གཡུང་དྲུང་བོན་གྱི་དྲྭ་རྒྱ།

རྗེ་ཙོང་ཁ་པ་ཆེན་པོའི་གསུང་དྲང་ངེས་ལེགས་བཤད་སྙིང་པོའི་དཀའ་གནད་ལ་ཆོས་བརྒྱུད་སེར་སྐྱ་རིས་མེད་ཀྱི་མཁས་པའི་བགྲོ་གླེང་སྟེང་དུ་༧བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་དཔོན་སློབ་རིན་པོ་ཆེས་གཡུང་དྲུང་སེམས་དཔའ་སྤྲོས་མེད་པའི་ལྟ་བའི་བསྡུས་དོན་ལེགས་པར་བཤད་པ་ཞེས་བྱ་བའི་སྐོར་གྱི་བགྲོ་གླེང་བརྙན་དུམ།

དེ་ཡང་བོད་ཟླ་༡༡ཚེས་༡༣དང་ཕྱི་ལོ་༢༠༡༨ལོའི་ཟླ་༡༢ཚེས་༢༠ཉིན་༧གོང་ས་སྐྱབས་མགོན་ཆེན་མོ་དབུ་བཞུགས་ཐོག

སྔ་དྲོའི་ཆུ་ཚོད་༨:༠༠ནས་༨:༤༠བར་༧གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་གི་ངེས་དོན་གྱི་མཁས་དབང་ཆེན་མོ་༧སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་ནས་གཡུང་དྲུང་སེམས་དཔའ་སྤྲོས་མེད་པའི་ལྟ་བའི་བསྡུས་དོན་ལེགས་པར་བཤད་པ་ཞེས་པའི་བརྗོད་གཞི་དང་འབྲེལ་ནས་བོན་གྱི་ཐེག་དགུའི་རྣམ་གཞག་དང་ཁྱད་པར་སེམས་དཔའ་སྤྲོས་མེད་པའི་གཞུང་ལུགས་བཅས་སྤྱི་དོན་རྣམ་པ་བདུན་གྱིས་སྒོ་ནས་བརྗོད་གཞི་ཟབ་རྒྱས་སུ་སྤྲོས་ཡོད་པ་དང་། ཆུ་ཚོད་ཕྱེད་ཀའི་རྗེས་ཆོས་བརྒྱུད་རིས་མེད་ཀྱི་མཁས་དབང་དག་གིས་བཏངས་གནང་བའི་དྲི་བར་ལན་བཀྱོན་ཡོད་པ་བཅས་བགྲོ་གླེང་གནང་ཡོད་པ་དང་།

ཐེངས་འདིའི་རྗེ་ཙོང་ཁ་པ་ཆེན་པོའི་གསུང་དྲང་ངེས་ལེགས་བཤད་སྙིང་པོའི་དཀའ་གནད་སྐོར་གྱི་ཆོས་བརྒྱུད་སེར་སྐྱ་རིས་མེད་ཀྱི་མཁས་པའི་བགྲོ་གླེང་སྟེང་དུ་མཉམ་ཞུགས་གནང་བའི་༧གདན་ས་སྨན་རིའི་དགེ་བཤེས་སྦྱིན་པ་ཚེ་བརྟན་དང་། དགེ་བཤེས་ཤེས་རབ་ཉི་མ། དགེ་བཤེས་ཤེས་རབ་བསམ་འཕེལ། དགེ་བཤེས་ཤེས་རབ་རྣམ་རྒྱལ། དགེ་བཤེས་སྐལ་བཟང་ཕུན་ཚོགས་བཅས་ནས་ཕྱི་རྒོལ་དམ་བཅའ་ཆེན་མོའི་རྩོད་འགན་བཞེས་ནས་རྩོད་པའང་གནང་ཡོད་པ་བཅས་ཀྱི་གནས་བསྡུས་སུ།