གཡུང་དྲུང་བོན་གྱི་དྲྭ་རྒྱ།

སྨན་རིའི་གླིང་དུ་འཚོགས་པའི་རིས་མེད་བགྲོ་གླེང་སྐབས་ཀྱི་དཔལ་ལྡན་རྒྱལ་བ་ཇོ་ནང་པ་མཁན་པོ་ཀུན་དགའ་འཚམས་ཆུང་མཆོག་གི་རྩོམ་ཤོག

 

༄༅། ། དཔལ་ལྡན་རྒྱལ་བ་ཇོ་ནང་བའི་མདོ་སྔགས་ཟུང་གི་ལྟ་གྲུབ་ངོ་བོ་གཅིག་པ་

སྟོང་གཞི་དོན་དམ་བདེ་གཤེགས་སྙིང་བོའི་སྐོར་ཉུང་ཙམ་གླེང་བ་

བློ་གསལ་དགའ་བའི་མུན་སེལ་སྒྲོན་མེ།

རྩོམ་པ་པོ།   མཁན་པོ་ཀུན་དགའ་འཚམས་ཆུང་།  འཕགས་ཡུལ་ཇོ་ནང་མ་དགོན།

ཇི་སྐད་དུ།

གཞི་ཡི་མཐར་ཐུག་དྲི་བཅས་དེ་བཞིན་ཉིད། །
ལམ་གྱི་མཐར་ཐུག་སྦྱོར་བ་ཡན་ལག་དྲུག།
འབྲས་བུའི་མཐར་ཐུག་བྲལ་འབྲས་དེ་བཞིན་ཉིད། །
ཆོས་ཀྱི་མཐར་ཐུག་རྫོགས་པར་སྟོན་ལ་འདུད། །

ཅེས་མཆོད་པར་བརྗོད་པའི་མདུན་བསུས་ཏེ། གང་གླེང་བར་བྱ་བ་ནི། རྒྱ་གར་ས་གནས་བོད་ཀྱི་རིས་མེད་ཆོས་རྒྱུད་མཐུན་ཚོགས་ཀྱི་རྒྱུན་ལས་སྐབས་དང་པོའི་བཀོད་སྒྲིག་གི་འོག གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་དུ་རིས་མེད་ཀྱི་མདོ་སྔགས་ཟུང་གི་ལྟ་གྲུབ་བགྲོ་གླེང་ཐེངས་དང་པོར་ཆེད་ཕེབས་ཀྱི་དགེ་བའི་གཤེས་གཉེན་རྣམ་པ་དང་། ཚོགས་བཅར་བ་ཡོངས་ལ་འཚམས་འདྲི་དང་བཀྲ་ཤིས་བདེ་ལེགས་ཞུ།

དེ་བས་ཀྱང་ང་ཚོས་རིས་མེད་བགྲོ་གླེང་འདི་ལྟ་བུ་ཡང་ཡང་བཀོད་སྒྲིག་བྱེད་ཐུབ་པ་ཡིན་ན། ༧སྤྱི་ནོར་༧གོང་ས་༧རྒྱལ་བའི་དབང་བོ་མཆོག་གི་ཐུགས་ཀྱི་བཞེད་དགོངས་དང་། རིས་མེད་ཆོས་རྒྱུད་ཁག་གི་མདོ་སྔགས་ཀྱི་ལྟ་བའི་བཞེད་མཚམས་ཁག་མཁྱེན་རྟོགས་ཐུབ་པ་མ་ཟད། ཆོས་རྒྱུད་ནང་ཕན་ཚུན་ལྟ་བ་མཉམ་གནས་དང་། དག་སྣང་འོད་ཀྱིས་ཁྱབ་པ་ཞིག་ཡོང་བར་ཐེ་ཚོམ་མེད་པ་སྨོས་ཅི་དགོས།

དེས་ན་ད་ལན། ཕྲན་གྱིས་ཚོགས་ཆེན་འདིའི་ཐོག དཔལ་ལྡན་རྒྱལ་བ་ཇོ་ནང་བའི་ཐུན་མིན་ལྟ་གྲུབ་སྟོང་གཞི་དོན་དམ་བདེ་གཤེགས་སྙིང་བོ་མཚམས་སྦྱོར་མདོར་ཙམ་བྱེད་རྒྱུ་ཡིན།

དེ་ཡང་ལོ་ངོ་ཉིས་སྟོང་ལྔ་བརྒྱ་ལྷག་གི་གོང་དུ་སྟོན་པ་བཅོམ་ལྡན་འདས་ཉིད་ཀྱིས་གདུལ་བྱར་ཐུགས་ཀྱི་དགོངས་པ། མཐར་ཐུག་འཁོར་ལོ་ཐ་མ་ལེགས་ཕྱེའི་ཆོས་འཁོར་གྱི་བརྗོད་དོན་ལུས་ཅན་ཡོངས་ལ་རིས་མེད་དུ་ཁྱབ་པར་མངའ་བའི་སྟོང་གཞི་དོན་དམ་བདེ་གཤེགས་སྙིང་བོ་བསྟན་པ་དེ་ཉིད་དང་། རྒྱུད་ཐམས་ཅད་ཀྱི་རྒྱལ་པོ། ཐེག་པ་ཐམས་ཅད་ཀྱི་མཐར་ཐུག བླ་མེད་རྒྱུད་ཀྱི་ཡང་རྩེ། དཔལ་མཆོག་དུས་ཀྱི་འཁོར་ལོའི་བརྗོད་བྱའི་ཉམས་ལེན་གྱི་མཐར་ཐུག རྫོགས་རིམ་སྦྱོར་བ་ཡན་ལག་དྲུག་སོགས་མདོ་སྔགས་ཀྱི་ལྟ་གྲུབ་གཉིས་སྤྱིའི་ཆ་ནས་ངོ་གཅིག་པ་དང་། ཐེག་པ་ཀུན་གྱིས་རྒྱུད་སྦྱོང་བའི་གོ་རིམ་བཞིན། དེ་ལ་ཐོས་བསམ་སྒོམ་གསུམ་དང་འཛིན་སྐྱོང་སྤེལ་གསུམ་བྱེད་བཞིན་པའི་ཆོས་བརྒྱུད་ཅིག་དུས་རབས་ཉེར་གཅིག་པའི་ནང་། ད་དུང་གོ་ལ་ཧྲིལ་བོའི་སྒང་གནས་པ་ནི་སྨད་བྱུང་ངོ་མཚར་བ་ཞིག་མ་ཡིན་ནམ།

དེས་ན་སྐབས་བབས་ཞུ་སྙིང་ནི། ཇོ་ནང་བར་མཚོན་ན་མདོ་ཕྱོགས་ནས་དབང་ལུང་ཁྲིད་གསུམ་མན་ངག་ཞལ་ཤེས་དང་བཅས་པའི་བརྒྱུད་པ་ད་བར་དུ་དམ་ཚིག་གི་དྲི་མ་ཡལ། བྱིན་རླབས་ཀྱི་དྲོད་མ་ཉམས་པར་ཡོད་པ་ནི། སངས་རྒྱས་བཅོམ་ལྡན་འདས་ཀྱིས་མི་ལོ་ཞེ་ལྔའི་རིང་ཆོས་ཀྱི་སྦྱིན་པ་གནང་བའི་ནང་ཚན་འཁོར་ལོ་གསུམ་གྱི་དགོངས་དོན་དང་། ལྷག་པར་དུ་བཀའ་ཐ་མ་ལེགས་པར་རྣམ་པར་ཕྱེ་བའི་ཆོས་འཁོར་གྱི་བརྗོད་དོན་གཙོ་བོར་གྱུར་བ། སྟོང་གཞི་དོན་དམ་བདེ་གཤེགས་སྙིང་བོ་འདི་ཉིད་ཡིན།

སྟོན་པ་ཐབས་མཁས་པ་ཐུགས་རྗེ་ཆེན་པོ་མངའ་བ་དེ་ཉིད་ཀྱིས་ཆོས་འཁོར་རིམ་པ་གསུམ་དུ་བསྐོར་བ་ནི། གདུལ་བྱའི་རྒྱུད་སྦྱོང་ཚུལ་གྱི་རིམ་པ་ཡིན་ལ། འཁོར་ལོ་དང་པོ་ཉན་ཐོས་དང་ཐུན་མོང་གི་སྡེ་སྣོད་ཡིན་པས། ཀུན་རྫོབ་ཀྱི་ཆོས་རྣམས་རང་གི་ངོ་བོའམ་རང་མཚན་གྱིས་གྲུབ་པར་གསུངས་ཤིང་། གཉིས་པ་དེར་བློ་སྦྱངས་ཟིན་པའི་གང་ཟག་ལ་འཁོར་ལོ་བར་བ་མཚན་ཉིད་མེད་པའི་ཆོས་འཁོར་གྱི་བརྗོད་དོན་ཆོས་ཀྱི་བདག་མེད་སོགས་གཙོ་བོར་བསྟན་པའི་གནས་སྐབས་ཀྱི་ངེས་དོན་གྱི་མདོ་དང་། གསུམ་པ་ཐེག་པ་མཐའ་དག་ལ་ཞུགས་ཤིང་རྒྱུད་སྦྱངས་ཟིན་པའི་གདུལ་བྱ་བྱང་སེམས་དབང་རྣོན་རྒྱུད་ཤིན་ཏུ་སྨིན་པ་རྣམས་ལ་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་པའི་བརྗོད་དོན་གཙོ་བོར་བཟུང་སྟེ། ཚེ་གཅིག་ལུས་གཅིག་ལ་སངས་རྒྱས་བྱེད་ཀྱི་ཉེ་ལམ་མྱུར་ལམ་ཁྱད་པར་ཅན། མདོ་སྔགས་ཟུང་གི་ལྟ་བ་ཟབ་མོ་སངས་རྒྱས་ཀུན་འདུས་ཀྱི་ངོ་བོ་སྟོང་བ་དང་ཡེ་ཤེས་དབྱེར་མེད་པ། འདུས་མ་བྱས་ཀྱི་དགེ་བ་ཐོག་མེད་དུས་ནས་ཡོན་ཏན་རང་ཆས་སུ་མངའ་བའི་སྟོང་གཞི་དོན་དམ་རྟག་བརྟན་བདེ་གཤེགས་སྙིང་བོ་དེ་ཉིད་དངོས་སུ་བསྟན་ཏེ། མཐར་གཟུགས་སྐུ་ཆོས་དབྱིངས་སུ་བསྡུས་པའི་ཚུལ་མཛད་པ་རེད།

དེར་བརྟེན་བཀའ་འཁོར་ལོ་ཐ་མའི་བརྗོད་དོན་ནི་ཟབ་པའི་མཐར་ཐུག་ཡིན་ཅིང་། སྟོན་མཆོག་རང་ཉིད་ཀྱིས་རང་གི་དགོངས་པ་རང་གིས་བཀྲལ་ཏེ། བཀའ་ཐ་མར་ལེགས་པར་རྣམ་པར་ཕྱེ་བའི་ཆོས་འཁོར་ཞེས་མཚན་གསོལ་བ་དང་། འཁོར་ལོ་ཐ་མའི་སྐབས་སུ་ཞལ་གདམས་གྱི་ཚུལ་དུ་འཁོར་ལོ་དང་བོ་དང་བར་བ་གཉིས་བླ་ན་མཆིས་པ། སྐབས་མཆིས་པ། དྲང་བའི་དོན། རྩོད་པའི་གཞིར་གྱུར་བ་དང་། འཁོར་ལོ་ཐ་མ་ནི་བླ་ན་མ་མཆིས་པ། སྐབས་མ་མཆིས་པ། ངེས་བའི་དོན། རྩོད་པའི་གཞི་མ་ཡིན་པ་དང་། ཞེས་ཚིག་གི་བདག་པོས་ཚིག་ཐག་བཅད་དེ། འགྱུར་མེད་རྡོ་རྗེའི་བྲག་ལྟ་རི་ལྟ་བུའི་བཀའ་མཆིད་ལྷུག་པར་བསྩལ་བ། མདོ་སྡེ་དགོངས་པ་ངེས་འགྲེལ་དུ་གྲགས་ཤིང་། དེ་ལྟ་བུའི་མདོ་སྡེ་དེ་དག་གི་མཐར་ཐུག་གི་ལྟ་བ་ནི། སྟོང་གཞི་དོན་དམ་གཞི་བདེ་གཤེགས་སྙིང་བོ་འདི་ཉིད་ཡིན་ཞིང་། དུས་དེ་ནས་བཟུང་ལྟ་གྲུབ་དེ་ཉམས་ལེན་གནང་མཁན་གྱི་སྐྱེས་ཆེན་འཕགས་བོད་གཉིས་སུ་གྲངས་ལས་འདས་པ་བྱོན་ཡོད།

དེ་ལྟར་ན་ཐོག་མར་ལྟ་གྲུབ་དེ་ཉིད་འཛིན་པའི་རྩ་བའི་སློབ་དཔོན་དངོས་བཟུང་བ། འདོད་པ་སྟོན་པའི་གཞུང་ལུགས། དེའི་མཚན་ཉིད། འདོད་པའི་ཁྱད་པར་དང་བཞིའི་ཐོག་ནས་སྟོང་གཞི་དོན་དམ་བདེ་གཤེགས་སྙིང་བོའི་ངོ་བོ་དང་། དེའི་ཁྱད་ཆོས་སོགས་ཀྱི་སྟེང་ནས་རྣམ་པ་ཚོར་ཁ་གསལ་ཞིང་གོ་བདེ་བ། གནད་ཚང་ཞིང་འདུམ་བདེ་བ་ཞིག་གང་ཐུབ་ཀྱིས་ཞུ་ཐུབ་པར་འབད་བརྩོན་བྱེད་རྒྱུ་ཡིན།

དང་བོ། རྩ་བའི་སློབ་དཔོན་ནི། རྗེ་བཙུན་བྱམས་པ་མགོན་པོ། ཐོགས་མེད་སྐུ་མཆེད། ཕྱོགས་གླང་། ཆོས་གྲགས་སོགས་དང་། བོད་ཡུལ་གྱི་སློབ་དཔོན་གཟི་དགའ་བའི་རྡོ་རྗེ། བཙན་ཁ་བོ་ཆེ། ཀརྨ་པ་རང་བྱུང་རྡོ་རྗེ། ཀུན་མཁྱེན་དོལ་བོ་སངས་རྒྱས་ཡབ་སྲས་རྣམས་དང་། པན་ཆེན་ཤཱཀྱ་མཆོག་ལྡན། རྗེ་བཙུན་ཀུན་དགའ་གྲོལ་མཆོགམཁན་ཆེན་ལུང་རིགས་རྒྱ་མཚོ། ཐམས་ཅད་མཁྱེན་པ་རྗེ་བཙུན་ཏཱ་ར་ནཱ་ཐ་བརྒྱུད་པ་དང་བཅས་པ་རྣམས་སོ། །

གཉིས་པ། བཀའ་དང་བསྟན་ཆོས་གཉིས་ལས། མདོ་ནི། དེ་བཞིན་གཤེགས་པའི་སྙིང་པོའི་མདོ། འཕགས་པ་རྔ་བོ་ཆེའི་མདོ། སོར་ཕྲེང་སེེངྒ་ང་རོས་ཞུས་པའི་མདོ། མྱང་འདས་ཆེན་པོའི་མདོ། རབ་ཏུ་ཞི་བ་རྣམ་པར་ངེས་པའི་ཆོ་འཕྲུལ་གྱི་མདོ་སོགས་ངེས་དོན་མཐར་ཐུག་སྟོན་པའི་འཁོར་ལོ་ཐ་མའི་མདོ་སྡེ་རྣམས་སོ། ། ད་དུང་སེམས་ཙམ་དང་ཐུན་མོང་གི་མདོའང་མང་བོ་ཡོད། སྔགས་ནི། དཔུང་བཟང་གིས་ཞུས་པའི་རྒྱུད་དང་། འདུས་པ་བདེ་དགྱེས་ཀྱི་རྒྱུད་དང་། དུས་ཀྱི་འཁོར་ལོའི་རྒྱུད་སོགས་མང་བོ་ཡོད་དོ། །

བསྟན་བཅོས་ནི། བྱམས་པ་མགོན་པོས་མཛད་པའི་མདོ་སྡེ་རྒྱན་དང་། འབྱེད་རྣམ་གཉིས། སྙིང་པོའི་མདོའི་དགོངས་འགྲེལ་ཐེག་པ་ཆེན་པོའི་བསྟན་བཅོས་རྒྱུད་བླ་མ། ཐོགས་མེད་ཀྱི་རྒྱུད་བླའི་འགྲེལ་བ། དབྱིག་གཉེན་གྱི་ཡུམ་གསུམ་གནོད་འཇོམས། ཆོས་དང་ཆོས་ཉིད་རྣམ་འབྱེད་ཀྱི་འགྲེལ་བ་སྐུ་མཆེད་གཉིས་ཀྱི་མཛད་པ་སོགས་དང་། སེམས་འགྲེལ་སྐོར་གསུམ། ཀླུ་སྒྲུབ་ཀྱིས་མཛད་པའི་ཆོས་དབྱིངས་བསྟོད་པ་སོགས་རྒྱ་གཞུང་རྣམས་དང་།

བོད་ཡུལ་གྱི་མཁས་མཆོག་རྣམས་ཀྱིས་མཛད་པའི་བསྟན་བཅོས་ནི། ཀརྨ་པ་རང་བྱུང་རྡོ་རྗེའི་མཛད་པའི་བདེ་གཤེགས་སྙིང་བོའི་མཛེས་རྒྱན། ཀུན་མཁྱེན་དོལ་པོ་སངས་རྒྱས་ཀྱིས་མཛད་པའི་རི་ཆོས་ངེས་དོན་རྒྱ་མཚོ། བཀའ་བསྡུ་བཞི་པ་རྩ་འགྲེལ། རྒྱུད་བླའི་འགྲེལ་བ་ལེགས་བཤད་ཉི་མའི་འོད་ཟེར་སོགས་དང། པན་ཆེན་ཤཱཀྱ་མཆོག་ལྡན་གྱིས་མཛད་པའི་དབུ་མ་ཆེན་པོའི་ཚུལ་གཉིས་རྣམ་འབྱེད་རྒྱ་མཚོ་སྤྲིན་གྱི་འབྲུག་སྒྲ་དང་། རྗེ་ཏཱ་ར་ནཱ་ཐས་མཛད་པའི་ཐེག་མཆོག་ཤིན་ཏུ་རྒྱས་པའི་དབུ་མ་ཆེན་མོ་རྣམ་ངེས་དང་། ཤེས་རབ་སྙིང་བོའི་འགྲེལ་བ་སྔོན་མེད་ལེགས་བཤད་སོགས་གྲུབ་མཐའ་རིས་མེད་ཀྱི་མཁས་གྲུབ་རྣམས་ཀྱིས་མཛད་པའི་དབུ་མའི་སྐོར་གྱི་འགྲེལ་བཤད་ཆེས་མང་དུ་བཞུགས་སོ། །

གསུམ་པ། དེའི་མཚན་ཉིད་དམ་བཀའ་བསྟན་དེ་དག་གིས་བསྟན་བྱ་སྟོང་གཞི་དོན་དམ་བདེ་གཤེགས་སྙིང་བོ་ནི། རང་ངོས་ནས་མི་སྟོང་པར་སྣང་གྲགས་ཀྱིས་བསྡུས་པའི་གཟུང་འཛིན་སོགས་སྤྲོས་པ་མཐའ་དག་གིས་སྟོང་པ་དང་། ཀུན་རྫོབ་གློ་བུར་གྱིས་བསྡུས་པའི་ཆོས་རྣམས་དོན་དམ་གཞན་གྱི་ངོ་བོས་སྟོང་བས་སྟོང་གཞི་དང་། དེའི་སྟེང་དུ་ཀུན་རྫོབ་རང་གི་ངོ་བོས་ཀྱང་སྟོང་བས་བདེ་གཤེགས་སྙིང་པོའམ་དབུ་མ་གཞན་སྟོང་ཞེས་བརྗོད།

དེ་ལྟར་ཡང་། ཀུན་མཁྱེན་དོལ་བོ་སངས་རྒྱས་ཀྱིས་མཛད་པའི་བདེན་གཉིས་གསལ་བའི་ཉི་མ་ལས།

“ཡེ་ཤེས་ཀྱི་ཡུལ་གང་ཞིགགཤིས་ལ་རང་གི་ངོ་བོ་བདེན་པས་མི་སྟོང་བ་དེ། དོན་དམ་བདེན་པའི་མཚན་ཉིད། ”

ཅེས་དང་། དེ་ལས་ཀྱང་ཁ་གསལ་བོ་ཞིག་ཞུས་ན། གདོད་ནས་ཉེས་སྐྱོན་གང་གིས་གོས་མ་མྱོང་ཞིང་། དོན་དམ་པའི་ཡོན་ཏན་ཐམས་ཅད་གདོད་ནས་རང་ཆས་སུ་རྫོགས་པའི་རང་བྱུང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སམ། སེམས་ཉིད་རང་བཞིན་གྱིས་འོད་གསལ་བའི་འདུས་མ་བྱས་ཀྱི་དགེ་བ་ཞིག་ལ། གཞི་བདེ་གཤེགས་སྙིང་བོའམ་དབུ་མ་གཞན་སྟོང་ཞེས་བརྗོད། ཀུན་མཁྱེན་དོལ་པོ་སངས་རྒྱས་ཀྱིས་མཛད་པའི་རི་ཆོས་ངེས་དོན་རྒྱ་མཚོ་ལས།

“ཆོས་ཉིད་ཡོངས་གྲུབ་ཀྱིས་སྟོང་བའི་གཞི་ནི་གཏན་ནས་མི་སྲིད་དེ། དེ་ནི་ནམ་ཡང་གང་ནའང་ལྷུན་གྲུབ་ཏུ་བཞུགས་པ་དེ་བཞིན་ཉིད་ཡིན་པའི་ཕྱིར། ”
ཞེས་དང་། དེའི་ཐད་ཀྱི་མཆན་བུ་ལས།

“གལ་ཏེ་ཆོས་ཉིད་ཀྱིས་སྟོང་བའི་གཞི་སྲིད་ན་དེ་ལ་ཆོས་ཉིད་མེད་པར་འགྱུར་བས་ཆོས་ཉིད་ཀུན་འགྲོ་མ་ཡིན་པར་འགྱུར་རོ། ། ”

ཞེས་དང་། ཡང་རི་ཆོས་ལས།

“སྔར་མེད་གསར་དུ་སྐྱེ་བའི་སངས་རྒྱས་ནི་བདེ་གཤེགས་སྙིང་པོར་མི་རུང་བའི་ཕྱིར་རོ། ། ”

ཞེས་སོགས་གསུངས་བའི་ཕྱིར། ཐམས་ཅད་མཁྱེན་པ་རྗེ་བཙུན་ཏཱ་ར་ནཱ་ཐའི་དབུ་མ་རྣམ་ངེས་ཟིན་བྲིས་ལས།

“འཕགས་པ་རྣམས་ཀྱི་སོ་སོ་རང་གི་རིག་བྱར་གྱུར་བ་གཟུང་འཛིན་གཉིས་ཀྱིས་སྟོང་བའི་སེམས་ཀྱི་རང་བཞིན་འོད་གསལ་བ་དེ་ནི། བདེ་བར་གཤེགས་པ་ཡང་ཡིན་ལ་སྙིང་བོ་ཡང་ཡིན་པས་ན་དེ་སྐད་ཅེས་བྱའོ། ”

ཞེས་དང་། ཇོ་ནང་ཉ་དབོན་ཀུན་དགའ་དཔལ་གྱི་བསྟན་པ་སྤྱི་འགྲེལ་ལས།

“མཐའ་བྲལ་གྱི་མཐའ་ཐུག་པ་ནི་བྲལ་ཙམ་མ་ཡིན་གྱི་སེམས་ཀྱི་རང་བཞིན་འོད་གསལ་བ་ཡིན་ནོ། ། ”

ཞེས་དང་། གཤེགས་སྙིང་དགེ་བའང་ཡིན་པ་ནི། ཡུམ་ལས།

“དོན་དམ་པའི་དགེ་བ་གང་ཡིན་ཞེ་ན་དེ་བཞིན་ཉིད་དོ། ། ”

ཞེས་དང་། རྒྱན་སྟུག་པོ་བཀོད་པའི་མདོ་ལས།
“ས་རྣམས་སྣ་་ཚོགས་ཀུན་གཞི་སྟེ། །
བདེ་གཤེགས་སྙིང་བོ་དགེ་བའང་དེ། ། ”
ཞེས་སོགས་རྒྱ་ཆེར་གསུངས་སོ། །

བཞི་བ་ནི། དེ་དག་གི་འདོད་པའི་གཞི་བདེ་གཤེགས་སྙིང་བོའི་ཁྱད་པར་འགའ་ཞིག་གཞུང་ལུགས་དག་ལ་བསྟུན་ནས་ཞུས་ན།

༡དེ་འདྲ་བའི་ཡོན་ཏན་ཀུན་ལྡན་དང་སྐྱོན་ཀུན་ཟད་ཀྱི་དོན་དམ་པའི་སངས་རྒྱས་དེ་རང་གཞན་ཐམས་ཅད་ལ་ཡོད་པར་བསྟན་པ་ནི། དེ་བཞིན་གཤེགས་པའི་སྙིང་པོའི་མདོ་ལས།

“རིགས་ཀྱི་བུ་དག་དེ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱི་མངོན་པར་ཞེན་པའི་ཡིད་ལ་བྱེད་པ་ཁྱིམ་ལྟ་བུར་གྱུར་པའི་འོག་ན། དེ་བཞིན་གཤེགས་པའི་སྙིང་པོ་སྟོབས་དང་མི་འཇིགས་པ་དང་། མ་འདྲེས་པ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་མཛོད་ཀྱི་གཏེར་ཆེན་པོ་ཡོད་ཀྱང་། ”

ཞེས་དང་། རྒྱུད་བླ་མ་ལས་ཀྱང་།
“ཇི་ལྟར་མི་དབུལ་ཁྱིམ་ནང་ས་འོག་ན། །
མི་ཟད་པ་ཡི་གཏེར་ནི་ཡོད་གྱུར་ལ། ། ”
ཞེས་སོགས་ཀྱིས་མི་ཚང་དབུལ་བོའི་ཁྱིམ་འོག་ཏུ་གཏེར་ཡོད་པ་ལྟར། སེམས་ཅན་ཐམས་ཅད་ཀྱི་ཡིད་ཀྱི་ནང་དུ་སྟོབས་དང་མི་འཇིགས་པའི་ཡོན་ཏན་མངའ་བའི་དེ་བཞིན་གཤེགས་པའི་སྙིང་བོ་ཡོད་ཚུལ་རྒྱས་པར་གསུངས་སོ། །

༢དེ་འདྲའི་གཤེགས་སྙིང་ནི། མྱང་འདས་དང་འཁོར་བ་གཉིས་ཀྱི་གཞི་ཡང་ཡིན་ཚུལ་ལ་གཉིས་ལས།

དང་བོ་ནི། བདེ་གཤེགས་སྙིང་བོ་རང་ཉིད་ཀྱི་ངོ་བོ་སྤྱིར་དོན་དམ་མྱང་འདས་ཡིན་ལ། དེ་ལ་དམིགས་ཏེ་བསྒོམས་པས་དྲི་མ་མཐའ་དག་ཟད་པའི་མྱང་འདས་ཐོབ་དགོས་པའི་ཕྱིར། དེ་གསར་བྱུང་མྱང་འདས་ཐོབ་བྱེད་ཀྱི་རྒྱུ་ཡིན་པའི་ཆ་ནས་དེ་དེའི་གཞི་ཡིན།

གཉིས་པ་ནི། གཤེགས་སྙིང་དེ་འཁོར་བའི་རྒྱུས་དངོས་མིན་ཀྱང་དྭངས་གསལ་ཆུ་དང་ས་རྡུལ་འདྲེས་པ་ལྟར། སྣང་གྲགས་ཀུན་རྫོབ་གློ་བུར་གྱི་འཁོར་བ་དེ་ཡང་རང་བཞིན་འོད་གསལ་སེམས་དང་ཆོས་དང་ཆོས་ཅན་གྱི་ཚུལ་དུ་རྟེན་དང་བརྟེན་པའི་སྒོ་ནས་གནས་པས་དེ་དེའི་གཞི་ཡང་ཡིན་པར་བསྟན་ནོ། །

དེ་ལྟར་ཐེག་པ་ཆེན་པོའི་གཞུང་ལུགས་ཆོས་མངོན་པའི་མདོ་ལས།
“ཐོག་མ་མེད་དུས་ཅན་གྱི་དབྱིངས། །
ཆོས་རྣམས་ཀུན་གྱི་གནས་ཡིན་ཏེ། །
དེ་ཡོད་པས་ནི་འགྲོ་ཀུན་ལ། །
མྱ་ངན་འདས་པའང་ཐོབ་པ་ཡིན། ། ”
ཞེས་དང་།

ཀྱེེེ་རྡོ་རྗེ་ཞེས་བྱ་བ་རྒྱུད་ཀྱི་རྒྱལ་བོ་ལས།
“དེ་ཉིད་སྲོག་ཆགས་རྣམས་ཀྱི་སྲོག།
དེ་ཉིད་ཡི་གེ་དམ་པ་ཉིད། །
དེ་ཉིད་འགྲོ་བའི་བདག་ཉིད་དེ། །
དེ་ཉིད་ཐམས་ཅད་ཁྱབ་པ་པོ། །
ཐམས་ཅད་ལུས་ལ་རྣམ་པར་གནས། །
དངོས་དང་དངོས་མེད་དེ་ལས་བྱུང་། ། ”
ཞེས་དང་། ཡང་རྒྱུད་བླ་མ་ལས།

“འོད་གསལ་བྱེད་མིན་དབྱེར་མེད་པར། །
འཇུག་ཅན་གང་གཱའི་ཀླུང་གི་ནི། །
རྡུལ་ལས་འདས་པའི་སངས་རྒྱས་ཀྱི། །
ཆོས་རྣམས་ཀུན་དང་ལྡན་པ་ཉིད། ། ”
ཞེས་སོགས་གསུངས་སོ། །

༣བདེ་གཤེགས་སྙིང་བོ་དེ་ཉིད་ཀྱི་གཤིས་ལ་གཞན་དབང་ཀུན་བཏགས་ཀྱི་ངོ་བོ་ཡོད་པ་མ་ཡིན་ཞིང་། དོན་དམ་པའི་ངོར་མེད་པའང་མ་ཡིན་པ་དེ་བཞིན་དུ། ཆོས་ཉིད་སྐྱེ་འགག་འཕེལ་གྲིབ་སྤྲོས་པ་མཐའ་དག་གིས་གདོད་ནས་དག་པ་ཡིན་ཏེ། མདོ་སྡེ་རྒྱན་ལས།
“ཡོད་མིན་མེད་མིན་དེ་བཞིན་མིན་གཞན་མིན། །
སྐྱེ་དང་འགག་མེད་བྲི་བར་མི་འགྱུར་ཞིང་། །
འཕེལ་བ་མེད་ཅིང་རྣམ་པར་དག་པའང་མེད། །
རྣམ་པར་དག་འགྱུར་དེ་ནི་དོན་དམ་མཚན། ། ”
ཞེས་གསུངས་སོ། །

༤བདེ་གཤེགས་སྙིང་བོ་རང་གི་ངོ་བོས་མི་སྟོང་བའི་སྟོང་ཉིད་དམ་བདེན་པའི་ཚུལ་ཏུ་ཡོད་ཚུལ་ནི། མྱ་འདས་ཆེན་མོ་ལས།

“མྱ་ངན་ལས་འདས་པ་ནི་མི་སྟོང་བའི་སྟོང་བ་ཉིད་དོ། ། དེ་ལས་གཞན་པ་ནི་སྟོང་བའི་སྟོང་བ་ཉིད་དོ། ། ”

ཞེས་དང་། རྒྱུད་བླ་མ་ལས།

“རྣམ་དབྱེར་བཅས་པའི་མཚན་ཉིད་ཅན། །
གློ་བུར་དག་གིས་ཁམས་སྟོང་གི།
རྣམ་དབྱེར་མེད་པའི་མཚན་ཉིད་ཅན། །
བླ་མེད་ཆོས་ཀྱི་སྟོང་མ་ཡིན། ། ”

ཞེས་དང་། ཀླུའི་སེམས་འགྲེལ་ལས།
“དགེ་དང་མི་དགེའི་རྣམ་རྟོག་རྣམས། །
རྒྱུན་ཆད་པ་ཡི་མཚན་ཉིད་ཅན། །
སངས་རྒྱས་རྣམས་ཀྱིས་སྟོང་ཉིད་གསུངས། །
གཞན་དུ་སྟོང་ཉིད་འདོད་པ་མིན། ། ”
ཞེས་དང་། རྒྱུད་བླ་མ་ལས།

“མྱ་ངན་འདས་པ་བདེན་གཅིག་པུར། །
རྒྱལ་བ་རྣམས་ཀྱིས་གང་གསུངས་པ། །
དེ་ཚེ་ལྷག་མ་ལོག་མིན་ཞེས། །
མཁས་པ་སུ་ཞིག་རྟོགས་པར་བྱེད། ། ”
ཞེས་སོགས་གསུངས།

དེས་ན་ཆོས་ཐམས་ཅད་སྟོང་ཉིད་ཡིན་ན་ཆོས་ཐམས་ཅད་སྟོང་ཉིད་མེད་དགག་ཡིན་མི་དགོས་པ་དང་། སྟོང་ཉིད་ཡིན་ཚུལ་ནི་ཕྱི་རོལ་བའི་སྒྲོ་བཏགས་པའི་རྟག་གཅིག་རང་དབང་བའི་སྟོང་བའི་རྒྱུ་མཚན་གྱིས་སྟོང་ཉིད་ལ་གོ་དགོས་ཏེ། ཕར་ཕྱིན་ཉ་ཊཱིཀ་ལས།
“བྱེད་པ་པོའི་བདག་གིས་དབེན་པ། སྟོང་བའི་མཚན་ཉིད། ”
ཞེས་དང་། རྒྱུད་བླ་མ་ལས།

“འདི་ལ་བསལ་བྱ་ཅི་ཡང་མེད། །
བཞག་པར་བྱ་བ་ཅུང་ཟད་མེད། །
ཡང་དག་ཉིད་ལ་ཡང་དག་བལྟ། །
ཡང་དག་མཐོང་ནས་རྣམ་པར་གྲོལ། ། ”
ཞེས་གསུངས་སོ། །

༥བདེ་གཤེགས་སྙིང་བོ་རང་བྱུང་ཡེ་ཤེས་ཡིན་ལུགས་ནི། འགྲེལ་ཆེན་དྲི་མེད་འོད་ལས།
“སྐད་ཅིག་དང་དུ་མ་དང་བྲལ་བའི་ཡེ་ཤེས་ནི་རྒྱལ་བ་རྣམས་ཀྱིས་དེ་ཁོ་ན་ཉིད། ”
ཞེས་གསུངས། དེ་བཞིན་དུ་འཇམ་དཔལ་མཚན་བརྗོད་ལས།

“ནམ་མཁའ་ལས་བྱུང་རང་བྱུང་བ། །
ཤེས་རབ་ཡེ་ཤེས་མེ་བོ་ཆེ། །
འོད་ཆེན་རྣམ་པ་སྣང་བར་བྱེད། །
ཡེ་ཤེས་སྣང་བ་ལམ་མེ་བ། ། ”
ཞེས་དང་། ཡང་དེ་ཉིད་ལས།

“ཡེ་ཤེས་སྐུ་སྟེ་རང་བྱུང་བ། །
འཇམ་དཔལ་ཡེ་ཤེས་སེམས་དཔའ་ཡི། །
མིང་ནི་ཡང་དག་བརྗོད་པའི་མཆོག།
དོན་ཟབ་དོན་ནི་རྒྱ་ཆེ་ཞིང་། ། ”

ཞེས་དང་། རྒྱུད་བླ་མ་ལས།

“ལུས་ཅན་ལ་ཡོད་ཟག་པ་མེད་པའི་ཤེས་པ་སྦྲང་མའི་རྩི་དང་འདྲ། ། ”
ཞེས་དང་། ཀླུ་སྒྲུབ་ཀྱི་ཆོས་དབྱིངས་སྟོད་པ་ལས།

“ས་ཡི་ནང་ན་གནས་པའི་ཆུ། །
དྲི་མ་མེད་པར་གནས་པ་ལྟར། །
ཉོན་མོངས་ནང་ན་ཡེ་ཤེས་ཀྱང་། །
དེ་བཞིན་དྲི་མ་མེད་པར་གནས། ། ”
ཞེས་སོགས་གསུངས།

༦མཚན་དང་དཔེ་བྱད་རང་ཆས་སུ་མངའ་བའི་བདེ་གཤེགས་སྙིང་བོ་ཡོད་པ་དང་དེ་ཉིད་སེམས་ཅན་གྱི་རྒྱུད་ལ་བཞུགས་ཚུལ་ནི། སོར་ཕྲེང་གི་མདོ་ལས།

“སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་དབྱིངས་མ་སྐྱེས་པ་མཚན་དང་དཔེ་བྱད་བཟང་བོ་མཐའ་ཡས་པས་བརྒྱན་པའི་དབྱིངས་ཡོད་དོ། ། ”
ཞེས་དང་། དཔལ་འཕྲེང་གི་མདོ་ལས།

“དེ་བཞིན་གཤེགས་པའི་སངས་རྒྱས་ཀྱི་རང་བཞིན་ནི་རྣམ་པ་གཉིས་ཏེ། ཡོད་པ་དང་མེད་པའོ། ། ”
ཞེས་དང་། མདོ་ལས།

“སངས་རྒྱས་ཡེ་ཤེས་སེམས་ཅན་ཚོགས་ཞུགས་ཕྱིར། ། ”
ཞེས་དང་། ཆོས་དབྱིངས་སྟོད་པ་ལས།

“ས་ཡི་དཀྱིལ་ན་ཡོད་པའི་ཆུ། །
དྲི་མ་མེད་པར་གནས་པ་ལྟར། །
ཉོན་མོངས་ནང་ན་ཡེ་ཤེས་ཀྱང་། །
དེ་བཞིན་དྲི་མ་མེད་པར་གནས། ། ”
ཞེས་དང་། འཇམ་དཔལ་མཚན་བརྗོད་ལས།

“སུམ་ཅུ་རྩ་གཉིས་མཚན་འཆང་བ། ། ”
ཞེས་སོགས་གསུངས་སོ། །

༧དེ་ལྟ་བུའི་བདེ་གཤེགས་སྙིང་བོ་སྒོམ་ཚུལ་ནི། སོ་སྐྱེས་ཚོགས་ལམ་དུ་བདེ་གཤེགས་སྙིང་བོ་དེ་ཉིད་སྒོམ་པ་ལ་དད་པའི་ཡུལ་དུ་བྱས་ནས་སྒོམ་པ་དང་། སྦྱོར་ལམ་དུ་ཕྱི་གཟུང་བ་ཕྱི་དོན་གྱི་ཡུལ་དང་། ནང་འཁྲུལ་བ་གློ་བུར་བའི་སེམས་གཉིས་པོ་རང་བཞིན་བདེན་པར་མེད་པའི་ཚུལ་དུ་སྒོམ་པ་དང་། མཐོང་ལམ་དུ་ཆོས་ཉིད་ཡེ་ཤེས་ཀྱི་ཆ་ཤས་ཙམ་མངོན་དུ་བྱེད་པའི་སྒོ་ནས་སྒོམ་པ་དང་། སྒོམ་ལམ་དུ་ཆོས་ཉིད་ཡེ་ཤེས་ཀྱི་ཆ་རྣམས་རིམ་གྱིས་མངོན་དུ་བྱེད་པའི་སྒོ་ནས་ལེགས་པར་སྒོམ་པའི་མཐུ་ལས། མཐར་འོད་གསལ་བདེ་གཤེགས་སྙིང་བོ་ཆ་ཐམས་ཅད་ནས་མངོན་དུ་གྱུར་པ་ན། མི་སློབ་ལམ་ཐོབ་པའོ། ། དེ་དག་གི་ཚུལ་ནི། རྒྱུད་བླ་མ་ལས།

“རང་བྱུང་རྣམས་ཀྱི་དོན་དམ་དེ། །
དད་པ་ཉིད་ཀྱིས་རྟོགས་བྱ་ཡིན། །
ཉི་མའི་དཀྱིལ་འཁོར་འོད་འབར་བ། །
མིག་མེད་པས་ནི་མཐོང་བ་མེད། ། ”
ཞེས་དང་། དབང་མདོར་བསྟན་ལས།

“ཇི་ལྟར་ཟླ་ཤར་རིམ་པ་ཡིས། །
ཆ་རྣམས་ཀྱིས་ནི་རྫོགས་པར་འགྱུར། །
གྲིབ་མ་ཉམས་པ་རྫོགས་པ་སྟེ། །
ཟླ་བ་ཆད་དང་རྫོགས་པ་མིན། །
དེ་བཞིན་ཡེ་ཤེས་ཤར་རིམ་པའི་། །
ས་རྣམས་ཀྱིས་ནི་རྫོགས་པར་འགྱུར། །
ཉོན་མོངས་ལ་སོགས་ཉམས་པ་རྫོགས། །
ཡེ་ཤེས་ཆད་དང་རྫོགས་པ་མིན། ། ”
ཞེས་དང་། འགྲེལ་ཆེན་དྲི་མེད་འོད་ལས།

“ཇི་ལྟར་རྡོ་དྲེག་སྐུད་པའི་གོ་སྐུད་པའི་གོས་དག་ནི། །
མེ་ཡིས་བསྲེགས་པ་ཉིད་ཀྱིས་དག་འགྱུར་བ། །
དེ་བཞིན་སྐྱེས་བུ་རྣམས་ཀྱི་དམ་པ་ཡི། །
སེམས་ནི་ཤེས་རབ་ཡེ་ཤེས་དག་གིས་སོ། ། ”
ཞེས་དང་། ཆོས་དབྱིངས་བསྟོད་པ་ལས།

“ཇི་ལྟར་ཚེས་པའི་ཟླ་བ་ལ། །
ཟླ་བ་རིམ་གྱིས་འཕེལ་བ་ལྟར། །
དེ་བཞིན་ས་ལ་བཞུགས་རྣམས་ཀྱིས། །
རིམ་གྱིས་རིམ་གྱིས་འཕེལ་བར་མཐོང་། །
ཇི་ལྟར་ཡར་ངོས་བཅོ་ལྔ་ལ། །
ཟླ་བ་རྫོགས་ཤིང་གསལ་བ་ལྟར། །
དེ་བཞིན་ས་ཡི་མཐར་ཐུག་ན། །
ཆོས་ཀྱི་སྐུ་ཡང་རྫོགས་ཤིང་གསལ། ། ཞེས་དང་། ཆོས་དབྱིངས་སྟོད་པ་ལས།

“ཇི་ལྟར་འོ་མ་རྣམ་སྦྱོངས་པས། །
མར་གྱི་སྙིང་པོ་དྲི་མེད་འགྱུར། །
དེ་བཞིན་ཉོན་མོངས་རྣམ་སྦྱངས་པས། །
ཆོས་དབྱིངས་ཤུན་ཏུ་དྲི་མེད་འགྱུར། ། ”
ཞེས་སོགས་རྒྱས་པར་གསུངས་པ་ལྟར་རོ། །

༨ཆོས་ཉིད་བདེ་གཤེགས་སྙིང་བོ་དེ་ཡང་རྟག་པ་བརྟན་པ་གཡུང་དྲུང་ཐེར་ཟུག་སོགས་ཡིན་པ་ནི། འཇམ་དཔལ་ལྟ་འདོད་མདོར་བསྟན་ལས།

“ཕུང་བོ་རྣམ་དཔྱད་སྟོང་པ་རྣམས། །
ཆུ་ཤིང་ཇི་བཞིན་སྙིང་བོ་མེད། །
རྣམ་པ་ཐམས་ཅད་མཆོག་ལྡན་པའི། །
སྟོང་ཉིད་དེ་ལྟར་འགྱུར་མ་ཡིན། ། ”
ཞེས་དང་། རྒྱན་སྟུག་པོ་ལས།

“དེ་བཞིན་གཤེགས་པ་ནི་རྟག་པ་ཐེག་ཟུག་མི་འཇིགས་པ་སྟེ། སངས་རྒྱས་རྗེས་སུ་དྲན་པའི་བསྒོམས་པའི་རྣལ་འབྱོར་ཅན་རྣམས་ཀྱི་ཡུལ་ཡིན་ཏེ། དེ་བཞིན་གཤེགས་པའི་སྙིང་པོའོ། ། ”ཞེས་དང་། ཆོ་འཕྲུལ་གྱི་མདོ་ལས།

“དེ་བཞིན་གཤེགས་པ་ནི་རྟག་པའོ། །
དེ་བཞིན་གཤེགས་པ་ནི་གཡུང་དྲུང་ངོ་། ། ”
ཞེས་དང་། མདོ་ལས།

“ཤ་རིའི་བུ་མི་ཟད་པའི་ཆོས་ཉིད་ཀྱིས་ན་གཞན་དུ་མི་འགྱུར་བའི་ཆོས་ཀྱི་སྐུ་འདི་ནི་རྟག་པའོ། ། ཤཱ་རིའི་བུ་ཕྱི་མའི་མཐའི་མུ་དང་མཚུངས་བ་ཉིད་ཀྱིས་བརྟན་པའི་སྐྱབས་སུ་གྱུར་བའི་ཆོས་ཀྱི་སྐུ་འདི་ནི་བརྟན་པའོ། ། ཤ་རིའི་བུ་རྣམ་པར་མི་རྟོག་པ་ཉིད་ཀྱིས་གཉིས་སུ་མེད་པའི་ཆོས་ཀྱི་སྐུ་འདི་ནི་ཞི་བའོ། ། ཤ་རིའི་བུ་མ་བཅོས་པའི་ཆོས་ཉིད་ཀྱིས་འཇིག་པ་མེད་པའི་ཆོས་ཀྱི་སྐུ་འདི་ནི་གཡུང་དྲུང་ངོ་། ། ”
ཞེས་དང་། རྒྱུད་བླ་མ་ལས།

“མི་ཟད་ཡོན་ཏན་དང་ལྡན་ཕྱིར། །
གཞན་འགྱུར་མིན་བདག་རྟག་པའི་དོན། །
མཐའ་ཡི་མུ་དང་མཚུངས་པའི་ཕྱིར། །
གཉིས་མེད་ཆོས་ཉིད་ཞི་བའི་དོན། །
སྐྱབས་ཀྱི་བདག་ཉིད་བརྟན་པའི་དོན། །
རྣམ་པར་མི་རྟོག་རང་བཞིན་ཕྱིར། །
གཉིས་མེད་ཆོས་ཉིད་ཞི་བའི་དོན། །
མ་བཅོས་ཡོན་ཏན་ཉིད་ཕྱིར་ན། །
འཇིག་མེད་དོན་ནི་གཡུང་དྲུང་ཉིད། ། ”
ཅེས་དང་། རྒྱུད་བླ་མ་ལས།

“ཇི་ལྟར་སྔར་བཞིན་ཕྱིས་དེ་བཞིན། །
འགྱུར་བ་མེད་པའི་ཆོས་ཉིད་དོ། ། ”
ཅེས་དང་། མངོན་པ་ཀུན་བཏུས་ལས།

“གང་ལ་གང་མེད་པ་དེ་ནི་དེས་སྟོང་ངོ་ཞེས་ཡང་དག་པར་རྗེས་སུ་མཐོང་ལ། དེ་ལ་ལྷག་མ་གང་ཡིན་པ་དེ་ནི་དེར་རྟག་ཏུ་ཡོད་དོ། ། ”
ཞེས་སོགས་གསུངས་སོ། །

༩སེམས་ཅན་གྱི་རྒྱུད་ཀྱི་གཞི་བདེ་གཤེགས་སྙིང་བོ་དང་སངས་རྒྱས་ཀྱི་རྒྱུད་ཀྱི་དེ་ལའང་ཁྱད་པར་མེད་དེ། ཆོས་ཉིད་ཀྱི་ངོ་བོ་དབྱེར་མེད་ཡིན་པའི་ཕྱིར། དཔེར་ན། ཉི་མས་འོད་ཀྱི་སྣོད་བཅུད་གཉིས་ལ་ཁྱབ་ཀྱང་ཁྱབ་བྱེད་ཉི་མ་གཅིག་མ་གཏོགས་མེད་པ་བཞིན་ཡིན་ནོ། ། དེ་ལྟར་ཡང་རྒྱུད་བླ་མ་ལས།

“རྫོགས་སངས་སྐུ་ནི་འཕྲོ་ཕྱིར་དང་། །
དེ་བཞིན་ཉིད་དབྱེར་མེད་ཕྱིར་དང་། །
རིགས་ཡོད་ཕྱིར་ན་ལུས་ཅན་ཀུན། །
རྟག་ཏུ་སངས་རྒྱས་སྙིང་བོ་ཅན། ། ”
ཞེས་དང་། མངོན་རྟོགས་རྒྱན་ལས།

“ཆོས་ཀྱི་དབྱིངས་ལ་དབྱེར་མེད་ཕྱིར། །
རིགས་ནི་ཐ་དད་རུང་མ་ཡིན། ། ”
ཞེས་གསུངས་སོ། ། དོན་དམ་དབྱིངས་ལ་དེ་ལྟར་དབྱེ་བ་མེད་ཀྱང་ཀུན་རྫོབ་ཀྱི་དབང་གིས་རྟེན་པའི་བསྒྲུབ་པ་ཐ་དད་པ་ཡོད་པས་དབྱེ་བ་བཞེད་དེ། མངོན་རྟོགས་རྒྱན་ལས།

“རྟེན་པའི་ཆོས་ཀྱི་བྱེ་བྲག་གིས། །
དེ་ཡི་དབྱེ་བ་ཡོངས་སུ་བརྗོད། ། ”
ཞེས་གསུངས་སོ། །

༡༠དེ་གྲངས་ཅན་གྱི་བདག་དང་མི་མཚུངས་པ་ནི། ལངྒར་གཤེགས་པ་ལས།

“བདེ་གཤེགས་སྙིང་པོ་མཚན་དཔེ་ཅན་ཡོད་ན་མུ་སྟེགས་པའི་བདག་དང་མཚུངས་པར་མི་འགྱུར་བ་མིན་ནམ་ཞེས་ཞུས་ནས། ལན་དུ་མི་མཚུངས་ཏེ་སྟོང་པ་ཉིད་ཡིན་པའི་ཕྱིར། ”
ཞེས་དང་། རི་ཆོས་ངེས་དོན་རྒྱ་མཚོ་ལས།

“གལ་ཏེ་བདག་གི་དབྱིངས་དང་བདག་ཆེན་པོ་དང་དག་པའི་བདག་སོགས་གཏན་ནས་མི་སྲིད་དེ། བདག་གང་ཡང་མི་སྲིད་པའི་ཕྱིར་རོ་ཞེ་ན། དེ་ལྟ་ན་ནི་དེ་བཞིན་ཉིད་བདག་དག་པའི་བདག་ཀྱང་མི་སྲིད་པར་འགྱུར་ཞིང་། ཉོན་མོངས་པའི་ཁམས་རྣམས་དག་པའི་བདག་རྣམས་མི་སྲིད་པར་འགྱུར་རོ། ། ”
ཞེས་དང་། ལང་ཀར་གཤེགས་པའི་མདོ་ལས།

“དེ་བཞིན་གཤེགས་པའི་སྙིང་པོ་དགེ།
རྟོག་གེ་ཅན་གྱི་སྤྱོད་ཡུལ་མིན། ། ”
ཞེས་དང་། མདོ་ལས།

“བདག་ཏུ་རྟོག་པར་འགྱུར་ན་མི་རུང་ཞེས། །
འདི་ནི་བྱིས་པ་རྣམས་ལ་ངས་མ་བསྟན། ། ”
ཞེས་དང་། དེས་ན་འཇིག་རྟེན་པའི་བདག་དང་དག་པའི་བདག་ལ་ཁྱད་པར་འབྱེད་ཤེས་དགོས་སོ། ། དག་པའི་བདག་སོགས་ཡོད་པ་འཇམ་དཔལ་མཚན་བརྗོད་སོགས་སུ་གསལ་བ་ལྟར་རོ། །

༡༡གཤེགས་སྙིང་སྒྲ་རྟོག་གི་ཡུལ་ལས་འདས་ཚུལ་ནི། ཤེས་རབ་སྙིང་བོ་ལས། {སྲས་སྒྲ་གཅན་འཛིན་གྱིས་ཡུམ་ལ་བསྟོད་པ། }

“སྨྲ་བསམ་བརྗོད་མེད་ཤེས་རབ་ཕར་རོལ་ཕྱིན། །
མ་སྐྱེས་མ་འགག་ནམ་མཁའི་ངོ་བོ་ཉིད། །
སོ་སོར་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །
དུས་གསུམ་རྒྱལ་བའི་ཡུམ་ལ་ཕྱག་འཚལ་ལོ། ། ”
ཞེས་གསུངས། དེ་བཞིན་སྤྱོད་འཇུག་ལས་ཀྱང་།

“དོན་དམ་བློ་ཡི་སྤྱོད་ཡུལ་མིན། །
བློ་ནི་ཀུན་རྫོབ་ཡིན་པར་འདོད། ། ”
ཅེས་གསུངས་སོ། །

༡༢བདེ་གཤེགས་སྙིང་བོ་དང་སྟོང་ཉིད་རྣམ་གྲངས་ཡིན་ཚུལ་ནི། རྒྱན་སྟུག་པོ་ལས།
“དེ་བཞིན་གཤེགས་པ་ནི་རྟག་པ་ཐེར་ཟུག་མི་འཇིགས་པ་སྟེ། སངས་རྒྱས་རྗེས་སུ་དྲན་པའི་བསྒོམ་པའི་རྣལ་འབྱོར་ཅན་རྣམས་ཀྱི་ཡུལ་ཡིན་ཏེ། དེ་བཞིན་གཤེགས་པའི་སྙིང་པོའོ། ། ”
ཞེས་དང་། དབུས་མཐའ་ལས།

“དེ་བཞིན་ཉིད་དང་ཡང་དག་མཐའ། །
མཚན་མ་མེད་དང་དོན་དམ་དང་། །
ཆོས་ཀྱི་དབྱིངས་རྣམས་རྣམ་གྲངས་སོ། ། ”
ཞེས་དང་། བྱང་ཆུབ་སེམས་འགྲེལ་ལས།

“བྱང་ཆུབ་སེམས་མཆོག་དེ་ཉིད་ནི། །
དེ་བཞིན་ཉིད་དང་ཡང་དག་མཐའ། །
མཚན་མ་མེད་དང་དོན་དམ་དང་། །
སྟོང་བ་ཉིད་ཅེས་བརྗོད་པ་ཡིན། ། ”
ཞེས་སོགས་མཐའ་ཡས་པ་གསུངས་སོ། །

དེ་ཙམ་གྱི་ཐོག་ནས་གཞི་བདེ་གཤེགས་སྙིང་བོའི་ངོ་བོ་དང་། ཁྱད་ཆོས་རགས་ཙམ་གོ་ཐུབ་པར་དམིགས་ཡུལ་དུ་བཟུང་ནས་ཕྲན་གྱིས་རྩོམ་ཤོག་འདི་མཇུག་བསྡུས་སོ། །

རྗེ་བཙུན་ཏཱ་ར་ནཱ་ཐའི་ཞལ་ནས།

“མདོ་དོན་མཐར་ཐུག་གཞན་སྟོང་དབུ་མ་དང་། །
རྒྱུད་དོན་མཐར་ཐུག་རྡོ་རྗེ་རྣལ་འབྱོར་གྱི། །
ལྟ་སྒོམ་འབྲེལ་བའི་ལམ་གྱིས་གནད་བཟུང་ནས། །
ཆོས་སྒོ་མཐའ་དག་གསལ་བར་བྱེད་པར་ཤོག། ”

སརྦ་མངྒ་ལམ།