’’ ཞེས་པའི་ལུང་དོན་བཞིན་༧སྐྱབས་རྗེ་མཁན་སློབ་རྣམ་གཉིས་ཀྱི་བླ་མེད་ཀྱི་ཐུགས་བསྐྱེད་དང་ལམ་སྟོན་བཀའ་གསུང་གི་བདུད་རྩི་དང་། དེ་བཞིན་དུ། ལུས་བསྐྱེད་པའི་དྲིན་ཅན་ཕ་མ་བགྲེས་སོང་གཉིས་ཀྱིས་སྙིང་བརྩེ་བས་བསྐྱངས་པའི་རེ་འདོད་རྣམས་རིང་ནས་བདག་གིས་ཡིིད་ལ་བཅགས་པས་ཚུལ་འདིས་བཀའ་དྲིན་གྱི་ཆ་ཙམ་རེ་བསབ་པར་ཀུན་ནས་བསླངས་ཏེ། ‘‘མེ་ཏོག་ཆུང་ཡང་ལྷ་རྫས་’’ཞེས་པའི་དཔེ་ལྟར་ཐུགས་མཉེས་མཆོད་སྤྲིན་ཞིག་གི་ཚུལ་དུ་སྙམ་པ་དེའོ། །
འོན་ཀྱང་། བདག་གི་ལས་ཀྱི་ཡབ་ཆེན་གཙུག་གི་རྒྱན་གཅིག་སྟེ། སེམས་བསྐྱེད་པའི་དཔོན་གསས་དམ་པ་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་མཆོག་དང་། ལུས་བསྐྱེད་པའི་དྲིན་ཅན་གྱི་ཕ་དམ་པ་གཉིས་ཀ་ལོ་འདིར་སྔ་ཕྱིར་ནུབ་རིའི་ཕག་ཏུ་གཟིམས་སོང་བ་ལ་འདི་ནས་བདག་གིས་སྙིང་ཁོང་ནས་གདུང་ཚོར་ཆེན་པོས་ཕྱིར་དྲན་དང་གུས་འདུད་ཞུའོ། །
དེབ་འདིར་འཁོད་པའི་རྩོམ་ཡིག་རྣམས་ཁོ་བོས་སློབ་གཉེར་གྱི་བར་གསེང་རྣམས་སུ་སྔ་ཕྱིར་བྲིས་པ་ཁག་ཡིན་ལ། ནང་དོན་ནི་གཙོ་བོར་སྐབས་བབ་སྦྱང་བྱ་མདོ་སྔགས་སེེམས་གསུམ་གྱི་གཞུང་ལུགས་ཁག་དང་འབྲེལ་བའི་སྐོར་ཡིན་ཅིང་ཞིབ་པར་དཀར་ཆག་ཏུ་གསལ་བས་དེས་འཐུས་སོ། །

དེ་ཡང་དུས་ཚོད་རིམ་པའི་ནང་བསམ་བློའི་གོ་རྟོགས་སྔ་ཕྱི་མི་འདྲ་བས། རྩོམ་ཡིག་རེ་འགར་བསྒྱུར་བཅོས་ཅུང་ཟད་རེ་བྱ་དགོས་པ་ལྟ་བུ་མཐོང་ཡང་། ད་ལན་བསྐྱར་བཅོས་ཀྱི་ངལ་བ་གང་ཡང་བྱས་མེད། རྒྱུ་མཚན་ནི། སྔར་རང་གིས་ཤེས་རིག་གི་ཐང་ཆེན་དུ་རྟོག་དཔྱོད་ཀྱི་ནར་མ་སོན་པ་གོག་ཅིང་ནུར་མྱོང་བའི་རྗེས་ཤུལ་ལ་ཕྱིར་དྲན་ཞིག་ཡོང་བའི་སླད་དུ་སྙམ་པ་དེ་ཡིན། དེ་བཞིན་ཉེ་རིང་གང་དུ་བཞུགས་པ་ཐུགས་བརྩེ་ཟབ་ཅིང་ཤེས་བྱའི་གནས་གང་ལ་ཕྱོགས་མེད་དུ་གཟིགས་པ་ཡངས་པའི་མཁྱེན་ལྡན་པ་གང་ལ་གཟིགས་ཞིབ་གནང་བའི་རོགས་མགོན་གྱི་ཐུགས་སུན་གང་ཡང་མ་ཞུས་པའང་རྒྱུ་མཚན་དེ་ལྟར་ཡིན་ཅིང་། རྩོམ་ལུས་བརྗོད་ཚུལ་ལ་ཡང་བོད་ཀྱི་སྲོལ་རྒྱུན་ཆོས་རིག་ལ་མཁས་པའམ་སྔོན་གྱི་རྩོམ་པ་པོ་དག་གིས་ཕྱག་སྲོལ་ལ་བརྗོད་བྱའི་དོན་གང་དེར་སྙན་ངག་ཚིག་རྒྱན་དང་མངོན་བརྗོད་སོགས་ཀྱིས་སྤུད་པའི་སྒྱུ་རྩལ་གྱི་ཉམས་དང་ལྡན་པ་ལ་ཐུགས་དགྱེས་པ་ལྟ་བུ་མངོན་ནའང་། དེ་དག་ལ་རྨང་གཞིའི་ཤེས་བྱ་མེད་པའི་ཀློག་པ་པོ་དང་དོན་གཉེར་ཅན་རྣམས་ཀྱིས་ཚུལ་དེའི་བདག་ཉིད་ཅན་གྱི་བསྟན་བཅོས་སོགས་ནི་འཇུག་པར་དཀའ་བའི་གནས་སུ་ལྷུང་ཡོད་ཕྱིར། འདིར་ཀློག་འདོན་ཤེས་ཙམ་གྱིས་བློ་གསར་པ་རྣམས་ཀྱིས་གོ་རྟོགས་སླ་བའི་དོན་ལ་གཙོ་བོར་བསམ་སྟེ། དེང་དུས་ཡོངས་ཁྱབ་བཞིན་རྩོམ་ལུས་སྒྱུ་རྩལ་ཅན་མ་ཡིན་པའམ་ཕལ་ཚིག་གི་ལམ་ནས་འབྲི་སྤེལ་གང་ཐུབ་བགྱིས་ཡོད་པས་ཀློག་པ་པོ་གང་གིས་དེ་དོན་བཞིན་ཐུགས་འཇགས་འཚལ་ཞེས་ཞུའོ།།
མུ་ཁྲི་བཙད་པོ་ཞང་བོད་རིག་གཞུང་ཞིབ་འཇུག་ཁང་གི་ནང་རིག་སྡེ་ཁག་ནས་རྩོམ་པ་པོས།
སྤྱི་ལོ། ༢༠༡༨། ཟླ་བ། ༠༡། ཚེས་༡༧ལ།