གཡུང་དྲུང་བོན་གྱི་དྲྭ་རྒྱ།

གཡུང་དྲུང་བོན་གྱི་སྐོར་བགྲོ་གླེང་སྐབས་བཅོ་བརྒྱད་པ་དངོས་སུ་དབུ་འཛུགས་གནང་བ།


དེ་རིང་སྟེ་བོད་ས་ཕག་ལོའི་བོད་ཟླ་༣པའི་ཚེས་༡༥དང་ཕྱི་ཚེས་༢༠༡༩ལོའི་ཟླ་༥ཚེས་༡༩ཉིན་གཡུང་དྲུང་བོན་གྱི་སྐོར་བགྲོ་གླེང་སྐབས་༡༨པ་དངོས་སུ་དབུ་འཛུགས་གནང་ཡོད་པ་དང་། དེ་ཡང་གོང་ཚེས་ཞོགས་པའི་ཆུ་ཚོད་༨པའི་སྟེང་ཐེངས་འདིའི་བགྲོ་གླེང་དུ་ཆེད་ཕེབས་གནང་བའི་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་འགན་འཛིན་དགེ་བཤེས་བློ་བཟང་སྨོན་ལམ་ལགས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱི་ཚོགས་ཁང་དུ་གདན་ཞུས་ཀྱིས་༧ཞྭ་དཀར་བསྟན་པའི་གཙུག་རྒྱན་སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་༣༤པ་ལུང་རྟོགས་ཟླ་བ་དར་རྒྱས་རིན་པོ་ཆེ་གཙོས་སྨན་རིའི་ཚོགས་པ་ཁག་གི་འགན་འཛིན་ཚང་འཛོམས་ཐོག་རིན་པོ་ཆེ་མཆོག་ནས་དགེ་བཤེས་བློ་བཟང་སྨོན་ལམ་ལགས་ལ་བཀའ་དྲིན་གཟེངས་རྟགས་བསྩལ་གནང་ཡོད་པ་དང་།

དེ་ཡང་རྒྱལ་སྤྱིའི་རང་བཞིན་ཅན་གྱི་ཚིག་མཛོད་དང་མཉེན་ཆས་གསར་བཏོད་བྱས་པར་བསྔགས་བརྗོད་དང་། ཚིག་མཛོད་དེ་ཡང་ཆོས་རྒྱུད་རིས་སུ་མ་ཆད་པའི་ཆོས་རྒྱུད་ཁག་གི་ཐུན་མོང་མ་ཡིན་པའི་ཐ་སྙད་ཁག་འདུས་པའི་ཚིག་མཛོད་ཡག་ཤོས་ཤིག་ཡིན་པའི་ངེས་བཞེས་ཡོད་པའི་གསུངས་གནང་ཡོད་པ་དང་།

གོང་ཚེས་ཞོགས་པའི་ཆུ་ཚོད་༩/༣༠སྟེང་གཡུང་དྲུང་བོན་གྱི་སྐོར་བགྲོ་གླེང་སྐབས་༡༨པ་དངོས་སུ་དབུ་འཛུགས་གནང་ཡོད་པ་དང་། དེ་ཡང་ཐེངས་འདིའི་བགྲོ་གླེང་ཚོགས་མགོན་དུ་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་གདན་ཞུས་ཀྱིས་སྣང་གསལ་སྒྲོན་མེ་ཞལ་ཕྱེ་ནས་འདུས་མང་ཡོངས་ནས་གཡུང་དྲུང་བོན་གྱི་བསྟན་པ་རྒྱས་པའི་སྨོན་ལམ་གསུངས་མཚམས་རང་རང་གི་བཞུགས་གྲལ་དུ་འཁོད་ནས། འབྲས་སིལ་དང་གསོལ་ཇ་འདེགས་འབུལ་གྱིས་གཡུང་དྲུང་བོན་གྱི་དཔེ་མཛོད་ཁང་གི་འགན་འཛིན་མར་ནང་དགེ་བཤེས་ཁྲི་གཡུང་དྲུང་ལགས་ནས་བགྲོ་གླེང་འདི་ཐོག་མར་འཛུགས་པའི་དགོས་པ་དང་དམིགས་ཡུལ། ད་ལྟའི་བར་མི་ལོ་༡༨རིང་གྲུབ་འབྲས་དང་དམིགས་ཡུལ་མངོན་གྱུར་སྐོར་ནས་འགྲེལ་བརྗོད་གྲུབ་མཚམས་༧སྐྱབས་རྗེ་མཆོག་ནས་གཡུང་དྲུང་བོན་གྱི་དཔེ་མཛོད་ཁང་ནས་གསར་དུ་དེབ་གཟུགས་སུ་པར་སྐྲུན་ཞུས་པའི་ཀླུ་འབུམ་དཀར་ནག་ཁྲ་གསུམ་སྒོ་འབྱེད་བྱས་ཡོད་པ་དང་།

དེ་ནས་རིམ་བཞིན་བོན་གཞིས་ས་གནས་གཞིས་དྲུང་། ༧དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱི་དྲུང་ཆེ་དགེ་བཤེས་ཚེ་དབང་དངོས་གྲུབ་སོགས་ནས་ཚོགས་འདུ་དང་འབྲེལ་བའི་གསུང་བཤད་གྲུབ་རྗེས། ༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་རིན་པོ་མཆོག་ནས་ཚོགས་བཅར་བ་ཡོངས་ལ་བཀའ་སློབ་བསྩལ་བསྩལ་དོན། ཐེངས་འདིའི་བགྲོ་གླེང་ཉིན་གསུམ་རིང་ཡིན་པ་དང་། དེ་ཡང་ཆུ་ཚོད་ཀྱི་ཐོག་ནས་ཞུས་ན་ཧ་ཅང་ཡུན་ཐུང་ཞིག་ཡིན་པ་ལྟ་བུ་རེད་འདུག་མོད། བགྲོ་གླེང་འདིར་ཆེད་ཕེབས་གནང་བའི་མཁས་དབང་དག་གི་གསུང་བཤད་གནང་སྐབས་གཟབ་ནན་གྱིས་ཉན་བསམ་བྱེད་དགོས་པ་གལ་ཆེན་ཡིན་པ་དང་། སྔོན་མཁས་དབང་དག་གི་མདུན་དུ་ཕར་བཅར་ནས་ཐོས་བསམ་བྱེད་དགོས་པ་ཡིན་ལ། དུས་དེ་རིང་ཁྱོད་ཚོ་སློབ་ཕྲུག་དག་གི་དོགས་གནད་སེལ་བྱེད་དུ་མཁས་དབང་ཆེད་དུ་གདན་ཞུས་བྱས་ཡོད་པས་སློབ་ཕྲུག་རང་གི་འོས་འགན་སློབ་སྦྱོང་ཐད་ནས་བགྲོ་གླེང་གི་ཆ་ཤས་ལེན་ཐུབ་པའི་རེ་སྐུལ་དང་གསུང་བཤད་སློབ་དཔོན་རྣམས་ཀྱི་བགྲོ་གླེང་བརྗོད་གཞི་གནད་ཅན་ཡིན་པའི་བཀའ་སློབ་བསྩལ་ཡོད་པ་རེད།

མཐའ་དོན་བྱ་འཕུར་དགེ་བཤེས་ཚེ་དབང་རིག་འཛིན་མཆོག་ནས་ཐུགས་རྗེ་ལེགས་གསོལ་གྱི་གཏམ་བཤད་དང་འབྲེལ་སྔ་དྲོའི་སྔོན་འགྲོའི་མཛད་རིམ་མཇུག་གྲུབ་པ་དང་།

གོང་ཚེས་ཉིན་རྒྱབ་ཆུ་ཚོད་༢/༣༠སྟེང་བོན་གྱི་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་ནས་༼བོན་ལུགས་ཐུན་མོང་མ་ཡིན་པའི་ཐ་སྙད་སྐོར།༽ཞེས་པའི་བརྗོད་གཞི་དང་འབྲེལ་ནས་གཏམ་བཤད་སྤེལ་ཡོད་པ་དང་། དེ་ཡང་སློབ་ཕྲུག་ཕོ་མོ་དག་གི་བློ་དང་འཚམས་པའི་བོན་གྱི་ཐུན་མོང་མ་ཡིན་པའི་ཐ་སྙད་སྐོར་ཅིག་ཐད་ནས་འགྲེལ་བརྗོད་བྱས་པ་དང་། དེ་ཡང་གསས་ཀྱི་ཐ་སྙད་སྐོར་དང་། གཤེན། བོན་སོགས་ཀྱི་བརྡ་ཆད་སོགས་འགྲེལ་བརྗོད་བྱས་པ་དང་། ཞང་སྐད་ཀྱི་ལྷ་དང་མི། འདུལ་ཆས་ན་བཟའ་གོས་དྲུག་དང་ཞྭ། གཞི་སྐུར་དང་ཧོས་རུ་སོགས་ཀྱི་ཐ་སྙད་བསེད་བཀྲོལ་བྱས་ཡོད་པ་རེད།

ཕྱི་དྲོ་ཆུ་ཚོད་༣/༣༠ནས་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་འགན་འཛིན་དགེ་བཤེས་བློ་བཟང་སྨོན་ལམ་ལགས་ནས་༼སྨོན་ལམ་ཚིག་མཛོད་དང་འབྲེལ་གཡུང་དྲུང་བོན་གྱི་ཐ་སྙད་རྩོམ་སྒྲིག་བྱེད་ཕྱོགས།༽ཞེས་པའི་བརྗོད་གཞི་དང་འབྲེལ་ནས་གཏམ་བཤད་དབུ་འཛུགས་མ་གནང་གོང་། ཉེ་ཆར་ཁོ་བོས་ཕུ་རིའི་ཡིག་ཚགས་ལས་ལག་སོན་བྱུང་བའི་དུས་རབས་༡༠པའི་ནང་གི་༼གཡུང་དྲུང་བོན་གྱི་བསྟན་པ་རྒྱས་པའི་སྨོན་ལམ།༽ཞེས་པའི་ཡིག་རྙིང་བ་ཞིག་བརྙན་ཡོལ་བརྒྱུད་ནས་ཚོགས་བཅར་བ་ཡོངས་ལ་ངོ་སྤྲོད་ཞུས་རྗེས། གཏམ་བཤད་བརྗོད་བྱ་དངོས་སུ་དབུ་འཛུགས་གནང་ཡོད་པ་དང་། དེ་ཡང་བརྗོད་གཞི་སྡེ་ཚན་བརྒྱད་ཀྱི་སྒོ་ནས་གཏན་འབེབས་བྱས་ཡོད་འདུག་ལ།

༡ སྨོན་ལམ་ཚིག་མཛོད་ཆེན་མོའི་སྒྲོམ་གཞི་གཏན་འབེབས།
༢ བོད་ཀྱི་ཆོས་ལུགས་གྲུབ་མཐའ་དང་འབྲེལ་བའི་མཉམ་ལས།
༣ གཡུང་དྲུང་བོན་དང་འབྲེལ་བའི་མཉམ་ལས།
༤ རྒྱལ་སྤྱིའི་རང་བཞིན་ཅན་ཡོང་སྟངས།
༥ སྨོན་ལམ་ཚིག་མཛོད་ཆེན་མོའི་མ་ཚིག་གྲངས།
༦ iosམ་ལག་ནང་བེད་སྤྱོད་གཏོང་མཁན།
༧ སྨོན་ལམ་ཚིག་མཛོད་ཆེན་མོའི་སྒྲོམ་གཞི།
༨ སྨོན་ལམ་ཚིག་མཛོད་ཆེན་མོ་བེད་སྤྱོད་གཏོང་ཕྱོགས་བཅས་བརྒྱད་ཀྱི་སྟེང་ནས་བརྗོད་གཞི་རྒྱས་བཤད་གྲུབ་རྗེས་དྲི་བ་དྲི་ལན་གྱིས་ཉིན་དང་པོའི་གཡུང་དྲུང་བོན་གྱི་སྐོར་བགྲོ་གླེང་སྐབས་༡༨པ་མཇུག་གྲུབ་པར་བྱས་སོ།

 

གཤིན་གྱི་འབྱུང་ལྡན་ ༣༠༡ བོད་ཤིང་འབྲུག་ལོའི་བོད་ཟླ་བཞི་པ།

ཕན་བདེའི་འབྱུང་གནས་རྒྱལ་བསྟན་རིན་པོ་ཆེ། ། འཛིན་སྐྱོང་སྤེལ་ལ་གཅེས་པའི་སྐྱེ་བོ་གང་། ། ཚེ་བསོད་དཔལ་གྲགས་མངའ་ཐང་རྒྱས་པ་དང་། ། མཁའ་མཉམ་འགྲོ་བའི་བདེ་ལེགས་དཔལ་འབར་ཤོག།

ཐ་ཚན་མུ་ཙུག་སྨར་རོ།

གཡུང་དྲུང་བོན་གྱི་སྐོར་བགྲོ་གླེང་སྐབས་བཅོ་བརྒྱད་པ་དངོས་སུ་དབུ་འཛུགས་གནང་བ།