གཡུང་དྲུང་བོན་གྱི་དྲྭ་རྒྱ།

དཔལ་གཤེན་བསྟན་སྨན་རིའི་གླིང་དུ་སྟོན་པའི་འཁྲུངས་མཆོད་བསྲུང་བརྩི་ཞུས་པའི་གནས་བསྡུས།

སྟོན་པའི་རྒྱལ་པོ་འཁོར་བ་འདྲེན་པའི་དཔལ། །མུན་པའི་ཚོགས་རྣམས་འཇོམས་བྱེད་སྒྲོན་མེའི་འོད། །མ་རིག་ནད་གདུང་སེལ་བ་སྨན་པའི་གཙོ། །མི་ཡི་མཆོག་ཏུ་གྱུར་བ་དམུ་ཡི་རྒྱལ། །དུག་ལྔའི་འདམ་དང་མཚོ་སྐེམ་མེ་ཆེན་དཔུང་། །མཚན་དང་དཔེ་བྱད་ལྡན་པའི་གཟི་འཕགས་པོ། །དཀའ་བ་སྣ་ཚོགས་དང་དུ་བླངས་ནས་ནི། །མཛད་པ་སྣ་ཚོགས་མཐར་རུ་ཕྱིན་མཛད་ཅིང་། །གཟིགས་ཚད་བཞི་དང་དགོངས་ཚད་དྲུག་གཉིས་ཀྱིས། །བྱམས་པ་ཆེན་པོས་འཁོར་བ་སྒྲོལ་མཛད་པའི། །གཤེན་རབ་སྤྲུལ་བའི་སྐུ་ལ་ཕྱག་འཚལ་ལོ། །

དེ་ཡང་དཔྱིད་ཟླ་དང་པོའི་ཚེས་བཅོ་ལྔ་ནི་བདག་ཅག་གི་སྟོན་པའི་འཁྲུངས་མཆོད་ཁེལ་ཡོད་ལ། གོང་ཚེས་བཅོ་ལྔ་ཆད་ཟིན་སྟབས་ཚེས་བཅུ་དྲུག་ཉིན་སྟེ་༧དཔལ་གཤེན་བསྟན་སྨན་རིའི་གླིང་དུ་བདག་ཅག་གི་༧སྟོན་པ་རྣམ་འདྲེན་བརྒྱད་པ་རྒྱལ་བ་གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བ་མཆོག་གི་སྐུ་ཡི་མཚན་དཔེ་མི་མཇེད་པའི་འཇིག་རྟེན་གྱི་ཞིང་ཁམས་འདིར་བཞད་ནས་མི་ལོ་༡༨༠༣༦འཁོར་བའི་འཁྲུངས་སྐར་དུས་ཚེས་ཁྱད་པར་ཅན་ཡིན་ལ། ཐེངས་འདིའི་དུས་ཚེས་ཁྱད་པར་ཅན་ཉིན་འདི་ལ་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་ཕེབས་པའི་སྐུ་མགྲོན་རྣམས་དང་།

བོན་གཞིས་མང་ཚོགས། བོན་ཕྲུག་བདེ་དོན། བོན་བུ་ཁྱིམ་ཁང་སོགས་སེར་སྐྱ་ལྔ་བརྒྱ་ལྷག་ཅིག་མཉམ་འཛོམས་སྒོས་དུས་ཆེན་ཁྱད་པར་ཅན་བསྲུང་བརྩི་ཞུས་ཡོད་པ་དང་། དེ་ཡང་༧སྐྱབས་རྗེ་ཁྲི་འཛིན་སོ་བཞི་པ་ལུང་རྟོགས་ཟླ་བ་དར་རྒྱས་རིན་པོ་ཆེ་དང་། དཔོན་སློབ་འཕྲིན་ལས་ཉི་མ་རིན་པོ་ཆེ། བཤད་སྒྲུབ་མཁན་སློབ་རྣམ་གཉིས་གཙོས་སེར་སྐྱ་མང་ཚོགས་ནས་ཕྱག་ཏུ་མར་མེ་བསྣམས་ནས་སེར་ཕྲེང་ནོར་བུ་དགའ་འཁྱིལ་གྲུབ་རྗེས།

གླིང་སྐོར་དུ་ཕེབས་ཤིང་ཕྱིར་ཚོགས་ཁང་སྒོ་མཆོད་དུ་འབྱོར་རྗེས་སྟོན་པའི་སྐུ་བརྙན་མདུན་དུ་༧སྐྱབས་རྗེ་མཁན་སློབ་རྣམ་གཉིས་གཙོས་སེར་སྐྱ་མང་ཚོགས་ནས་ཡོངས་སུ་མཇལ་ཁ་གྲུབ་རྗེས་གཡུང་དྲུང་བསྟན་པ་རྒྱས་པའི་སྨོན་ལམ་གསུངས་ནས་མཛད་སྒོ་མཇུག་གྲུབ་པར་བྱས་སོ། །