གཡུང་དྲུང་བོན་གྱི་དྲྭ་རྒྱ།

སེར་སྨད་དགེ་བཤེས་བློ་བཟང་སྨོན་ལམ་མཆོག་ཧི་མ་ཅལ་མངའ་ཁོངས་༧གདན་ས་ཆེན་མོ་ ༧དཔལ་གཤེན་བསྟན་སྨན་རིའི་གླིང་གི་གཡུང་དྲུང་བོན་གྱི་ཚིག་མཛོད་རྩོམ་སྒྲིག་ཁང་དུ་རྟོག་ཞིབ་ཏུ་ཆེད་ཕེབས་གནང་བ།

དེ་ཡང་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་འདི་ལོའི་༢༠༡༩ནང་གི་ལས་རིམ་བང་བསྒྲིགས་ལྟར་ཉེ་བའི་ཟླ་བ་གཅིག་གི་སྔོན་ནས་ས་གནས་མངའ་སྡེ་འདྲ་མིན་ནང་དུ་བོད་ཀྱི་ཆོས་བརྒྱུད་རིས་མེད་ཀྱི་སྨོན་ལམ་ཚིག་མཛོད་ཆེན་མོའི་རྩོམ་སྒྲིག་ཚོགས་ཁག་ཕལ་མོ་ཆེར་བསྐོར་བསྐྱོད་རྟོག་ཞིབ་གྲུབ་སྟེ། སྤྱི་ལོ་༢༠༡༩ཟླ་བ་༠༥ཚེས་༡༨ཉིན་བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རི་གླིང་དུ་ཕེབས་ནས། འདི་ག་གཡུང་དྲུང་བོན་གྱི་ཚིག་མཛོད་རྩོམ་སྒྲིག་པ་རྣམས་དང་མཉམ་དུ་༧གཡུང་དྲུང་བོན་གྱི་དབུ་ཁྲིད་༧ཞྭ་དཀར་བསྟན་པའི་གཙུག་རྒྱན་སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་བཞི་པ་ལུང་རྟོགས་ཟླ་བ་དར་རྒྱས་མཆོག་ལ་མཇལ་བཅར་ཞུས་ནས་ཆོས་བརྒྱུད་རིས་མེད་ཀྱི་༼སྨོན་ལམ་ཚིག་མཛོད་ཆེན་མོའི་༽འདས་མ་ད་གསུམ་གྱི་གལ་ཆེན་རང་བཞིན་ཁག་སྙན་སྒྲོན་ཞུས་ཤིང་། ༧ཁྲི་འཛིན་རིན་པོ་ཆེ་མཆོག་ནས་ཀྱང་ངས་མི་ངོར་བལྟས་ནས་ཤོད་པ་མ་ཡིན་པ་ལས་གཞི་འདི་བཞིན་ཧ་ཅང་གི་གལ་ཆེན་དང་དེ་བཞིན་སྤྱི་ཚོགས་ལ་ཕན་ཐོགས་ཆེན་པོ་ཞིག་ཡོད་པ་ཚོར་གྱིན་ཡོད་ཅེས་སོགས་ཐུགས་དགྱེས་ཚོར་ཆེན་པོས་བསྔགས་བརྗོད་གནང་བ་དང་ཁྲི་འཛིན་སྐུ་གོང་མས་རྒྱབ་སྐྱོར་ཇི་ལྟར་བསྩལ་བ་བཞིན་ཁོང་གིས་ཀྱང་ཞུ་དང་ཞུ་འཆར་སོགས་ཀྱི་བཀའ་སློབ་ལམ་སྟོན་རྒྱ་ཆེར་བསྩལ་གནང་མཛད།

དེ་རྗེས་༧དཔལ་གཤེན་བསྟན་གླིང་གི་གཙུག་ལག་ཁང་ཆེན་མོར་མཆོད་མཇལ་ཞུས། ཕྱི་དྲོ་ཕྱག་ཚོད་གསུམ་པར་གཡུང་དྲུང་བོན་གྱི་དཔེ་མཛོད་ཁང་དུ་བོན་གྱི་ཚིག་མཛོད་རྩོམ་སྒྲིག་ཁང་དུ་གློག་ཀླད་ནང་དུ་མཉེན་ཆས་གསར་པ་འཇུག་སྒྲིག་དང་རྩོམ་སྒྲིག་པ་རྣམས་ལ་མཉེན་ཆས་གསར་པ་ལག་ལེན་བྱེད་ཕྱོགས་ལམ་སྟོན་དང་ཆོས་བརྒྱུད་གཞན་པའི་རྩོམ་སྒྲིག་ཁང་ཁག་གཅིག་གི་ཕྱག་ལས་དང་གྲུབ་འབྲས་རྩེར་ཕྱིན་དག་ལ་རྒྱུས་ལོན་གྱིས་གོ་བསྡུར་གནང་།

ཕྱི་ཚེས་༡༩ཉིན་ཞོགས་པ་ཕྱག་ཚོད་༠༨པའི་ཐོག་ཏུ་༧དབུས་གཡུང་དྲུང་བོན་འཛིན་སྐྱོང་ཚོགས་པ་དང་བོན་གྱི་ཚིག་མཛོད་རྩོམ་སྒྲིག་ཁང་གཉིས་ཟུང་འབྲེལ་གྱིས་གོ་སྒྲིག་འོག ༧དབུས་གཡུང་དྲུང་བོན་འཛིན་སྐྱོང་ཚོགས་པའི་ལས་ཁུངས་ཀྱི་ཚོགས་ཁང་དུ་༧ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་བཞི་པ་རིན་པོ་ཆེ་དབུས་པའི་སྨན་རིའི་བཤད་སྒྲུབ་མཁན་པོ་དགེ་བཤེས་ཉི་མ་དོན་འགྲུབ་རིན་པོ་ཆེ་དང་བཙུན་དགོན་རདྣ་སྨན་གླིང་གི་མཚན་ཉིད་མཁན་པོ་ལུང་ཚང་དགེ་བཤེས་བསྟན་འཛིན་ཀུན་ཁྱབ་རིན་པོ་ཆེ། བོན་སྤྱི་དགེ་བཤེས་སྨོན་ལམ་མཐར་ཕྱིན་མཆོག སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་འགན་འཛིན་སེར་སྨད་དགེ་བཤེས་བློ་བཟང་སྨོན་ལམ་༧གདན་ས་སྨན་རིའི་གླིང་གི་དགེ་བའི་བཤེས་གཉེན་རྣམ་པ། སྨན་རིའི་གྲྭ་ཚང་གི་གཉེར་པ། སྨན་རི་ཚང་གི་གཉེར་པ། བཤད་སྒྲུབ་འདུས་སྡེའི་ཚོགས་གཙོ། གསང་སྔགས་སྒོམ་སྒྲུབ་གླིང་གི་གཉེར་པ། བོན་ཕྲུག་བདེ་དོན་ཁང་གི་འགན་འཛིན། གསོ་རིག་འབུམ་བཞིའི་མཐོ་སློབ་ཁང་གི་འགན་འཛིན། གཡུང་དྲུང་བོན་གྱི་དཔེ་མཛོད་ཁང་གི་འགན་འཛིན། ས་གནས་གཡུང་དྲུང་བོན་གྱི་ཚིག་མཛོད་རྩོམ་སྒྲིག་ཚན་ཆུང་བཅས་ལྷན་འཛོམས་ཐོག་༧དབུས་གཡུང་དྲུང་བོན་འཛིན་སྐྱོང་ཚོགས་པའི་དྲུང་ཆེ་དགེ་བཤེས་ཚེ་དབང་དངོས་གྲུབ་ལགས་ཀྱིས་ཚོགས་འདུ་གཙོ་སྐྱོང་གནང་སྟེ།

ཐོག་མར་གཡུང་དྲུང་བོན་གྱི་ཚིག་མཛོད་རྩོམ་སྒྲིག་ཁང་གི་འགན་འཛིན་སྨན་རིའི་དགེ་བཤེས་གཡུང་དྲུང་ཡོན་ཏན་ལགས་ནས་གཡུང་དྲུང་བོན་གྱི་ཚིག་མཛོད་རྩོམ་སྒྲིག་ཁང་འདི་བཞིན་ཐོག་མར་གདན་ས་འདིར་དབུ་འཛུགས་ཀྱི་བྱུང་རིམ་དང་། དེ་ནས་ད་བར་ལོ་ངོ་དྲུག་གི་རྩོམ་སྒྲིག་གི་ལས་ཀ་གནང་ཕྱོགས། ད་ཡོད་གྲུབ་འབྲས་ཀྱི་ཐ་སྙད་རྩོམ་སྒྲིག་གི་ལས་བསྡོམས་བཅས་ཀྱི་སྐོར་སྙན་སྒྲོན་ཞུས། དེ་རྗེས་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་འགན་འཛིན་སེར་སྨད་དགེ་བཤེས་བློ་བཟང་སྨོན་ལམ་མཆོག་ནས་སྨོན་ལམ་ཚིག་མཛོད་ཆེན་མོའི་ལས་གཞི་ངོ་སྤྲོད་དང་མ་འོངས་ལས་དོན་བྱེད་ཕྱོགས། ས་གནས་གཡུང་དྲུང་བོན་གྱི་ཐ་སྙད་རྩོམ་སྒྲིག་པ་རྣམས་ལ་༧གདན་ས་སྨན་རིའི་གླིང་གི་འབྲེལ་ཡོད་ལས་སྣེ་ཡོངས་དང་དགེ་བའི་བཤེས་གཉེན་རྣམ་པས་ཕྱར་གྲུ་མཉམ་འདེགས་ལྟར་སྔར་ལྷག་རྒྱབ་སྐྱོར་ཤུགས་ཆེར་གནང་དགོས་ཀྱི་སྐོར་ལ་གཏམ་བཤད་སྤེལ་གནང་། དེ་རྗེས་བོན་སྤྱི་སྨན་རིའི་དགེ་བཤེས་སྨོན་ལམ་མཐར་ཕྱིན་མཆོག་ནས་ཁོང་གིས་སྨོན་ལམ་ཚིག་མཛོད་ཀྱི་ནང་དུ་བོན་གྱི་ཐ་སྙད་རྩོམ་སྒྲིག་འདི་བཞིན་འབྱུང་བའི་ཐོག་མར་འབྲེལ་མཐུད་གནང་བ་མ་ཟད། ཐེངས་དང་པོའི་ཆོས་བརྒྱུད་རིས་མེད་ཀྱི་རྩོམ་སྒྲིག་མི་སྣ་འདུ་འཛོམས་དང་མཉམ་ཞུགས་ཞུས་སྐོར་སོགས་ནས་གཏམ་བཤད་གནང་།

དེ་ནས་༧ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་རྒྱལ་བ་སྨན་རི་བ་མཆོག་ནས་གཡུང་དྲུང་བོན་གྱི་ཚིག་མཛོད་རྩོམ་སྒྲིག་པ་རྣམ་པས་བོན་གྱི་ཐ་སྙད་རྩོམ་སྒྲིག་གི་ལས་གཞི་འདི་མཐར་ཕྱིན་པར་བྱ་དགོས་སྐོར་ཀྱི་བཀའ་གསུང་ནན་ཕེབས་དང་། སྨོན་ལམ་བརྡ་འཕྲིན་ཞིབ་འཇུག་ཁང་གི་འགན་འཛིན་དགེ་བཤེས་བློ་བཟང་སྨོན་ལམ་མཆོག་ལ་བོད་ཀྱི་རིག་གནས་དང་འབྲེལ་བའི་བོད་ཡིག་སོགས་ཀྱི་མཉེན་ཆས་སྤྱི་དང་ལྷག་པར་དུ་ཚིག་མཛོད་ཀྱི་ལས་གཞི་ཆེན་མོ་འདི་བཞིན་དེང་གི་མཉེན་ཆས་ནང་དུ་གསར་གཏོད་དང་འགྲེམས་སྤེལ་གནང་བ་ལ་ཐུགས་དགྱེས་པ་ཆེན་པོས་གཟེངས་བསྟོད་ཀྱི་ཚུལ་དུ་༧གོང་ས་སྐྱབས་མགོན་རྒྱལ་བའི་དབང་པོའི་སྐུ་ཐང་བྱིན་ཅན་ཞིག་དང་མགུལ་དར་བཅས་གསོལ་བསྩལ་གནང་ཞིང་། མཐའ་དོན་དུ་༧དབུས་གཡུང་དྲུང་བོན་འཛིན་སྐྱོང་ཚོགས་པའི་དྲུང་ཆེ་སྨན་རིའི་དགེ་བཤེས་ཚེ་དབང་དངོས་གྲུབ་ལགས་ནས་སེར་སྨད་དགེ་བཤེས་བློ་བཟང་སྨོན་ལམ་མཆོག་ལ་༧གདན་ས་འདིར་ཆེད་ཕེབས་གནང་སྟེ་སྨོན་ལམ་ཚིག་མཛོད་ཆེན་མོ་དང་འབྲེལ་བའི་གལ་ཆེན་རང་བཞིན་ཅན་གྱི་གཏམ་བཤད་སྤེལ་གནང་བ་ལ་བསྔགས་བརྗོད་དང་བཀའ་དྲིན་ཆེ་ཞུ་བཅས་ཀྱིས་ཚོགས་འདུ་མཇུག་བསྡུས་སོ། །ཕྱི་དྲོར་གཡུང་དྲུང་བོན་གྱི་སྐོར་བགྲོ་གླེང་སྐབས་བཅོ་བརྒྱད་པའི་ཚོགས་ཐོག་ཏུ་<<སྨོན་ལམ་ཚིག་མཛོད་ཆེན་མོ་དང་འབྲེལ་བའི་གཡུང་དྲུང་བོན་གྱི་ཐ་སྙད་རྩོམ་སྒྲིག་བྱེད་ཕྱོགས་>>ཞེས་པའི་ཁ་བྱང་ཐོག་ནས་གཏམ་བཤད་དང་དྲི་བར་དྲིས་ལན་རྒྱ་ཆེར་བསྐྱངས་གནང་བའོ།།

༧གསང་གསུམ་བོན་གྱི་མཛོད་འཛིན་༧སྐྱབས་རྗེ་སྨན་རིའི་དཔོོན་སློབ་ཡང་སྟོན་ཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་ཕྱོགས་ཕེབས་ནས་དགོང་དྲོར་རང་དགོན་དུ་ཞབས་སོར་འཁོད་པ་བསྟུན་མཇལ་བཅར་ཞུས་ཤིང་། སྤྱིར་སྨོན་ལམ་ཚིག་མཛོད་ཆེན་མོའི་གལ་ཆེའི་རང་བཞིན་དང་། ནང་གསེས་གཡུང་དྲུང་བོན་གྱི་ཐ་སྙད་རྩོམ་སྒྲིག་སྐོར་ནས་སྙན་སྒྲོན་དང་བཀའ་སློབ་ལམ་སྟོན་ཞུས། ༧སྐྱབས་རྗེ་དཔོན་སློབ་རིན་པོ་ཆེ་མཆོག་ནས་ཀྱང་དྲ་བ་ནག་པོའི་རྒྱུད་གཞུང་ནང་ཞང་ཞུང་སྨར་ཡིག་མང་པོ་སྔར་ཡོད་མ་བསྒྱུར་བ་རང་སོར་བཞུགས་ཚུལ་མཚམས་སྦྱོར་ངོ་སྤྲོད་མཛད་ཅིང་། ༧གདན་ས་སྨན་རིའི་གླིང་དུ་ཆེད་བཅར་གནང་བ་བཅས་ལ་ཐུགས་མཉེས་ཆེན་པོར་མཛད་པ་བཅས་ཀྱི་གནས་འཕྲིན་ཙམ་མོ། །

 

ས་གནས་གཡུང་དྲུང་བོན་གྱི་ཚིག་མཛོད་རྩོམ་སྒྲིག་ཁང་ནས་སྤྱི་ལོ་༢༠༡༩།༠༥།༢༠ཉིན་ལ།