གཡུང་དྲུང་བོན་གྱི་དྲྭ་རྒྱ།

ཐ་སྙད本དང苯གཉིས་ལས་གང་ཞིག་སྤྱོད་བདེ་བར་དཔྱད་པ།

ཐ་སྙད本དང苯གཉིས་ལས་གང་ཞིག་སྤྱོད་བདེ་བར་དཔྱད་པ། སྟོང་སྐོར་ཚེ་རིང་ཐར།  ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ། མདོ་དབུས་མཐོ་སྒང་གི་རང་སའི་ཆོས་ལུགས་བོན་བསྟན་གྱི་རྒྱ་འགྱུར་ཐ་སྙད་ལ་འབྲི་སྲོལ་མང་པོ་ཞིག་བྱུང་མྱོང་སྟེ། དཔེར་ན། 锛教དང笨教། 黑教།本教།苯教བཅས་སོ། དེ་ལས་锛教ནི་མིའི་རིགས་རིག་པ་བ་མཱ་ཁྲང་ཧྲོའུ(马长寿)ཡིས་མིང་གོའི་སྐབས་སུ་སྤྱོད་འགོ་བརྩམས། འོན་ཀྱང་རིག་གཞུང་ཞིབ་འཇུག་གི་ཁྲོད་དུ་དེ་ལ་ཁས་ལེན་མ་ཐོབ། 笨教ནི་དུས་རབས་ཉི་ཤུ་པའི་དུས་མཇུག་ཏུ་རྒྱ་ཡིག་གི་ལམ་ནས་རྩོམ་འབྲི་བྱེད་མཁན་གྱི་བོད་རིགས་ཞིབ་འཇུག་པ་ཁ་ཤས་ཀྱིས་སྤྱོད་འགོ་བརྩམས་ཀྱང་། ཐ་སྙད་དེ་ཕྱོགས་ཞེན་གྱི་དབང་དུ་སོང་དྲག་པས་ཡུན་རིང་མ་འགོར་བར་སྤྱོད་མཚམས་བཞག དུས་རབས་ཉི་ཤུ་པའི་ལོ་རབས་བརྒྱད་ཅུ་པར་བཅོས་བསྒྱུར་སྒོ་འབྱེད་བྱས་པ་དང་ལྷན་དུ་རང་རྒྱལ་གྱི་བོད་རིག་པའི་ཞིབ་འཇུག་གི་ལས་དོན་ལ་འཕེལ་རྒྱས་ཆེན་པོ་བྱུང་། སྐབས་དེར་བོན་པོའི་བླ་གྲྭ་ནང་དུ་རྒྱ་ཡིག་གིས་བོན་བསྟན་སྐོར་བྲིས་པའི་རྩོམ་ཡིག་བྱུང་མེད་ན་ཡང་། རིག་གཞུང་ཞིབ་འཇུག་གི་ཁྲོད་དུ本教ཞེས་པའི་ཐ་སྙད་སྤྱད་དེ་མདོ་དབུས་མཐོ་སྒང་གི་རང་སའི་ཆོས་ལུགས་བོན་བསྟན་ལ་དཔྱད་བརྗོད་སྤེལ་བ་རྒྱུགས་ཆེ་ལ་ཁོ་བོ་ཡང་དེའི་གྲས་ཡིན།  དུས་མཚུངས་སུ苯教སྤྱོད་མཁན་ཡང་ཁ་ཤས་བྱུང་ཡོད། ཡིན་ན་ཡང་། ཞིབ་འཇུག་གཏིང་ཇེ་ཟབ་ཏུ་སོང་བ་དང་བསྟུན་ནས་རྒྱ་ཡིག་སྟེང་ནས་བོན་བསྟན་ལ་དཔྱད་བརྗོད་སྤེལ་བའི་སྐབས་སུ་ཚིག་ཚོགས་དང་གོ་དོན་གྱི་རྙོག་འཛིང་ཇེ་ཆེར་གྱུར་ཏེ། རྒྱ་ཡིག་གི本教བྱ་བའི本ལ་མཚོན་དོན་མང་པོ་ཞིག་ཡོད་པས་ཚིག་ཚོགས་མང་པོའི་སྐབས་དང་ཚིག་གྲོགས་སྦྱར་བའི་སྐབས་སུ་དེའི་གོ་དོན་ལོག་སླ་བའི་གནས་ཚུལ་ཤིན་ཏུ་མང་པོ་བྱུང་། དེའི་རྒྱུ་མཚན་གྱིས་རིག་གཞུང་ཞིབ་འཇུག་གི་ཁྱབ་ཁོངས་སུ་རིམ་བཞིན本教ཞེས་པའི་ཐ་སྙད་དེ་སྤྱོད་མཚམས་བཞག་སྟེ་苯教ཞེས་པའི་ཐ་སྙད་སྤྱོད་མཁན་ཇེ་མང་དུ་གྱུར། དེང་དུས་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་གི་ཆུ་ཚད་མཐོ་ཤོས་མཚོན་བྱེད་ཀྱི་རིག་གཞུང་དུས་དེབ《ཀྲུང་གོ་བོད་རིག་པ》དང་འབྲེལ་ཡོད་ཀྱི་སློབ་གྲྭ་ཆེན་མོ་ཁག་གི་རིག་གཞུང་དུས་དེབ། རྒྱལ་ཁབ་རིམ་པའི་གསར་འགྱུར་ལས་ཁུངས་གཙོ་བོ་སོགས་ཀྱིས་གཅིག་གྱུར་གྱི་སྒོ་ནས苯教ཞེས་པའི་ཐ་སྙད་དེ་སྤྱོད་བཞིན་ཡོད། ཡིན་ནའང་། རྒྱ་ཡིག་གི本ཞེས་པའི་ཐ་སྙད་དེ་ལ་མ་གཞི་དང་རང་ས་ཞེས་པའི་ནང་དོན་ལྡན་པ་དང་། བོན་བསྟན་ནི་མདོ་དབུས་མཐོ་སྒང་གི་རང་སའི་ཆོས་ལུགས་ཡིན་པས། རྒྱ་ཡིག་ཤེས་པའི་བོན་པོའི་བླ་གྲྭ་ཁ་ཤས་སྔར་བཞིན本教ཞེས་པའི་ཐ་སྙད་སྤྱད་དེ་བོན་བསྟན་མཚོན་པར་དགའ།

མདོ་སྔགས་ཟུང་འབྲེལ་ཐེག་ཆེན་གཡུང་དྲུང་བོན།

མདོ་སྔགས་ཟུང་འབྲེལ་ཐེག་ཆེན་གཡུང་དྲུང་བོན་ཞེས་པའི་མཚོན་དོན་མདོར་བསྡུས། དེ་ཡང་གཡུང་དྲུང་གཉིས་ནི་འདུལ་བ་མདོ་ཡི་སྡེ་དང༌། གསང་བ་ཟབ་དཀར་སྔགས་ཀྱི་སྡེ་གཉིས་མཚོན་པར་བྱེད་པ་ད ང༌། བར་གྱི་ལྕུམ་བཞོགས་དེ་ནི་ཐེག་པའི་ཡོངས་རྩེ་རྫོགས་པ་ཆེན་པོ་སེམས་ཀྱི་སྡེ་བཅས་མདོར་ན་མི་ལོ་ཆིག་ཁྲི་བརྒྱད་སྟོང་གི་གོང་དུ་བྱོན་པའི་རྣམ་འདྲེན་ཚེ་ལོ་བརྒྱ་བའི་སྟོན་མཆོག་རྫོགས་པའི་སངས་རྒྱས་རྒྱལ་བ་གཤེན་རབ་མི་བོ་མཆོག་གིས་གཏན་ལ་ཕབས་པའི་བོན་སྒོ་བཞི་མཛོད་ལྔའམ་ཐེག་པ་རིམ་དགུ་མཚོན་པར་བྱེད་དོ།

གཡུང་དྲུང་བོན་གྱི་དྲ་རྒྱ་ངོ་སྤྲོད།

གཡུང་དྲུང་བོན་གྱི་དྲ་ཚིགས་ཆེན་མོ་འདི་ནི་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་མཆོག་གི་བཀའ་འཁྲོལ་གཞིར་བཟུང་འོག་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་གི་དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱི་སྟངས་འཛིན་འོག་ཆེད་དུ་གསར་སྒྲུབ་བྱས་པའི་བོད་གནའ་བོའི་རིག་གཞུང་སྣ་ཚོགས་དང་འབྲེལ་བའི་གཡུང་དྲུང་བོན་སྤྱི་བའི་དྲ་ཚིགས་ཤིག་ཡིན།

གཡུང་དྲུང་བོན་གྱི་དྲྭ་རྒྱའི་ངོ་སྤྲོད།